ཁང་ཟླ་སྲས།
—-དྲ་ལམ་བརྒྱུད་གྲྭ་བས་རྐུན་མ་གཅར་རྡུང་བྱེད་པའི་བརྙན་ཐུང་ཞིག་མཐོང་རྗེས་བྲིས།
དང་པོ། སྒྲིག་ཆས་དང་། ཁྱད་ལས་ཀྱི་བར་ཐག
གལ་སྲིད་གྲྭ་བ་ཞིག་ཡིན་ཚེ་ངེས་པར་ཨུ་ཚུགས་དང་བཅས་ཁ་གཏད་གཅོག་དགོས་པ་ནི། ཁོང་ཁྲོ་ཡིན་ནམ། འདོད་ཆགས་ཡིན། ཡང་ན། གཏི་མུག་ཡིན་ཞེས་དྲིས་ཚེ། ང་ཚོས་དེར་ལན་ཇི་ལྟར་རྒྱག་དགོས་སམ། འདི་ནི་དེང་གི་མང་ཚོགས་ཀྱི་མིག་སྔར་ལྷག་པའི་རྒྱུན་ལྡན་གྱི་དྲི་བ་ཞིག་རེད། མང་ཚོགས་མང་པོ་ཞིག་གི་ཇི་འདྲ་ཞིག་ལ་གྲྭ་བ་ཟེར་བའི་དོན་འཇུག་མིན་ཤེས་ཀྱི་མེད་པར་མ་ཟད། གྲྭ་ཆས་གོན་པ་ཙམ་གྱིས་གྲྭ་བ་ཡིན་ཤག་བྱེད་ཀྱི་ཡོད།
མ་གཞི་ནས་དེར་ཁག་ཀྱང་མེད་དེ། ཉེན་རྟོག་པའི་གོན་པ་གྱོན་མཁན་ཞིག་མཐོང་བ་ན། ང་ཚོ་སུས་ཀྱང་ཉེན་རྟོག་པ་ཞིག་འདུག་སྙམ་པའི་ཀུན་སློང་སྐྱེ་སྲིད་པ་རེད། འོན་ཀྱང་། ཞིབ་ཏུ་དཔྱད་ན། དེ་ནི་མིག་ཤེས་ལ་སྣང་བ་དེར་རྣམ་རྟོག་གིས་རྒྱས་འགྲེལ་བྱས་པ་ཙམ་ལས། གང་ཟག་དེའི་ཀུན་སྤྱོད་དང་། འཚོ་བའི་ལང་ཕྱོགས་ཐད་ཞིབ་དཔྱད་བྱས་ཚེ། གནད་དོན་དེ་ནི། སྨན་པ་དང་། ཉེན་རྟོག་པ། དགེ་རྒན་སོགས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་བརྫུས་མ་དང་། ཁྲིམས་འགལ་གྱི་བྱ་བ་གཉེར་མཁན་ཧ་ཅང་མང་པོ་ཡོད་པས་སོ། དེ་བཞིན་ཆོས་ལུགས། ཁྲིམས་ལུགས་སོགས་ལས་རིགས་གང་ཞིག་ཡིན་རུང་། རྒྱ་གར་དང་། རྒྱ་ནག་ལྟ་བུའི་རུལ་སུང་གི་སྤྱི་ཚོགས་ནང་སྒྲིག་ཆས་དང་མི་མཐུན་པའི་བྱ་གཞག་གཉེར་མཁན་ནི་གྲངས་ཀྱིས་ག་ལ་ཆོད་ཨང་།
