དོན་འགྲུབ་སྒྲོལ་མ།
སྤྱིར་ཁོ་མོའི་ཕ་མ་གཉིས་ནི་མི་ཚང་ཆེན་པོའི་རྒྱུད་པ་ཡིན། ཨ་ཕ་ལ་ཆབ་སྲིད་ཀྱི་སྐོར་གོ་རྟོགས་མཐོན་པོ་ཡོད་པ་དང་། ཨ་མས་སྨན་ཞབས་ཀྱི་ཕྱག་ལས་གནང་གི་ཡོད་པ་རེད། ཁྱིམ་ཚང་གི་འཚོ་ཐབས་ཧ་ཅང་བཟང་ལ་སྤྱི་ཚོགས་ཀྱི་ཆེ་མཐོང་ཆེན་པོ་ཐོབ་ཀྱི་ཡོད། འོན་ཀྱང་ཆབ་སྲིད་དང་འབྲེལ་བའི་ཁོ་མོའི་ཨ་ཕའི་ལས་དོན་ལམ་ལྷོང་མ་བྱུང་བར་འོད་མདངས་ལས་གྲིབ་ནག་ཏུ་ལྷུང་བ་དང་མར་ངོའི་ཟླ་བའི་གསལ་ཆ་ལྟར་མག་ངང་རིམ་བཞིན་ཉམས་རྒུད་ཀྱི་ཐུར་དུ་རིལ་ནས་མཐའ་ན་ཉིན་རེའི་འཚོ་ཐབས་ལ་དཀའ་ཚེགས་ཏེ། བུ་ཕྲུག་གསུམ་ལ་ཉིན་གཅིག་དུས་གསུམ་གྱི་ལྟོ་ཟས་སྤྲོད་མ་ཐུབ་པའི་གནས་སྟངས་སྐྱོ་པོ་ཞིག་ཏུ་ལྷུང་།
དེས་ན་ཨ་ཕར་བྱེད་ཐབས་ཅི་ཡང་མེད་ཁར་འུ་ཐུག་དབུལ་ཕོངས་ཀྱི་འཚོ་ཐབས་ལས་གྲོལ་བའི་ཐབས་ལམ་དེ་ནག་ཚོང་གི་བྱ་བ་གཉེར་འགོ་བརྩམས། དེ་ནས་དུས་ཚོད་ཐུང་ཐུང་ཞིག་གི་རིང་དུ་དཔལ་འབྱོར་གི་གནས་སྟངས་ཇེ་བཟང་དུ་ཕྱིན་ནས་ཁྱིམ་ཚང་གི་ལྟོ་གོས་འགྲིག་ཙམ་བྱུང་ཡོད་ཀྱང་། ཁོང་གི་ཚོང་རྫས་ཀྱི་ཅ་དངོས་ནི་མིའི་ཚོར་ཤེས་འཕྲོག་ནས་གསོན་པོ་གསོད་བྱེད་ཀྱི་དུག་རྫས་རིགས་ཡིན་ཁར། ནང་སེམས་ཁམས་ན་ཞུམ་བའི་རང་འཚང་གི་ཚོར་དམན་དང་ཕྱི་འཚོ་བའི་ཐད་དུ་དཀའ་ངལ་གྱི་མནན་བ་སོགས། སེམས་ནང་དུ་མི་བཟོད་པའི་དཀའ་ཚེགས་དེ་སྐབས་རེར་དུས་ཐུང་གི་རིང་དུ་བརྗེད་ཐབས་དང་ཡིད་དུ་ཡང་ཡང་མི་འཁོར་བའི་ཆེད་དུ། ཚོང་ལས་བྱེད་ཞོར་དུ་དུག་རྫས་དེ་དག་རང་གིས་ལོངས་སུ་སྤྱད་པ་མ་ཟད་བཟའ་ཟླ་ལ་ཡའང་ལོབས་སུ་བཅུག་ནས། བུ་ཕྲུག་གསུམ་གྱི་འགན་འཁྲི་ཕྲག་ཏུ་ལྷུང་ཡོད་པའི་ཕ་མ་ཡིན་ཡང་། བསམ་མེད་སྤྱི་ཚོགས་ཀྱི་མཐུ་དམོད་བརྫངས་སར། རྒྱ་ལམ་གྱི་འགྲམ་དུ་གཟུགས་པོའི་རང་ཚུགས་མེད་པར། ལུས་འཆལ་ར་བཟི་ཕོ་མོ་འུ་ཐུག་གཉིས། ད་ནི་ནག་ཚོང་གཉེར་བའི་ནུས་པའང་གཏན་དུ་ཉམས་ནས་མཐའ་མའི་འཚོ་ཐབས་ཀྱི་གདམ་ག་ནི་མི་ཚོང་གཞན་གྱི་རྒྱུ་རྫས་བརྐུ་བ་ལས་ཐབས་ལམ་མ་རྙེད།
ཁྱིམ་མཚེས་ཀྱི་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱི་ཁང་རྒན་སྒོ་ཆག་བརྡུང་ནས་གྱོད་གཞི་སློང་དུ་སླེབས་བས། ཕུགས་མེད་བརྐུ་མ་འཁྱམ་པོ་ཞག་རེ་ས་ཁུག་རེ་རེ་བརྗེ་དགོས་པ་ལས། རང་ཁྱིམ་ཁང་རྒན་ནང་དུ་སྡོད་ཐབས་ཡེ་ནས་བྲལ། བུ་ཕྲུག་གསུམ་ལ་ལྟོ་གོས་མེད་པས་ཕ་མའི་མཉམ་དུ་གནས་མ་ཐུབ་པར། ཉིན་ཞིག་གར་སོང་ཆ་མེད་ཀྱིས་ས་ཆ་གཞན་དུ་བྲོས། རྗེས་སུ་རྙེད་སོན་བྱུང་ནས་བུ་ཆུང་བ་དྭ་ཕྲུག་གི་ཁང་དུ་བཅུག་པ་དང་ཆེ་བ་གཞན་གྱི་གཡོག་པོར་བཞག བུ་མོ་ཨ་བྱི་དང་ཨ་མྱེ་གཉིས་ཀྱི་ཁྱིམ་དུ་གཡོག་མོའི་ངོ་བོར་བསྡད།
