ཀླུ་སྨྱོན།
མུན་ནག
(ཐོལ་བྱུང་སྙན་ངག་འགའ)
མུན་ནག་ནང་།
སྙན་ངག་འབྲི་ཞོར་ཅི་ཞིག་ལ་ལྕེ་ལྡག་ཅིག་བྱས།
དེ་ནི་འཁྱག་པའི་གོང་བུ་ཞིག་རེད།
སྒྲོན་མེ་སྤར་ཏེ་བལྟས་པ་ན།
དེ་ནི་གནམ་ནས་ལྷུང་བའི་ཁ་བ་རྡོག་གཅིག་རེད།
***
དགོང་དྲོའི་འཆར་སྣང་།
ཕྱི་དྲོའི་ཉི་འོད་ལྗོན་ཤིང་གི་ལོ་འདབ་སྟེང་ལྷུང་དུས།
ཚང་མལ་སྙེག་པའི་བྱ་ཁྱུ་དེར་ལྟ་ཞོར།
རང་ཉིད་ལ་ཡང་མཐའ་མཇུག་གི་གནས་མལ་དྲོན་པོ་ཞིག་ཡོད་ན་ཨང་སྙམ།
***
སྒེའུ་ཁུང་།
ཞོགས་པ་རེ་རེར།
སྒེའུ་ཁུང་གིས་བསིལ་རླུང་ཞིག་ནང་དུ་དྲངས་ཡོང་།
དེ་ནི་རྨི་ལམ་ངན་པ་ཞིག་གཙང་འཕྱག་བྱེད་པ་དང་འདྲ།
***
སྒོམ།
སྟོན་པ་ཤྰཀྱ་ཐུབ་པས།
ལོ་དྲུག་དཀའ་བ་སྤྱད་ནས་སངས་རྒྱས་ཟིན།
ཉོན་མོངས་པ་བདག་གིས།
ཆུ་ཚོད་ཕྱེད་ཀར་སྒོམ་སྒྲུབ་བྱས་ནས་ཐང་ཆད།
***
ཡ་ཡ་ཡ།
བུ་མོ་དེས།
ཕྱི་མིག་དང་བཅས་དྲན་ཤིང་ཞིག་བཞག་བྱུང་།
ཡ་ཡ་ཡ་
སྐྱེ་བ་རྗེས་མར་མཇལ་བའི་སྨོན་ལམ།
***
ལོ་ཟླ།
དུར་ཁྲོད་དེ་བརྒྱུད་ནས་སྐྱོད་དུས།
འདི་ན་ཉལ་བའི་གཤིན་པོ་དེ་ཚོ།
ངའི་སྐྱེ་བ་མང་པོའི་འདྲ་གཟུགས་ཡིན་སྲིད།
ངའི་ཚེ་རབས་དུ་མའི་རུས་པ་ཡིན་སྲིད།
***
ལྷ་མོ་དབྱངས་ཅན།
སྐྱེས་ས་བལ་ཡུལ་རེད།
རྫོགས་པ་ཆེན་པོའི་ཕ་མཐའ་ནས།
འོད་དུ་འབར་བའི་འཛུམ་མདངས་ཤིག
རྒྱ་མཚོའི་ཕར་ཕྱོགས་ནས་བརྐྱངས་བྱུང་།m
ཐ་ན་བདག་གི་རྨི་ལམ་དུའང་།
***
སྐད་ཅིག་མ།
གྲངས་ཀ་ཧ་ཅང་མང་པོ་ཞིག
དུས་ཚོད་ཧ་ཅང་རིང་པོ་ཞིག
སྐད་ཅིག་མ་ཟེར་བའི་སྒྱུ་འཕྲུལ་འདིས་བཞེངས་འདུག
སྐད་ཅིག་མ་ཞེས་པའི་པུར་སྨྱུག་འདིས་བྲིས་འདུག
***
ཁོ་རི་ཡའི་གློག་བརྙན །
གློག་བརྙན་འདི་རིགས་ལ།
ཐུན་མིན་གྱི་ནུས་ཤུགས་ཤིག་ལྡན་པས།
ྦབལྟས་ཀྱིན་བལྟས་ཀྱིན་མིག་ཆུ་བཞུར།
བལྟས་ཀྱིན་བལྟས་ཀྱིན་ཆགས་པ་འབར།
མིག་ཆུ་བཞུར་ཞོར་དུ་ཆགས་པ་ཞིག འཇིག་རྟེན་པའི་ལས་དོན་དམ་པ་དེར་མ་ཞུགས་ན་གྲྭ་རྐྱང་ཚོའི་རྟོག་བཟོའི་ཀློང་ན་ཉ་གེ་ཉོག་གེ་ཤར་རྒྱུ་མང་གི
ཆགས་པ་འབར་བ་ཞིག
ཨ་ཁུ། ངའི་ཐོལ་བྱུང་གང་ལ་གཡུག་བཞག་པ་ཡིན། གནད་མི་ཁྱོག་པ་དེ་འདྲ་ཞིག་བྲིས་མེད་མོ། ཁྱེད་ཚང་གི་སྒོ་ཁ་ན་ཁ་གྲགས་ཀི་འདུག་ནིར་ང་གཅིག་པོ་མ་གཏོགས་མེད་དུས་ཡོད་པ་མ་བརྗེད་པ་ཞུ། ཧ་ཧ་ཧ།
སྒྲོན་མེ་སྤར་ཏེ་བལྟས་པ་ན། འདིར་ཡོད་པའི་མིང་ཚིག་གཉིས་ལ་དཔྱད་ན། བོད་ཀྱི་སྒྲ་རིག་པར་ཕན། སྒྲོན་མེ་སྤར་ཏེ། ལ་དྭགས་ཁ་སྐད་དུ། འོད་སྤར་ཏེ། ཞེས་ཟེར། དོན་གཅིག་པ་ཡིན། དེ་ཡང་། སྤོར། སྤར། སྤར། སྤོར། འདི་ལ་ཁ་ཅིག་གིས། སྦོར། སོགས་འབྲི་བར་མཐོང་། སྒྲོན་མེ། ཞེས་པར་སྔར་གྱི་བོད་མིས། སྒྲོན་མ། ཞེས་འབོད་པ་དེ། མཁས་པས་བྲིས་པའི་དཔེ་ཆ་དག་ན་མཆིས། དེར་མ་ཟད། ཁུ་ནུ་བླ་མ་རིན་པོ་་ཆེས་འདི་ལ་གཙིགས་ཆེ་བར་མཛད་དེ། “བྱང་ཆུབ་སེམས་ཀྱོ་བསྟོད་པ་རིན་ཆེན་སྒྲོན་མ།” ཞེས་གསུངས། བསྟན་བཅོས་འདི་ཉིད། རྒྱ་གར་དུ་ལན་དུ་མར་སྤར་པར་མ་ཟད། ཀ་ན་ཌའི་བོད་རིག་གཞུང་ལ་མཁས་པ། ཐུབ་བསྟན་ཐར་འདོད་(Gareth Sparham) མཆོག་གིས་ཨིན་སྐད་དུ་བསྒྱུར་པ། ༡༩༩༩ ལོར་ཨ་རིར། བོད་དཔེ་དང་ཨིན་འགྱུར་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་སྤར་པ་ལག་ཏུ་སོན་ཅིང་། བཀླགས་པར་སྐལ་བ་བཟང་ངོ་།