གནད་དོན་འདིར་སློབ་གསོ་དང་། ཁྲིམས་ལུགས་ཀྱིས་མ་འདང་བའི་ཆ་ཞིག་ཏན་ཏན་ཡོད་ངེས་ཀྱང་། མང་པོ་ཞིག་ནི་རང་ཉིད་འཚར་ལོངས་ཀྱི་བརྒྱུད་རིམ་དང་། དེའི་ཁོར་ཡུག་གཉིས་ལ་འབྲེལ་བ་ཆེན་པོ་ཡོད་པར་སྙམ། ལར་ནས་གྲྭ་ཆས་གོན་ཏེ་མང་ཚོགས་ལ་གཅར་རྡུང་བྱེད་མཁན་དང་། སྨན་པའི་མིང་ཐོག་ནས་ནད་པའི་སྙིང་ལྐོག་ཚོང་བྱེད་མཁན། ཁྲིམས་དཔོན་གྱི་རྐུབ་སྟེགས་སྤྱད་དེ་མི་སེར་གྱི་ལག་ནས་ལྐོག་ངན་ལེན་པ་སོགས་ནི། ཇི་ལྟར་བརྟགས་ཀྱང་། འཇིག་རྟེན་འདིར་རྒྱུ་འབྲས་བློ་མིག་གི་མཛེས་སྡུག་བཙན་གྱིས་གསོད་པའི་ནག་ཚོགས་འཇིགས་སུ་རུང་པ་དེ་རང་ཡིན་པས། ང་ཚོས་གཞན་མགོ་མི་སྐོར་བ་དང་། གཞན་སྲོག་མི་གཅོད་པ་གཙོ་བྱས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་གསེར་འདྲ་བ་དག་མི་ཚེའི་སྙིང་པོར་བཟུང་སྟེ་ཇི་སྲིད་བར་དེ་དག་གི་སྐྱུག་བྲོ་བའི་གྲིབ་གཟུགས་ལ་ཡང་དགག་སྒྲུབ་ཀྱི་མཆིལ་ཞགས་འཕེན་འོས་སོ། །
གཉིས་པ། བཙན་བྱོལ་བོད་མི་དང་། དགོན་སྡེ།
ཉེ་ལམ་བོད་ཀྱི་གྲྭ་བས་མི་རྡུང་གི་འདུག་ཅེས་པའི་སྐད་ཆ་ཙམ་མ་ཟད། གྲྭ་བས་དངོས་སུ་མང་ཚོགས་ལ་གཅར་རྡུང་བྱས་པའི་བརྙན་ཐུང་འགའ་རེ་དྲ་ཐོག་ཏུ་ཁྱབ་བཞིན་ཡོད། གཅིག་ནི་གླུ་བ་ཤེར་བསྟན་ལ་ཁ་བཏགས་འཐེན་མཁན་དེར་གཅར་རྡུང་བྱས་པ་ཞིག་ཡིན་ལ། གཅིག་ནི་རྐུན་མ་ཞིག་ཡིན་སྐད། གློག་བརྙན་དེ་དག་ནི་ཉེ་ལམ་བོད་ནས་པར་དུ་བཏབ་ཤ་སྟག་རེད། དེ་ནི་དཔེ་མཚོན་ཙམ་རེད།
དེ་བས་ཀྱང་འཇིགས་སུ་རུང་ལ་ཡིད་མུག་པ་ནི། དོལ་ཚོགས་ཀྱི་གྲྭ་གཟུགས་འགས་ཆོས་ལུགས་ཀྱི་ལ་རྒྱ་སྲུང་ཕྱིར་མི་གསོད་མྱོང་ལ། གྲྭ་བས་ཆབ་སྲིད་ཀྱི་གོ་ས་རྩོད་ཕྱིར་བརྫུན་ཡང་བཤད་མྱོང་། ད་དུང་། ན་ཆུང་བུད་མེད་ཚོ་གྲྭ་བར་དགའ་ཞིང་། གྲྭ་བས་བུད་མེད་ཚོའི་ཆེད་དུ་ཅི་ཡང་བྱེད་ཐུབ་ཅེས་ང་ཚོའི་སྤྱི་ཚོགས་ཀྱིས་ཁ་ནས་འུར་བཞིན་པར་གཞིགས་ན། ད་ནི་ངོ་མ་བོད་ཀྱི་སྤྱི་ཚོགས་དང་ནང་བསྟན་དཔྱད་བརྗོད་པ་སྒོ་ཤེས་རབ་ལགས་ཀྱིས་གྲྭ་བའི་སྡེར་དམིགས་ཏེ། ད་ནི་ཅིས་ཀྱང་ << ང་ཚོ་སད་རན་ >> པའི་བཀའ་མོལ་གནང་བ་དེ་གནད་ལ་འཁེལ་བར་མཐོང་ཡོང་གི་འདུག