བུ་མོ་ནི་ལོ་ན་ཧ་ཅང་ཆུང་བས་ཕྲུ་གུ་གཞན་དང་གཅིག་མཚུངས་སློབ་སྦྱོང་གི་གོ་སྐབས་ཐོབ་ན་སྙམ་པའི་མཚན་མོའི་རྨི་ལམ་ཡན་ཆད་ནས་དེ་ལ་ཕྱོགས་ནས་སློབ་སྦྱོང་གི་འདོད་པ་ཁོག་ཏུ་འབར་ཡང་། ཁྱིམ་བདག་བཙན་པོའི་འོག་གི་གཡོག་མོ་ཉམ་ཆུང་བཞིན། ཉིན་མཚན་དབྱེར་མེད་ཁྱིམ་ལས་ཁོ་ན་བྱས་ཏེ་ཁོ་མོའི་བྱིས་དུས་ཀྱི་ལས་དབང་ནི་ ཁྱིམ་ལས་བརྐོས་པའི་གཡོག་མོའི་ལས་དབང་ཞིག དེ་རྗེས་ཁོ་མོའི་ཨ་སྲུའི་བུ་མོ་ཞིག་གི་བུ་ཕྲུག་གཡོག་ཏུ་འགྲོ་དགོས་བྱུང་།
དངོས་གནས་བྱེད་ན་ཁོ་མོར་གཞན་གྱི་ལྟ་སྐྱོང་དགོས་པའི་བྱིས་པ་ཆུང་ཆུང་ཞིག་ཡིན་ཡང་། ཕྲུ་གུ་དམར་འབྱར་གྱི་ཨ་མའི་ལས་དབང་དེ་ལོ་ཆུང་བྱིས་པ་ཞིག་ལ་དཀྲིས་ནས་མཐའ་ན་གཅིན་སྐྱག་ཡན་ཆད་ནས་འཕྱི་བརྡར་གྱི་ལས་ལ་བརྩོན་དགོས་པ་འབྱུང་གི་ཡོད་ཀྱང་། འཚེར་སྣང་གི་དྲི་མ་ཙམ་མེད་པར་ཨ་ཞེའི་མཁོ་བྱ་ཀུན་སྒྲུབ་དགོས་པའི་ཀུན་སློང་ཞིག་ཡིད་དུ་བཟུང་ནས། ལོ་ན་མཉམ་བའི་བྱིས་པ་གཞན་པར་ཕ་མའི་བྱམས་སྐྱོང་གི་སེམས་པ་དྲོས་ནས་རྒྱབ་ཏུ་དཔེ་ཁུག་དང་། ལག་ཏུ་དཔེ་དེབ། མཛུབ་མོར་སྨྱུ་གུ་སོགས་ཀྱི་མདུན་ལམ་ན་བསྐྱོད་པའི་སྒྲོན་མེ་ཡོད་ཀྱང་།། ཁོ་མོའི་རྒྱབ་ཏུ་གཅིན་སྐྱག་འགོས་པའི་ཕྲུ་གུ་དང་། ལག་ཏུ་ཕྱགས་མ། མཛུབ་མོར་སེར་ག སེམས་པར་སྡུག་བསྔལ་སོགས། མདུན་ལམ་གྱི་ཁ་ཕྱོགས་མེད་པའི་གཡོག་མོའི་ལས་དབང་ནང་ལྷུང་།
གང་ལྟར་ཁོ་མོས་ནུས་པ་ཡོད་ཚད་བཏོན་ཏེ་ཁྱིམ་ལས་གང་དྲག་བྱས་པས། ཨ་ཞེ་ཡང་ཁོ་མོའི་ལྷག་བསམ་ལ་ཧ་ཅང་དགའ། ཡིན་ནའང་། ཨ་ཞེའི་སྤུན་མཆེད་ཆུང་བས་འཕྲག་དོག་གིས། ཁོ་མོར་རྡོག་ཁྲེས་ཀྱི་རི་བོ་བསྐྲུན་འགོ་བརྩམས། མཐའ་ན་འདོམས་རས་ཡན་ཆད་ཀྱི་གྱོན་ཆས་ཡོད་ཚད་འཁྲུ་རུ་འཇུག་པ་དང་། ཁྱེད་རང་ང་ཚོའི་ནང་མི་ཡིན་དྲན་གྱི་འདུག་གམ། གཡོག་རྒན་མ་ཁྱེད་རང་སུ་ཡིན་ངོ་ཤེས་པ་བྱོས་ཤིག ཁྱེད་ཀྱི་ཕ་མ་གཉིས་རྐུ་མ་ཡིན་བ། ཁྱིམ་ཚང་མེད་པའི་སྤྲང་རྒན་མ་སོགས། དམའ་འབེབས་དང་། མཐོང་ཆུང་ཁྱད་གསོད་ཀྱི་ཚིག་ངན་དུ་མ་སྨྲ་བ་མ་ཟད། སྣང་བར་འཆར་མ་མྱོངང་བའི་ཐབས་སྡུག་གི་བྱ་བ་སྟེ། རྐུ་མ་རྒྱག་གི་འདུག་དང་། ཨ་ཞེའི་ཁྱོ་བོ་དང་འབྲེལ་བ་འདུག་ཅེས། ཨ་ཞེ་དང་ཁོ་མོའི་དབར་དཀྲུག་ཤིང་སོགས་སེམས་ནང་དུ་མི་ཤོང་བའི། སྙིང་ཁར་ན་ཟུག་ཁྲིད་བྱེད་ཀྱི་དུག་ཐུར་ལྟ་བུའི་རྫུན་ཚིག་སྨྲ་བ་སོགས་ཀྱིས། མཐར་