ངེས་པོ་རྒྱལ་མཚན།
རྒྱ་ནག་དམར་པོས་བོད་ཀྱི་དངོས་ཡོད་ཀྱི་གནད་སྟངས་དང་། མི་འཚམས་པར་སྔར་གྱི་སྲོལ་རྒྱུན་ལས་འདས་ཏེ་མུ་མཐའ་མེད་པའི་སྤང་ལྗོངས་ལ་ ལྕགས་ཀྱི་རྭ་བ་བསྐོར་ནས་རང་རིགས་སྤུན་ཟླ་ཕན་ཚུན་འཁྲུག་རྩོད་སློང་བ། གདོད་མའི་ཤིང་ནགས་ཚད་མེད་གཅོད་པ། རྡུལ་ཕྲན་མཚོན་ཆའི་ དུག་རྫས་སོགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བ། དུས་རབས་ཉི་ཉེར་གཅིག་ནང་ད་དུང་གྲོང་གསེབ་ཀྱི་ནང་ལ་ཤེས་ཡོན་དང་འཕྲོད་བསྟེན་སྔར་ བཞིན་ཉམ་ཐག་པར་གནས་པ། མི་འབོར་སྤོ་ཤུགས་ཀྱིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་གྲངས་ཉུང་མི་རིགས་བཟོ་བ། རྒྱ་ཆེའི་ཞིང་འབྲོག་མི་མང་ལ་ འབྲུ་ཁྲལ་དང་མར་ཁྲལ་སོགས་བཙན་གཤེད་ཆེན་པོས་སྡུ་ལེན་བྱས་པ། ཤེས་འཇོན་གཉིས་ལྡན་གྱི་བོད་ཞེན་ཅན་རྣམས་འབུར་འཇོམས་གཏོང་བ། བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་དང་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ་རྩ་མེད་ བཟོ་ཐབས་བྱས་པ།བོད་མིར་མི་རྒྱུ་ཟོག་གསུམ་གྱི་གནོན་ཤུགས་མུ་མཐུད་སྤྲད་དེ་ཆབ་སྲིད་ཀྱི་བཙོན་ཟུར་རྣམས་སྤྱི་ཚོགས་སྟེང་གྲོགས་མེད་ཁེར་ རྐྱང་དུ་འཇོག་ཐབས་བྱས་པ། མི་རིགས་རིང་ལུགས་ཀྱི་བསམ་བློའི་གདུག་རྩུབ་འོག བོད་མི་རྣམས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ངན་པ་རབ་དང་རིམ་པ་ བཏིང་བ། བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་སྤྱི་ནོར་༸གོང་ས༸སྐྱབས་མགོན་པོར་སྒྲོ་སྐུར་སྣ་ཚོགས་དང་། ༸ཀུན་གཟིགས་༸པཎ་ཆེན་ མཆོག་སྤྲུལ་རིན་པོ་ཆེ་ལ་སོགས་པ་བཙོན་དུ་བཅུག་པ་མ་ཟད་བོད་ཡུལ་ཆོས་ལྡན་ཞིང་ཁམས་དེ། དེ་སྔ་ཆེས་ཀློ་ཀློ། ཆེས་གདུག་རྩུབ། ཆེས་མུན་ནག་དང། ད་ཆ་གུང་ཁྲན་ཏང་གིས་བཅིངས་གྲོལ་བཏང་སྟེ་འགྱུར་ལྡོག་གསར་པ། རྣམ་པ་གསར་པ། འཚོ་བ་གསར་པ། རྒྱ་ཆེའི་ཞིང་བྲན་ ཁྲི་ཚོ་མང་པོར་བདེ་སྐྱིད་བསྐྲུན་ཡོད་ཅེས་དང། ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་གངས་ཅན་ཞིང་དེ་རྒྱ་དམར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ ཡིན་པའི་ལོག་གཏམ་རི་བོ་ཙམ་སྤེལ་བས །ཕ་རུས་དཀར་པོ་སྙིང་ལ་བཅངས་ཏེ་རིགས་ཞེན་ལང་ཚོ་རྒྱས་པའི་སྟོད་ཉི་མ་ལྷ་སའི་གངས་ཕྲུག་ཚོས་ སྤྱི་ལོ་ ༡༩༨༧ ལོ་ནས་མགོ་བཙུགས་ཏེ་དགྱ་དམར་ཀླ་ཀློའི་འཁྱོག་བརྗོད་དང་རྫུན་བཟོའི་གཉན་འབུར་དེ་དག་ལ་འཚེ་མེད་ཞི་བའི་དྲང་བདེན་གྱི་ སྤུ་གྲིས་གཏོལ་ཏེ། བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་དམར་བོད་ནས་ མཐར་སྤྲོད་གཏོང་དགོས་ཞེས་འབོད་ཚིག་བསྒྲགས་པ་དང། སྤྱི་ལོ་ ༢༠༠༨ ལོར་བོད་ཆོལ་གསུམ་གྱི་གངས་ཕྲུག་ཚོས་རྒྱ་དམར་གྱིས་མི་རིགས་ དབྱེ་འབྱེད་ཀྱི་ལྟ་བ་དང་དྲང་བདེན་མིན་པའི་སྲིད་ཇུས། དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སོགས་སྤེལ་བ་དེ་དག་ལ། ངོ་རྒོལ་གྱིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་གདན་དྲང་དགོས །ཆོས་དད་རང་དབང་སོགས་དགོས་ཞེས་བརྗོད་པས་ ཤ་ཁྲག་རུས་གསུམ་ལ་རྔམ་པའི་གུང་ཁྲན་ཏང་གིས་ཤན་པ་ལག་དམར་བས། ལག་ཏུ་མཚོན་ཆ་ཁབ་ཙམ་ཡང་ཐོགས་མེད་པའི་ཞི་བའི་ངོ་རྒོལ་བའི་ སྟེང་བྱ་རྒོད་ཤ་ལ་ཆགས་པ་ཇི་བཞིན་མཆོངས་ནས་སྤུན་ཟླ་རྒྱ་ཕྲག་ཁ་ཤས་དེང་དུས་མཚོན་ཆས་དམར་གསོད། སྟོང་ཕྲག་འགའ་ཤས་རྨས་སྐྱོན། དེ་ལས་མང་བ་དྲག་གནོན་དང་བཙན་ཤེད་ཀྱི་མུན་པའི་བཙོན་ཁང་དུ་བཅུག དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་ཀླ་ཀློའི་དམག་དཔུང་གིས། ཞི་བའི་མི་སེར་རྣམས་ལ་མུ་མཐུད་དེ་དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་གཏོང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་གཏོང་བ། རྐང་ལག་གཅོག་པ། ཐེམ་རེ་མི་རེའི་མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་ནས། ནང་དུ་ལྟོགས་ཤི་ ཐེབས་སུ་བཅུག་པ་སོགས་བྱུང་ཡོད། སྤྱི་ལོ་ ༢༠༡༡ ལོར་བོད་ཤར་ཕྱོགས་ཀྱི་རང་རིགས་སྤུན་ཟླ་ཚོས་དགྱ་དམར་གྱིས་དྲང་བདེན་མིན་པའི་ ཁྲིམས་འཁྱོག་ལ་འ་ཆད་འུ་ཐུག་གི་རྙེད་པར་དཀའ་བའི་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་འདིས་ཡང་བོད་མི་རིགས་ཡ་ངའི་ གནས་སྟངས་འདི་ལས་སྐྱོབས་ཆེད་མཆོད་མེར་བསྒྲོན་ཡོད། དེ་དག་རིག་འཚོ་ཟིན་པ་སུ་ཞིག་གིས་ཀྱང་། ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ འདར་དགོས་པའི་གནས་ས་གྱར་ཡོད། དུས་རབས་ཉེར་གཅིག་གི་ནང་མཐོ་སྒང་ཁ་བའི་ཞིང་འདི་གཡུལ་ས་ལྟ་བུ་གང་སར་མི་རོ་དང་ཁྲག་རལ་གྱིས་ ཁེངས་པའི་འཛམ་གླིང་གི་ཡ་ང་བའི་བཙོན་ཁང་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
ལེགས་པར་བྲིས་པ་མི་གོ་བ་ཞིག་མི་འདུག་ཐུགས་རྗེ་ཆེ། ཀློ་ཀློ། ཞེ་པར་ཉིན་ཁ་ཤས་སྔོན་དུ། བདག་གིས་ཀླ་ཀློ་ལ་ཀློ་ཀློ་ཞེས་བྲིས་པ་དྲྭ་གྲོགས་ཁ་ཤས་ཀྱིས་སྐྱོན་བརྗོད་མཛད་པར་ཐུགས་མད་དགོངས་དག་ཅེས་ཞུས་སོ།
ལ་དྭགས་བློ་འཇམ་ལགས་དགོངས་ཚུལ་གནང་བར་ཐུགས་རྗེ། ཀླ་ཀློ་རེད་མ་གཏོགས་ཀློ་ཀློ་མ་རེད་དགོངས་དག་ན་རོ་ཞིག་འཐོར་བ་ཤོར་འདུག