གྲྭ་བ་ཡིན་མིན་གང་ལྟར་ཡང་། ནང་བསྟན་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་ཕྱིན། གནད་དོན་འདི་དང་འབྲེལ་ནས་སྤྱི་ཚོགས་ཀྱི་མིག་ནང་གི་གྲྭ་བའི་རིན་ཐང་ལ་བསྐྱར་དུ་བསམ་གཞིགས་ཤིག་མི་བྱེད་ག་མེད་རེད།
བསམས་ཤིང་བསམ་ན་ནི། རྒྱ་གར་གཙོས་པའི་ཕྱི་སྡོད་བོད་པའི་མི་རབས་གསར་པ་དག་གི་ཁྲོད་དུ། དགོན་སྡེར་གསར་དུ་འཛུལ་མཁན་གྱི་གྲངས་ཀ་ཧ་ལམ་ཀླད་ཀོར་གྱི་ཉེ་སར་བཅར་ཡོད་པའི་དོན་དངོས་འདིས། ཕྱི་སྡོད་བོད་རིགས་ཚོའི་ཁྲོད་དུ་གྲྭ་བའི་སྣང་བརྙན་ལ་ངོས་འཛིན་ཅི་འདྲ་ཞིག་བྱེད་ཀྱིན་ཡོད་མེད་གསལ་པོ་རེད། མ་ཟད་དགོན་སྡེར་འཛུལ་ཏེ་མི་ཚེ་གང་འཚམས་སོང་ཟིན་པའི་མཁན་པོ་དང་། བླ་སྤྲུལ་མང་པོ་ཞིག་གིས་ཀྱང་གྲྭ་བའི་འཚོ་བར་ཡིད་བྱུང་སྟེ། འཚོ་གནས་གཞན་ཞིག་བདམས་དང་འདེམས་བཞིན་པའི་སྣང་ཚུལ་སྐྱོ་དུང་བ་དེས། གདན་ས་ཁག་གི་གཙོས་ནང་བསྟན་གྱི་ལྷག་བསམ་ཅན་གྱི་འགན་ཁུར་བ་ཚོར་སེམས་ཁྲལ་འཕར་མ་ཞིག་བསླངས་ཡོད།
དེའི་རྐྱེན་པས་བལ་ཡུལ་དང་། མོན་ཡུལ་སོགས་ནས་ཕྲུ་གུ་སྣབ་ལུག་མང་པོ་ཞིག་གྲྭ་བ་བྱེད་འདོད་ཡོད་མིན་ལ་མ་ལྟོས་པར་དགོན་པའི་སྒྲིག་ཁུངས་སུ་བསྡུ་རྐྱང་བྱེད་ཀྱིན་ཡོད། མ་གཞི་ནས་ཐབས་ལམ་འདི་ཡང་དག་པ་ཞིག་ཡིན་དཀའ་ནའང་། ཕྲལ་གྱི་ཉེན་སེལ་ཆེད་གདན་ས་ཁག་གཙོ་བྱས་པའི་བཙན་བྱོལ་ནང་གི་དགོན་སྡེ་ཚོས་ལམ་བུ་འདི་གནས་སྐབས་རང་མི་འདེམས་ཀ་མེད་དུ་གྱུར་ཡོད་དོ།
ཅེས་པའང་ཁང་ཟླ་སྲས་ཀྱིས་མ་ན་ལིའི་མགྲོན་ཁང་ཞིག་ཏུ་རང་གི་སྣང་ཚུལ་ཤར་མར་བྲིས་སོ།