ཨ་ཞེས་ཀྱང་ཁོ་མོར་ལྟ་སྟངས་འགྱུར་ནས་ཁོང་ཚོའི་སྡུག་སྦྱོང་གི་འོག་ཏུ་གནས་མ་ཐུབ་པར། བྱེད་ཐབས་ཅི་ཡང་མེད་ཁར། ཁོང་ཚོའི་ཁང་པ་འགྲམ་གྱི་ལྡུམ་རྭར་བྲོས་ནས་དེར་ཡོད་ཚོད་ཀྱི་སྡུག་བསྔལ་མཆི་ཞགས་དང་མཉམ་དུ་འཕོས་སྟེ། ཨ་མ་ཞེས་ངུ་འབོད་བྱེད་བཞིན་པའི་དུས་ན། མི་ཞིག་ཁོ་མོའི་འགྲམ་དུ་སླེབས་ནས་“བུ་མོ་ཁྱེད་རང་ག་རེ་བྱས་སོང་ཞེས་དྲིས།” ཁོ་མོའི་མིག་ནས་མཆི་མ་རིལ་བཞིན་གནས་སྟངས་ཆ་ཚང་བརྗོད་སྐབས། མི་དེས་“ཁྱེད་རང་ལ་ངའི་ཕྱོགས་ནས་་རོགས་པ་ག་རེ་དགོས་ན་ཤོད་དང་ངས་ཁྱེད་ལ་རོགས་པ་གང་ཐུབ་བྱ་ཆོག”ཅེས་བརྗོད།
སྔོན་དྭ་ཕྲུག་ཁང་དུ་བཅུག་པའི་ཨ་བོ་དེ་དེང་སང་ལྡི་ལི་ན་ཡོད་རབས་གོ་ཐོས་བྱུང་བས་ཁོ་མོས་ང་ཨ་བོ་སར་སྐྱེལ་རོགས་གྱིས་ཞུས། མི་དེས་ཨ་བོ་སྡོད་གནས་ཀྱི་རྒྱ་ལམ་འགྲམ་བར་བསྐྱེལ་ནས་ཐོན་སོང་བས་ཁོ་མོས་ཁང་པའི་ཨང་གྲངས་སོགས་ཅི་ཡང་མི་ཤེས་པར་རྒྱ་ལམ་ཁར་ངུས་ནས་བསྡད། ཏོག་ཙམ་གྱི་རྗེས་སུ་ལུང་པ་གཅིག་པའི་མི་ཞིག་མཐོང་ནས་ཨ་བོ་སར་ཁྲིད་རོགས་ཞུས་ཀྱང་། ཡིན་ནའང་། “ཨ་བོ་ས་ཆ་གཞན་ཞིག་ཏུ་སྤོས་ཚར་རེད། ཁྱེད་རང་དོ་དགོང་ང་ཚོའི་ཁྱིམ་དུ་སྡོད་དང་ང་ཚོས་ཁྱེད་ཀྱི་ཨ་བོ་གང་དུ་ཡོད་མིན་སྐད་ཆ་འདྲི་ནས་འཚོལ་རོགས་བྱེད་”བརྗོད་ནས། ཁོ་རང་དང་རོགས་པ་ཞིག་གཉིས་ཡོད་སར་ཁྲིད། ཉིན་གཉིས་པའང་ཁོང་གཉིས་ཀྱི་ཁྱིམ་དུ་བསྡད་དགོས་བྱུང་བས་གློ་བུར་དུ་ཨ་ཞེ་དེར་སླེབས་ནས་ཁོ་མོ་ལ་“ཁྱེད་རང་མི་འདི་གཉིས་དང་དགའ་རོགས་སྒྲིག་ཏེ་འདིར་བྲོས་ནས་ཧམ་པ་ཆེན་པོ་རེད་”ཅེས་ཧམབཤད་དང་། དེ་ནས་ཁོང་གཉིས་ལ་ཁ་ཕྱོགས་ཏེ། “བུ་མོ་འདི་ཁྱེད་གཉིས་ལ་སུས་ཁྲིད་སོང་ཟེར་གྱི་འདུག་”ཅེས་བཀའ་དྲིན་ལོག་འཇལ་གྱི་ཚིག་རྩུབ་བརྗོད་ནས་འཛིང་།
དེ་ནས་ཨ་ཞེ་དེས་ཁོ་མོ་ཁྱིམ་དུ་ཕར་ཁྲིད་ནས། བུ་མོའི་སྙིང་ཁར་ན་ཟུག་གི་བཟོད་ཐབས་བྲལ་ནས་བདག་མེད་ཀྱི་རི་དྭགས་བཞིན། ས་སྟོང་གང་ཡོད་བྲོས་དགོས་པ་བཟོ་མཁན་ནི་ཁོ་རང་ཚོ་ཡིན་ཁར། དགའ་སྡུག་གི་ཚོར་བ་དང་། ཚེ་སྲོག་གི་རིན་ཐང་། བྱམས་པ་དང་སྙིང་རྗེ། ལས་རྒྱུ་འབྲས། སྤུན་མཆེད་ཀྱི་བརྩེ་སེམས་སོགས་ཡོངས་རྫོགས་རྡོག་བརྫིས་ཀྱིས་ངན་སེམས་གསོན་འདྲེའི་གདོན་སྲི་ལྡང་པ་བཞིན་སྡུག་པོའི་བྱ་ངན་དེ་དག་སྦས་ཕྱིར། རྗེས་སུ་ཕ་ཡུལ་དུ་ཕ་མ་སྤུན་མཆེད་ཡོད་ཚོད་ལ། ཁོ་མོ་དགའ་རོགས་མཉམ་དུ་ཉིན་མཚན་མང་པོ་བྲོས་ཕྱིན་པ་རེད་ཅེས། འགྲོ་བ་མི་ཡི་བཟང་སྤྱོད་ཁབ་རྩེ་ཙམ་མེད་པའི་མི་དགའ་དཀྲོག་གཏམ་གང་ཐུབ་བཟོས་ནས། གཏམ་ངན་རླུང་བུས་འཁྱེར་བའི་དཔེར། ཕ་ཡུལ་དུ་ཁོ་མོའི་སྐོར་གྱི་གཞི་མེད་འཆལ་གཏམ་དེ་དག་གནམ་བསྒྲགས་ས་བསྒྲགས་ཆགས་ནས་མི་ཁ་ནི་ཐན་ཡིན་པས། མཐའ་ན་མ་འོངས་པར་ཕ་ཡུལ་དུ་ལོག་བར་འཚེར་སྣང་ཡོང་དགོས་པ་ཆགས།
