ངས་པོ་རྒྱལ་མཚན།
སྔོན་བྱུང་ཞི་བའི་ཁམས་སུ་རང་དབང་དཔལ།།
མ་བཅོས་ལྷུན་གྲུབ་རང་བཞིན་གཏེར་གྱི་མཛོད།།
གློ་བུར་དུད་རབས་ཉི་ཤུའི་སྲིབ་ཀ་ནས།།
ཀླ་ཀློའི་གདུང་རྩུབ་ཅིག་གིས་རྩད་ནས་གཏོར།།
འགྲན་བྲལ་མེས་པོའི་ཐུགས་མཚོའི་ལྟེ་བ་ལས།།
ལེགས་འཁྲུངས་ནང་རིག་རིན་ཆེན་ནོར་བུའི་ཕུང།།
མེ་ཆུའི་སྦྱོར་བ་བཙན་པོས་བརླགས་བྱས་ཏེ།།
དབེན་གནས་ཞི་གྲོང་ཁྲག་མཚོའི་གླིང་དུ་བསྒྱུར།།
ཁྲི་ཚོ་ཐགས་བྲལ་རབས་མེད་ཆུ་ནང་བརྫངས།།
ཁྲི་ཚོ་རྡུང་རྡེག་དྲག་པོས་ཚེ་སྲོག་འཕྲོག།།
ཁྲི་མཚོ་བརྩེ་མེད་མཚོན་ཆས་སྲོག་དབང་བཅད།།
ཁྲི་ཚོ་བཀྲེས་ལྟོགས་མུ་གེའི་ཐང་དུ་བསྐྱུར།།
བག་ཡོད་ཞེ་བདེའི་གནས་མཆོག་ལྷ་ལྡན་ཞིང།།
རེ་ཞིག་སྐུ་རྟེན་བཤིགས་རོའི་དུར་ས་ལྟར།།
བསད་པའི་མི་རོས་དམྱལ་བར་འགྲན་པ་དེ།།
འཇིགས་རུང་སྲིན་པོའི་གྲོང་དང་གཅིག་ཏུ་སྣང།།
ཡབ་མེས་གཅེས་སྲོག་བཙན་པོས་འཕྲོགས་པ་དང།།
ངོ་མཚར་རིག་གཞུང་ཕྱག་དར་ཕྲོད་དུ་འཕངས།།
༸རྒྱལ་པཎ་ཡབ་སྲས་ཁྲག་བཞིན་དཀྲུགས་པ་འདིས།།
མི་བཟོད་སྙིང་གི་རྨ་ཁའི་དན་རྟག་ཅིག།།
ལྷག་པར་ཉེར་གཅིག་དུས་ཀྱི་མཁའ་དབྱིངས་སུ།།
འདྲེ་སྲིན་གདུག་པའི་དཔུང་ཚོགས་དམར་པོ་ཡིས།།
ཕྱི་ཕྱོགས་སྒོ་མོ་ཕྱེ་བའི་ཁ་གཡང་ཁྲོད།།
དྲང་བདེན་སྐྱོང་བའི་འདྲེན་བྱེད་རྨོངས་པར་འབད།།
གསོན་འདྲེ་དམར་པོ་དར་བའི་གནས་སྐབས་སུ།།
ཤ་དང་ཁྲག་ལ་རྔམ་པའི་འབྱུང་ཚོགས་ཀྱིས།།
གསར་འགྱུར་སྣ་ཚོགས་འབྲུག་སྒྲར་ཟློ་མོད་ཀྱང།།
གངས་ལྗོངས་རྒུད་པའི་ལྟས་ངན་ཉིད་དུ་ངེས།།
གཡོ་དང་སྒྱུ་མར་བྱང་བའི་དཔུང་ཚོགས་ཀྱིས།།
བོད་རྒྱ་ཕ་མ་གཅིག་གི་བུ་ཕྲུག་ཅེས།།
ལོག་བཤད་སྣ་ཚོགས་སྤེལ་བའི་ཐལ་རླུང་གིས།།
གངས་ཕྲུག་གཞོན་བུའི་འདྲེན་འབྱེད་རབ་རིབ་བྱེད།།
ཆིག་དགུ་གྱ་བདུན་དབྱར་ཟླའི་ཉེར་བདུན་ཉིན།།
རང་གི་རིགས་ལ་དུངས་བའི་འབྲས་གྲྭ་ཡིས།།
བསིལ་ལྡན་བོད་མིའི་བཟོད་དཀའི་གདུང་བ་ལས།།