༅༅། ཁང་ཟླ་སྲས་ལགས།
ཁྱོད་ཀྱིས་བྲིས་པའི་དཔྱད་རྩོམ་འདི་གང་ལེགས་བྲིས་འདུག་ ངས་རྒྱབ་སྐྱོར་ཞུ་གི་ཡོད་།
དེང་གི་དུས་ལ་བྲོག་ཁོག་ཁོ་ན་མ་གཏོགས་གཞན་ཁག་པོ་རེད། རེད་་་དོལ་ཚོགས་ནང་གི་གྲ་པ་ཡིན་མཁན་
ཚོར་ལྟོས་དང། ཐབས་སྡུག་རེད། འདི་ལས་ཐབས་སྡུག་པ་ཞིག་གང་ན་ཡོད།
དུག་གསུམ་ལ་གདོང་ལེན་བྱས་ཏེ་ཐར་ལམ་འཚོལ་བ་ནི། གཏན་གྱི་བདེ་བ་འདོད་ཅིང་བཅོམ་ལྡན་འདས་སྟོན་པར་འཛིན་པ་ཀུན་གྱི་སྤྱི་ཆོས་ཤིག་ཡིན་པ་ལས་གྲྭ་བ་ཁོ་ནའི་འགན་འཁྲི་ཞིག་གཏན་ནས་མིན། ད་དུང་དུག་གསུམ་གང་རུང་གི་དབང་དུ་སོང་སྟེ། སྒོ་གསུམ་གང་རུང་གི་ངན་སྤྱོད་ལྷུར་ལེན་པའང་ཉོན་མོངས་ཅན་པའི་འགྲོ་བ་ཀུན་གྱི་སྤྱི་ཆོས་ཤིག་རེད་པས་ཧང་སང་དོན་གང་ཡང་མེད། ཧང་དགོས་པ་ནི། ཤེས་ལྡན་པའི་གྲལ་ན་ཡོད་མདོག་བསྟན་ནས་འགྲོ་བ་མིའི་གཞི་རིམ་གྱི་བྱ་སྤྱོད་ཙམ་ལའང་རྩིས་མི་ཕོག་ཅིང་ཧ་ལས་ལས་བྱ་བ་དེའོ།། འདི་དངོས་གནས་ཡིན། དེང་སྐབས་གྲྭ་བ་ཞེས་པར་ཤེས་ལྡན་པའི་སྤྱི་ཚོགས་སུ་སྡང་ཟུག་དང་དམོད་མོ་ཧ་ཅང་རྒོད་པ་དང་། གཉིས་སུ་གྲྭ་བ་ལ་མི་སྤྱི་ཡོངས་དང་མ་འདྲ་བའི་སྲུང་བྱ་དཀའ་ལས་ཁག་པོ་ཏག་ཏག་ཡོད་པས་གྲྭ་རྒྱུན་ཆད་ལ་ཉེ་བ་ཡིན། གྲྭ་རྒྱུན་ཆད་ཟིན་པའི་དུས་རབས་ཀྱི་མི་རྣམ་པས་ད་ཡོད་ཀྱི་མི་ཚོར་ལེ་བདའ་བྱ་སྲིད་མོད། དེ་ནི། རོ་ལ་མཚོན་པ་དང་འདྲ་བར་ཁོ་རང་ཚོའི་གྱོང་ཡིན་པ་ལས་འུ་ཚོར་ཕན་གནོད་ཀྱི་འབྲེལ་བ་གང་ཡང་མེད། ཡིན་ཡང་། འོ་སྐོལ་ཚོས་ཀྱང་ཚོར་བ་ཙམ་གྱིས་རྗེས་འདེད་མི་བྱ་བར་མི་རབས་གཞུག་མར་བསམ་གཞིག་བཏང་སྟེ་མདུན་ལམ་ཡངས་པོ་ཞིག་ཏན་ཏན་བསྩལ་ཨེ་ཐུབ་བལྟ་བའི་འགན་ཞིག་འཁུར་དགོས་པར་འདོད།