ཕ་མ་གཉིས་ཀྱང་བློ་ཕམ་དང་སེམས་འཚབ་དྲག་པོ་སྐྱེས། དེ་ནས་ཡུན་རིང་མ་འགོར་བར། ཨ་ཕ་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་ནས་འཆི་ཁར་ཐུག་བསྐལ་མ་བྱུང་བར་འདས་གྲོངས་སུ་ཕྱིན་། ཁོ་མོའི་སེམས་ནང་དུ་སྡུག་བསྔལ་ཇི་ཙམ་ཡོད་ཀྱང་ནུས་པ་ཅི་ཡང་མེད་པས་དྲིན་ཆེ་བའི་ཕ་རྒན་གྱི་རྣམ་ཤེས་ཆེད་དུ་གང་ཡང་བྱེད་མ་ཐུབ་པ་ལུས། དེ་རྗེས་ཁོ་མོ་ཕ་ཡུལ་དུ་ལོག་ནས་ཨ་མ་དང་ཨ་བྱི་གཉིས་ཀྱི་མཉམ་དུ་བསྡད། ཁོང་ཚོའི་ཁྱིམ་ཚང་ནི་ཧ་ཅང་སྐྱོ་བས་ཉིན་རེའི་ལྟོ་གོས་གཏམ་གསུམ་ལ་དཀའ་ཚེགས་ཆེན་པོ་ཡོད།
ཨ་མས་ཉིན་ལྟར་གཞན་གྱི་ཞིང་ཁར་ལས་ཀ་བྱེད་དེ་ཉིན་རེར་སྒོར་མོ་བརྒྱ་ཙམ་རག་གི་ཡོད་ཀྱང་། ལྟོ་གོས་ཀྱི་འཚོ་ཐབས་ཆེད་དུ་རྩ་བ་ནས་འདང་གི་མེད་པ་དང་། གཞན་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་གྱི་ཡོང་ཁུངས་སུ་ཡང་མེད་ཁར། བཀྲེས་ལྟོགས་ཀྱིས་དམྱལ་བར་མནར་བ་བཞིན། མགོན་མེད་དབུལ་ཕོངས་ཁ་ལ་ཟས་མེད་པ་དང་། རྒྱབ་ཏུ་གོས་མེད་པའི་འཚོ་བ་སྐྱོ་པོ་ཞིག་སྐྱེལ་ནས་ལོ་ངོ་མང་པོ་འདུག་དགོས་བྱུང་། མཐར་ཨ་བྱི་འདས་གྲོངས་སུ་ཕྱིན་ནས་ཁོང་མ་བུ་གཉིས་གཅིག་པུ་ལུས། ཨ་མར་གཟུགས་པོར་དགོས་པའི་ཟས་བཅུད་མ་རག་པ་དང་ཁྱིམ་ཚང་གི་འཚོ་ཐབས་ཆེད་དུ་ལས་ཀའི་ངལ་དུབ་ཀྱིས་རིམ་བཞིན་ནད་རོ་ཆགས། སྐབས་དེ་དུས་ཁོ་མོ་ནི་ལོ་ན་ཆུང་ཆུང་ཡིན་ཡང་ཨ་མར་ནད་གཞི་ལྕི་མོ་ཞིག་ཕོག་ནས་མལ་ཁྲིར་ལྷུང་དུས། ལྟོ་གོས་ཀྱི་འཚོ་ཐབས་ཁོ་མོས་འཚོལ་དགོས་བྱུང་བས། ཚོང་ཁང་ཞིག་གི་ནང་དུ་ལས་ཀ་བྱས་ཏེ་ཟླ་བ་གཅིག་ལ་རྒྱ་གར་སྒོར་མོ་བརྒྱད་བརྒྱ་རེ་རག་གི་ཡོད་པ་དང་། ཚོང་ཁང་དེའི་འཁྲིས་སུ་ཁོ་མོའི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་གྱི་དམག་མི་ཁ་ཤས་ཤིག་བསྡད་ཀྱི་ཡོད་པས། སྐབས་རེར་སྒོར་མོ་ཉུང་ཉུང་རེ་དང་། སྐབས་རེ་ཅ་དངོས་ཙག་ཙིག་སྤྲད་པ་སོགས་ཀྱིས་མགོན་མེད་སེམས་ཀྱི་རྨ་ཁ་གསོ་བའི་བྱིན་རླབས་ཀྱི་ཐིགས་པ་ཙམ་ཡིན།