སྐྱོབ་ཆེད་ཞི་བའི་གདུང་དབྱངས་ཐོག་མར་བསྒྲགས།།
གཤིན་རྗེའི་ལས་མཁན་ལྟ་བུའི་ཉེན་རྟོག་པས།།
བརྩེ་བྲལ་རྡུང་རྡེག་རྩུབ་མོའི་དྲག་ཆར་གྱིས།།
བསད་རྨས་ཁྲག་མཚོའི་རྦ་རླབས་རབ་གཡོས་ཤིང།།
དཔའ་བོའི་ཁྱུ་ཚོགས་མུན་པའི་བཙོན་དུ་བརྫངས།།
ཕ་གཞིས་དྲོན་མོར་ཞེན་པའི་ཞི་རྒོལ་བར།།
ཁྲག་དྲོན་ས་ལ་འཆོར་བའི་རྡུང་རྡེག་དང།།
གཅིག་བསྡུས་སྲིན་པོ་དམར་པོའི་ཁྲིམས་འཁྱོག་དེས།།
གངས་ཅན་པ་ཡིས་སྙིང་རྩ་སླར་ཡང་དཀྲུགས།།
སླར་ཡང་གྱ་བདུན་བཅུ་པའི་ཚེས་གཅིག་ཉིན།།
གངས་ཅན་རིག་པའི་ལྟེ་གནས་སེ་ར་ཡི།།
དཔའ་བོ་ལྗ་བཅུའི་བདེན་གཏམ་ང་རོ་ལ།།
ཀླ་ཀློ་འདར་ནས་ཞེ་འཁོན་མེ་ལྕེ་འབར།།
དེ་ཚེ་ཞི་རྒོལ་བ་ཡི་བྲང་དམར་ཡང།།
མེ་མདའི་སོ་ཁའི་དོ་ཟླར་གྱུར་བ་དང།།
ཟུངས་ཁྲག་དམར་པོ་ས་ལ་འཕོས་གྱུར་བས།།
བཟོད་དཀའི་གདུང་བ་གནམ་སའི་མཐའ་ལ་གྲགས།།
རྒྱལ་གཅེས་ལ་རྒྱས་་རང་བཙན་དར་ཆ་འཆར།།
བདུད་དཔུང་དྲག་ཏུ་ཁྲོས་ཏེ་ལྷན་འཐབ་པས།།
རླངས་འཁོར་བསྲེགས་པའི་ལང་ལོང་མེ་ལྕེའི་ཁྲོས།།
དཔའ་བོའོ་ཚེ་སྲོག་སྐྱོབ་པའི་ཐབས་ལམ་བརྩལ།།
ཆིག་དགུ་གྱ་དགུའི་ཆོ་འཕྲུལ་ཟླ་བའི་ནང།།
དགེ་ལུགས་མ་མགོན་དགེ་ལྡན་བཙུན་པ་ཡིས།།
བསིལ་ལྡན་ལྗོངས་ཀྱི་བཟོད་དཀའི་གདུང་བ་དང།།
བདེན་པའི་ལོ་རྒྱུས་ཞི་བའི་དབྱངས་ལ་བཀུག།།
ཞུམ་མེད་སྙིང་སྟོབས་བདེན་པའི་ཁུ་མཚུར་དང།།
གཡོ་མེད་གཏམ་གྱི་གདུང་དབྱངས་དྲག་པོ་དེས།།
ངན་དགུའི་རྨི་ལམ་སྒོམ་པའི་བདུད་ཀྱི་སྡེར།།
ཡིད་ལ་བཟོད་དཀའི་མེ་དཔུང་ཅི་ཡང་འབར།།
དཀར་ནག་ལས་བྲས་རྙོགས་ཤིང་ཚུལ་མིན་ལས།།
སྤྱོད་ལ་དགའ་བའི་རྒྱ་དམར་སྲིད་གཞུང་ནས།།
ཉམ་ཆུང་བོད་མིར་སྤྲད་པའི་དྲག་རྩུབ་འོག།།
ཁྲག་གིས་མིག་ཆུས་གངས་ལྗོངས་བརླན་པར་བྱས།།
སྲིན་པོའི་ཕོ་ཉས་རིགས་ཞེན་གངས་ཕྲུག་ཚོ།།
མུན་པའི་བཙོན་དུ་བཙན་འཁྲིད་བྱེད་པའི་སྐབས།།
དབྱུག་དང་མེ་མདའ་རྒྱལ་བྱེད་གློག་སྤྱད་དེ།།
འཇིགས་རུང་མེ་འབར་དམྱལ་བའི་བྲན་དུ་བཀོད།།