ཁོ་མོས་ཅ་དངོས་དེ་དག་གཞན་ལ་བཙོང་ནས་ཟུར་དུ་སྒོར་མོ་བཅུ་ཉི་ཤུ་ཙམ་བཟོ་ཐུབ་ཀྱི་ཡོད་པས། ཨ་མའི་སྨན་རིན་གྱི་སྣོན་མར་ཕན་ཐོགས་ཅུང་ཙམ་ཡོང་གི་ཡོད། རིམ་བཞིན་ཨ་མའི་ནད་གཞི་ཇེ་ལྕི་ཆགས་ནས་ཛ་དྲག་གི་སྨན་བཅོས་མ་བྱས་ན་དྲག་ཐབས་ཀྱི་རེ་བ་བྲལ་བའི་གནས་སྟངས་ཆགས་ཀྱང་། ཤི་བའི་བཙན་རྒོལ་རླུང་བུ་འཚུབ་པར། འཁུན་བའི་སེམས་པར་གཟེར་མིག་རྒྱས་ནས། བྲང་ཁར་ཁུ་ཚུར་ཡང་ཡང་བཞུར་ནས་ལས་དབང་ལ་འཁང་ར་བྱེད་བཞིན། ཉིན་མཚན་མང་པོར་མཆི་ཞག་གི་མཁུར་ཚོས་བརླན་ནས། ངོ་གདོང་ཡོངས་སུ་སྐམ་ཐིག་ཙམ་མེད་པར། ཨ་མའི་ངོ་གདོང་ལ་ལྟ་ཐེངས་རེ་རེར་སྙིང་ཁར་གྲི་ཟོར་བཙུག་པ་བཞིན། ན་ཟུག་གི་རི་ལུང་ཞིག་སོང་བའི་ཚོར་བར། སྨན་བཅོས་ཀྱི་འགྲོ་གྲོན་མེད་ཁར་བྱ་ཐབས་ཡེ་ནས་བྲལ་ནས་བསྡད།
སྐབས་རེར་ཕ་ཡུལ་གཅིག་པ་དང་སྤུན་མཆེད་རེ་གཉིས་ཨ་མ་ལྟ་རུ་ཡོང་དུས་རྒྱ་གར་སྒོར་མོ་བཅུ་རེ་ཙམ་སྤྲད་ཀྱི་ཡོད་པས་བཟའ་ཆས་ཉོས། དེ་ནས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྔ་ནུབ་ཀྱི་དགོང་མོ་ཞིག་ན། ཁོ་ཚོ་སྡོད་གནས་ཀྱི་གྲོང་པ་དེར་གློག་མེད་པ་ཆགས་ནས། ཁོ་མོ་ཚོང་ཁང་དུ་སྒྲོན་མེ་ཉོ་རུ་ཕྱིན། ལམ་བར་ན་ར་བཟི་ཀླ་ཀློ་ཁ་ཤས་ཤིག་དང་འཕྲད་དེ་ཁོ་མོར་བཙན་གཡེང་བྱ་ཆེད་རྗེས་འདེད་བྱས་ཀྱང་། ཉེན་རྟོག་པ་མྱུར་དུ་སླེབས་ནས་སྐྱོབས་ཐུབ།
ཉེན་རྟོག་པའི་སྣུམ་འཁོར་གྱི་ཉེན་བརྡའི་གློག་དུང་དང་བུ་མོས་འོ་དོད་འབོད་པའི་ངུ་སྐད་སོགས་ཐོས་མ་ཐག། ཨ་མའི་སྙིང་ཁར་གཟེར་མིག་འཕྱུར་ནས་ནད་གཞི་ཇེ་སྡུག་ཏུ་ཕྱིན། ཕྱི་ཉིན་དགོང་མོར་མི་ཚེ་གང་བོར་དཀའ་སྡུག་གཤེར་ཁུའི་ཐིགས་པས་ཚོས་པའི་ཨ་མའི་ཚེ་སྲོག་གི་དབུགས་ཐག་དེ་རིམ་བཞིན་ཆད་ནས། འཇིག་རྟེན་གྱི་ཕྱི་ཡུལ་དུ་གཏན་དུ་བཞུད། དེ་ནས་བཟུང་། འཛམ་གླིང་འདི་ན་དགའ་སྡུག་མཉམ་ཁུར་བྱེད་མཁན་གྱི་ནང་མི་སྤུན་མཆེད་དང་། ཉིན་མཚན་མགོ་བོ་སྒུར་ས་ཡི་ཁྱིམ་ཚང་། བྱམས་སྐྱོང་དང་། བརྩེ་སེམས། བདེ་སྐྱིད་སོགས་འབྱུང་ཁུངས་ཀྱི་ཆུ་འགོ་ལྟ་བུའི་དྲིན་ཆེ་བའི་ཕ་མ་སོགས་སུ་ཞིག་མེད་པ། ཕྱི་དཀྲེས་ལྟོགས་ཀྱིས་རབ་ཏུ་མནར་བ་དང་། ནང་སྡུག་བསྔལ་གྱི་ཡོངས་སུ་བཟི་བའི་སྤྲང་ཕྲུག་ལྟོ་གོས་མེད་པའི་ཁེར་རྐྱང་གི་དྭ་ཕྲུག་ཞིག་ཏུ་གྱུར།
དེ་ནས་བཟུང་ཁོ་མོའི་མི་ཚེ་ནི་སྙིང་པོ་མེད་པར། ཉིན་མཚན་ཁྱད་མེད་འུ་ཐུག་སྡུག་གི་འོ་དོད་འབོད་བསྡད་པ་ལས་ཅི་ཡང་མ་འཚལ། ཚོང་ཁང་གི་ནང་དུ་རྟག་ཏུ་ང་ཡ་བའི་ངུ་སྒྲ་ལས་ཐོས་རྒྱུ་མེད་པས། དམག་མི་རྒན་པོ་དེས་སེམས་ཁུར་དང་སྙིང་རྗེ་ཡིས། ཁོ་མོའི་འགྲམ་དུ་ཡང་ཡང་སླེབས་ནས་སེམས་གསོ་བྱེད་པ་དང་། ཉིན་ཞིག་ཁོ་མོར་ “ཁྱེད་རང་ས་ཆ་གཞན་ཞིག་ཏུ་ལས་ཀ་འཚོལ་དུ་འགྲོ་ན་བཟང་བ་ལས་འདིར་གླ་ཆ་ཉུང་ཉུང་འདི་ལྟ་བུ་ཞིག་གིས་མི་ཚེའི་འཚོ་ཐབས་ལ་རྩ་བ་ནས་ཡོང་གི་མ་རེད་ལ། ཁོར་ཡུག་འདི་ནས་མ་བྲལ་ན་ཁྱེད་ཀྱི་སྡུག་བསྔལ་ཡང་ཡལ་བར་དཀའ་བས། རྒྱ་གར་གྱི་མངའ་སྡེ་ར་ཇི་སི་ཐན་ན་སྒེར་གྱི་སྨན་ཁང་ཆེན་པོ་ཞིག་ཡོད་རེད། དེར་ལས་ཀ་སྤྲོད་མཁན་དེ་ངའི་གྲོགས་པོ་ཡིན། ངས་ཁོང་ལ་ལས་ཀ་གནང་རོགས་ཞུ་ཆོག དེའི་ལམ་གྲོན་ཆ་ཚང་ངས་སྤྲད་ཆོག དེར་སླེབས་རྗེས་ངས་མི་ཞིག་བསུ་རུ་མངགས་ཡོང་”ཞེས་ལབ།
དེ་ནས་ཉིན་ཁ་ཤས་ཀྱི་རྗེས་སུ་མེ་འཁོར་གྱི་འཛིན་ཤོག་ཉོས་ནས་ཕ་ཡུལ་ནས་ཐོན། དེར་སླེབས་བ་དང་བསུ་མཁན་གྱི་མི་དེ་སླེབས་བྱུང་བས་མགྲོན་ཁང་ཞིག་ཏུ་ཁྲིད་དེ། ཁོ་མོར་“ཁྱེད་རང་འདིར་སྡོད་དང་ང་མགྱོགས་པོ་སླེབས་ཡོང་”ཟེར་ནས་ཕྱིན། ཁོ་མོས་ཉིན་མཚན་མང་པོ་བསྒུག་ཡང་། མི་དེའི་དྲི་མ་ཙམ་མེད་པར་སླེབས་མེད་ཀྱང་། གང་ཞིག་ན་འགྲོ་མི་ཐུབ་པར་མགྲོན་ཁང་དུ་བསྡད་ནས་སྒོར་མོ་ཡོངས་རྫོགས་ཟད། མཐར་མི་དེ་རྩ་བ་ནས་སླེབས་རྒྱུ་མེད་པས་སྒོ་མོ་གཅིག་ཀྱང་མེད་པ་ཆགས་ནས་ཟ་མ་བཟའ་རྒྱུ་མེད་ནས་མགྲོན་ཁང་དེར་ཉིན་མཚན་མང་པོ་བསྡད།
ཉིན་ཞིག་མགྲོན་ཁང་གི་བདག་པོས་ངོ་གདོང་གི་སྐྱོ་མདངས་ལས་གནས་སྟངས་ཤེས་ནས། སྐབས་རེར་ཟ་མ་སྤྲོད་ཀྱི་འདུག་ཟེར། ཁོ་མོའི་ཉལ་ཁང་གི་འགྲམ་ན་རྒྱ་གར་ཕོ་སར་དྲུག་མཉམ་དུ་བསྡད་འདུག་པས། ཁོ་ཚོས་ཀྱང་མོར་ཟ་མ་བཟའ་རྒྱུ་མེད་པར་རྟོགས་ནས་ཉིན་གུང་ཟ་མ་ཁོ་ཚོའི་མཉམ་དུ་བཟའ་ཟེར་སྐབས། ཁོ་མོ་ནི་གྲོད་པ་ལྟོགས་ནས་མ་བཟོད་པའི་གནས་སུ་ལྷུང་ཡོདཔས། སྐད་ཆ་དེ་གོ་བ་དང་སེམས་ན་དགའ་ཚོར་དཔག་མེད་སྐྱེས་ནས། ལ་ཁའི་སྤྱང་ལྟོགས་བཞིན་ངོ་ཚ་ཡོངས་སུ་སྤང་ནས་མཉམ་དུ་ཟོས།
དེའི་དགོང་མོ་དེར། ཁོ་ཚོ་ནང་ནས་བུ་གཉིས་ཁོ་མོའི་ཉལ་ཁང་དུ་ཡོང་ནས་སྐད་ཆ་བཤད་སྐབས། སྣང་བ་ཅི་ཡང་མེད་པར་ཁོ་མོས་ཀྱང་ཁོ་ཚོ་མཉམ་དུ་ཁ་བརྡ་བྱས། ཡིན་ནའང་། གློ་བུར་དུ་ཁོ་མོའི་ཁ་ནང་དུ་རས་ལྷེ་ཞིག་བརྫངས་ཏེ། ལག་གཉིས་ཐག་པས་རྒྱབ་ཏུ་བཅིངས། དེ་ནས་བུ་གཞན་པ་དེ་དག་ཆ་ཚང་ཉལ་ཁང་དུ་སླེབས་ཡོང་ནས། ཁ་ཤས་ཀྱིས་མགོ་བོ་བཟུང་ཞིང་། ཁ་ཤས་ཀྱིས་རྐང་པ་འཇུ་བ་སོགས། འབོད་སྐད་མི་ཐུབ་པའི་རས་ཀྱིས་ཁ་བཀག་བ་དང་། གཡོ་འགུལ་མི་ནུས་བའི་ཐག་པས་རྐང་ལག་བསྒྲོགས་ཏེ་གཅིག་རྗེས་གཉིས་མཐུད་ངང་ཕོ་གསར་དྲུག་གིས་ཁོ་མོར་བཙན་གཡེམ་བྱས་ནས་ཕྱིན།