བདེན་རྫུན་མགོ་བོ་ལྡོག་པའི་ཐག་གཅོད་ལ།།
རྐང་ལག་གཉིས་ཀར་ལྕགས་སྒྲོག་དམ་པོར་བཅིངས།།
ལྷོད་དལ་སྐར་ཆ་བྱེད་ལ་མི་བཟོད་པར།།
ཆོམ་རྐུན་བདུད་ཀྱིས་ངལ་བ་སྣ་ཚོགས་སྤྲད།།
ལྔ་པའི་ཚེ་བཞི་བཅུ་པའི་ཚེས་གཅིག་སོགས།།
སྲིན་བུ་དམར་པོ་རིང་ལུགས་ལེགས་དར་ལ།།
ཅུང་ཟད་ཡིད་འདོདའཛུམ་གྱི་གདངས་བྲལ་ཚེ།།
དད་ལྡན་ལུས་རྟེན་ཁྱི་ལ་སྦྱིན་པ་བཏང།།
རིགས་ཞེན་ལས་ཚོ་རྒྱས་པའི་དཔའ་མོ་ཚོའི།།
དཀར་འཇམ་ལུག་ཀྱི་གྱོན་སྲིབ་བཤུས་ཏེ།།
བཙུན་མའི་དང་གཙང་མཚན་མར་གློག་འཛུགས་སོགས།།
དབང་ཤུགས་དྲག་པོས་འདོད་རྩེད་སྣ་ཚོགས་སྤྱད།།
ལ་ལ་འཁྱག་པའི་སྟེང་ལ་ཡུན་རིང་བསླངས།།
ལ་ལ་མུན་པའི་ཁུང་བུར་ཟླ་མཐུད་བཅུགས།།
ལ་ལ་དྲག་པོའི་མཚོན་ཆས་སྲོག་དབང་འཕྲོག།།
ལ་ལ་གཤིན་རྗེའི་གྲོང་ཁྱེར་གནས་སུ་བཀོད།།
ཆིག་དགུ་གོ་བརྒྱད་ལྔ་པའི་ཚེས་གཅིག་ལ།།
དམར་པོའི་དར་ཆ་མཁར་འཕྱར་མཛད་སྒོའི་སྐབས།།
བདེན་གཏན་སེང་གེའི་ང་ངོའི་རང་བཙན་ཞེས།།
སྒྲོག་པས་ཀླ་ཀློའི་གདུག་རྩུབ་སྙིང་རྩ་ཕར།།
དཔའ་བོ་དཔའ་མོའི་སྨྲེ་ངག་ངུ་འབོད་ཀྱིས།།
ལྷ་གཅིག་ཕྱག་ན་པད་མོ་ཡབ་སྲས་དང།།
གངས་སེང་རྟགས་ཅན་དྲན་པའི་གདུང་དབྱངས་གླུ།།
ཞུམ་མེད་བདེན་པའི་སྟོགས་དང་སྡེབས་ཏེ་བླངས།།
འདྲེ་སྲིན་ཕོ་ཉས་བཙོན་པའི་ཚེ་སྲོག་འཕྲོག།།
ཀླ་ཀློའི་གདུག་རྩུབ་སྦས་པའི་ཐབས་ལམ་དུ།།
རིགས་ཞེན་དཔའ་བོའི་སྐུ་ཕུང་ཕྱིར་མི་བཏོན།།
རྒྱལ་གཅེས་སྤུན་ཟླར་ཟླ་དྲུག་ཐུག་ཕྲད་བཀག།།
བདེན་པའི་རྒྱལ་རབས་ཡོད་ཀྱང་བརྗོད་དབང་བྲལ།།
བདེན་པའི་ཆིངས་ཡིག་ཡོད་ཀྱང་མཁས་ལེན་བྲལ།།
བདེན་པའི་སྐད་ཡིག་སྤྱོད་སྒོ་བྲལ་ན་ཡང།།
བདེེན་པའི་རང་བཙན་སླར་གསོའི་དམ་བཅའ་བརྟན།།
འདི་ལྟར་བདག་གིས་བདེན་དོན་སྨྲ་བ་ཡིས།།
གངས་ཅན་པ་ཡི་ཡ་ངའི་གནས་སྟངས་དག།།
གང་ནུས་ཚིག་ཏུ་བཏབ་པའི་གཟུགས་བརྙན་འདིས།།
བདེན་པའི་དཔང་པོ་རྙེད་པའི་རྒྱུར་གྱུར་ཤོག།།
དག་ཆ་ལས་ཨང་ ༢༥ དོར། ཧ་ཧ་ཧ་ཧ། ཡག་པོ་འདུག