ཁོ་མོའི་གཟུགས་པོ་ཡོངས་སུ་ན་ཟུག་གི་མ་བཟོད་པར་མཚན་མོ་དེར་ཆུ་ཚོད་མང་པོའི་རིང་དུ་ངུས་ནས་བསྡད། མཐར་དྲན་པ་བརྒྱལ་ནས། ཕྱི་ཉིན་ཞོགས་པ་ཞ་ལའི་ཐོག་རིལ་བསྡད་ཡོད་པ་དང་། མཐའ་ན་གསང་སྤྱོད་ནང་དུ་འགྲོ་མི་ཐུབ་པའི་གཟུགས་པོ་ཡོངས་སུ་ཐོ་བས་བརྡུངས་བ་བཞིན། གཡོ་འགུལ་ལང་སྡོད་ཀྱི་ལུས་ཟུངས་ཟད་ནས་ཉིན་མང་པོ་ནད་པ་ཆགས།
ཕྱི་ཉིན་ཞོགས་པར་སྦྱིན་བདག་ཉལ་ཁང་དུ་སླེབས་ནས་མདང་དགོང་སྐད་ཅོར་འདྲ་ཞིག་གོ་སོང་བས་ཅི་བྱས་པ་རེད་ཅེས་དྲིས། ཁོ་མོས་དོན་རྐྱེན་དེའི་སྐོར་ཆ་ཆང་བཤད་པས། ང་ཚོས་ “ཁྱེད་རང་མ་དྲག་བར་དུ་ལྟ་སྐྱོང་བྱ་ཆོག ཉེན་རྟོག་པར་མ་ལབ་རོགས་མ་གཏོགས་དཀའ་ངལ་མང་པོ་ཡོང་གི་རེད་”ཅེས་བཤད་པ་དང་། གལ་སྲིད་ཁྲིམས་ཁང་དུ་གཏུག་པ་ཡིན་ན། མི་ཤུགས་དང་དཔལ་འབྱོར་གཉིས་ཀའི་རྒྱབ་རྩ་ཆེན་པོ་དགོས་ཀྱི་ཡོད་པས་ཁོ་མོར་ཅི་ཡང་མེད་ཁར། ཆང་ས་བརྒྱག་ལ་ཉེ་བ་དང་། ལང་ཚོ་དར་ལ་བབ་པའི་ན་གཞོན་གྱི་མཛེས་སྡུག་ལྡན་པ་དང་། བུད་མེད་ཅིག་གི་མི་ཚེ་ནང་དུ་མ་འོངས་ཀྱི་མདུན་ལམ་ཐག་གཅོད་བྱེད་བའི་ཆེས་རིན་ཐང་དང་གལ་འགངས་ཅན་གྱི་དུས་སྐབས་དེ་ཡིན་བས། འབྱུང་འགྱུར་སྤྲོ་བའི་དགོད་སྒྲ་སྒྲོག་ས་དང་། སྡུག་གི་མཆི་མ་འཕོ་ས། བརྩེ་མདངས་ཀྱི་ཁྱིམ་ཐབས་གསར་བསྐྲུན་བྱེད་དེ། ཡིད་ཆེས་ཀྱི་དམ་ཚིག་ཟབ་གཏིང་ཡོད་པའི་མི་ཚེ་མཉམ་རོལ་བྱེད་པར། བུད་མེདཞིག་གི་ངོས་ནས་རང་གི་ཁྱོ་བོ་ལ་གཟུགས་པོ་གཙང་མ་ཞིག་འབུལ་རྒྱུ་ཡོད་དགོས་པས། ཁོ་མོ་ལ་མཚོན་ན། ཆ་རྐྱེན་དེ་དག་ཡོངས་སུ་མི་གཟུགས་ཡོད་ཀྱང་མི་སེམས་མེད་པའི་མི་ངན་དེ་དག་གིས་བཤུ་གཞོག་བྱས་ཚར་བས། དེ་ནས་བཟུང་། ཁོ་མོའི་སེམས་པ་ནག་ཐིག་དང་རང་ཉེན་གྱི་ཚོར་བས་བཟུང་སྟེ། ཁྱོ་བོ་བཞུད་པའི་ཡུགས་མོ་བཞིན། གཉེན་སྒྲིག་གི་གདེང་ཚོད་ཡོངས་སུ་བྲལ།
གོང་གི་སྒྲུང་འདི་ནི་ད་ལྟ་འཚོ་སྡོད་བྱེད་བཞིན་པར། ང་ཚོ་དང་གཅིག་མཚུངས་དགའ་སྡུག་གི་ཚོར་བ་ཡོད་པའི་བུ་མོ་ཞིག་མི་ཚེའི་ནང་དུ་སྡུག་བསྔལ་ག་ཚོད་མྱོང་ཡོད་པའི་དངོས་བྱུང་གི་སྒྲུང་ཞིག་ཡིན་པས། ཁོ་བོ་དང་དངོས་སུ་ཐུག་ཏེ་མིག་ཆུ་སྲན་ཐབས་ཡེ་ནས་བྲལ་བའི་ཁོ་མོའི་སྡུག་གི་ངུད་མོ་ཀློང་ན་ཤོག་བུར་མཆི་ཐིགས་ཟག་གིན་ཟིན་འབྲི་བྱས་པ་ཡིན། སྤྱིར་གུས་མོའི་བོད་ཡིག་གི་ཆུ་ཚད་ཞན་ཆ་ཆེ་བས་སྙན་ཆ་དང་སྡེབ་སྦྱོར་སོགས་གང་གི་ཐད་ནས་འདང་གི་མེད་ཀྱང་། སྒྲུང་འདི་ནས་མི་མང་པོ་ཞིག་ལ་བསླབ་བྱ་ཐོབ་ན་སྙམ་བའི་ཀུན་སློང་ཞིག་དང་མཉམ་དུ་བྲིས་པ་ཡིན་པས། སྐུ་ཉིད་རྣམ་པར་དུས་ཁོམ་བྱུང་ཚེ་ངེས་པར་དུ་བཀླག་རོགས་ཞུ།
༡༠། ༢། ༢༠༡༥ ཉིན།
༼དོན་འགྲུབ་སྒྲོལ་མའི་ངོ་དེབ་ལས་དྲངས།༽
ཨ་བྱི་ཟེར་ན་གང་རེད།
སྒྲུང་ནི་སྒྲུང་རང་རེད་།
བབས་སྒྲུང་།
རྩོམ་སྒྲུང་།
བཤད་སྒྲུང་།
ངག་རྒྱུན་སྒྲུང་།
རྟོག་སྒྲུང་།
དངོས་སྒྲུང་སོགས་མང་པོ་ཡོད་རེད་།
ཁྱེད་རང་དང་འབྲེལ་བ་ཡོད་ན་ཁྱེད་ཀྱིས་ཐབས་ཤེས་གནང་ན་ལེགས་དེ་མིན་མི་ཆ་མེད་རྒྱུས་མེད་ཚོར་བཤད་ནས་ཕན་པ་གང་ཡོང། རྣམ་པ་གཟུགས་བྱད་ལེགས་པོ་ཡོད་ན་དེ་ལྟར་འབྱུང་མི་སྲིད་ཕལ་ཆེར་བྱད་ལེགས་མེད་པ་འདྲ།
རོགས་པོ་མ་བྱེད་དོན་ཅི་རེད་དམ།
ད་ལྟ་བུ་མོ་འདི་ཅི་འདྲ་ཡོད་དམ། དཀའ་ངལ་ལས་ཐར་ཡོད་དམ། ལྟོ་གོས་ལ་དཀའ་ངལ་ཡོད་དམ། ད་ལྟའི་གནས་ཚུལ་ནི་དེ་ལས་ཀྱང་གལ་ཆེ་བར་མཐོང་། དོན་འགྲུབ་སྒྲོལ་མ་འམ་གཞན་དངོས་སྒྲུང་འདི་ལ་རྒྱས་ཡོད་ཀྱིས་གསལ་བཤད་ཞིག་བཤད་དགོས་བ་འདྲ། མི་ཚང་མས་རོགས་པ་མ་བྱུང་ན་ཡང་། ཁ་བརྡ་དང་ངོ་དེབ་ནང་གི་མི་གཅིག་གིས་རོགས་པ་ཞུ་སྲིད་པ་ཞིག་རེད།
ང་ཚོའི་བོད་པའི་ནང་ན། གཉེན་ཉེ་གཡོག་པོར་བཀོལ་ནས། དཀའ་སྡུག་སྤྲོད་བཞིན་པ་འདི་ཚོ། ཡག་པོ་མེད་པ་དང་འདི་འདྲའི་དཀའ་སྡུག་ལ་ཚུད་པའི་ཉམས་ཆུང་ལ་ལམ་ཁ་ཞིག་འཚོལ་རོགས་བྱེད་པ་ལ་སྤྱི་སྒར་གང་རུང་གིས་ལས་འགུལ་འདྲ་སྤེལ་ཐུབ་ན། ངས་ནི་བཀའ་དྲིན་ཆེ་ཞུ་བ་ཡིན། དེ་འདྲ་ཞིག་དགོས་བསྡད་ཡོད་པ་སྔ་པོ་ནས་ཤེས་ཡོད། ཡག་པོ་མ་རེད། ང་ཚོའི་སྤྱི་ཚོགས་ན་ངོ་ཚ་མེད་པའི་གཉེན་རྒན་དེ་འདྲ་མང་པོ་ཡོད་པ་རེད།
དངོས་བྱུང་དང་སྒྲུང་གང་ཡིན་ཆ་མ་འཚལ་ཡང་།
ང་ཚོའི་སྤྱི་ཚོགས་ཁྲོད་འདི་འདྲ་བྱུང་ཡོད་མི་ཆོག་པ་གང་ཡང་ཡོད་པ་རེད།
དོན་འགྲུབ་སྒྲོལ་མར་རོགས་རམ་བྱེད་ཐུབ། ཁུངས་སྐྱེལ་དཔང་རྟགས་ངོ་སྤྲོད་ཐུབ་པ་ཡིན་ནའོ།།
ཀརྡོ་ལགས་བུ་མོ་དེ་ལ་རྣམ་པ་ཞེ་དྲག་མི་འདུག་ཟེར་དཀའ་སེ་མིན་དྲོ། བྱུང་ན་ཁྱེད་ཀྱིས་ཧང་གྷ་རི་ལ་ལེན་ཐུབ་ན་དེ་གས་ཆོག་པ་རེད་ཡང་དེ་ན་ཁྱེད་ཀྱིས་གཡོག་པོར་མ་རོགས་ཞུ།
# 8 ཁྱུང་སེ།་ལགས།
ང་རང་གི་གཉེན་ཉེ་སྤུན་མཆེད་ཚོ་ཡང་ཕྱི་རྒྱལ་དུ་ལེན་ཐབས་བྲལ་ནས་བསྡད་ཡོད། འོནད་ཀྱང་། ཧིན་སྒོར་སྟོང་ཕྲག་འགའ་རེ་གཏོང་ཐུབ་པ་འདུག་ཀྱང་། ་་་་་་་་་
བུ་མོ་དེ་བོད་པ་རེད་དང་བོད་རིགས་རེད་ཡང་ན་རྒྱ་གར་བ་རེད་།
ཀརྡོའི་སྦྱིན་པའི་གཏོང་ཕོད་ལ་གུས་པ་ཡོད། མི་ཞིག་ཡིན་དུས་བྱུང་ན། རོགས་པ་ཟེར་བའི་ཚིག་འདི་ཆེ་ས་ཆུང་ས་གང་ན་ཡང་ཡོད་ནི་ཞིག་ཡིན་དགོས།
བོད་མི་སྡུག་རྐྱལ་ཡོད་མི་ཆོག་པ་ཞིག་མིན་ཡང་། སྡུག་རྐྱལ་དེ་ཚོ་བཟང་ཕྱོགས་ལ་སྐོར་རྒྱུ་དེ་ང་ཚོས་ང་ཚོ་ལ་གྲོགས་ཕན་བྱས་བ་མ་ཡིན་ནམ།