རེབ་ཐོག་མདའ།
མེ།
འཚིག་བཞིན་པའི་དཔའ་བོ་ཞིག་གི་རྣམ་ཤེས་ཡིན་ལ།
མེ་འབར་དུས་སུ།
ན་ཟུག་མེད་ལ།
ཞེ་སྣང་ཡང་མེད།
ཁ་སང་འབར་གྱིན་པའི་ཁྱོད།
དེ་རིང་ད་དུང་སྦྲ་སྒོ་བརྒྱུད་དེ་རྩྭ་ཐང་ཞིག་བསྲེག་ཀྱིན་འདུག་ལ།
དགོན་གྲོང་ཉུལ་ནས་ལ་རྒྱ་ཞིག་གླེང་གིན་འདུག
མེ།
སྔོན་ཆད་ཞིག་ལ།
ཡུ་རོབ་ནས་འབར་དུས།
རྐང་གཉིས་ཚོགས་ཀྱིས་ཁྱོད་ལ་གུས་འདུད་བྱས་ཡོད་ལ།
ན་ནིང་ཞིག་ལ་འབར་མ་ལ་མཆེད་དུས་ཀྱང་།
ནུབ་ཕྱོགས་པ་འགས་མཐོང་ཡོད་རབས་ཟེར།
མེ།
ལོ་ཟླ་ཞིག་གི་ཧྲག་བར་ན་འབར་གྱིན་པའི་ཁྱོད།
གངས་རིའི་རྣམ་ཤེས་སུ་འཁྲུངས་པ་ནས།
ཨ་མ་ག་ཚོད་ཅིག་གི་སེམས་པ་བསྲེག་སོང་།
བུ་ཕྲུག་ག་ཚོད་ཅིག་དྭ་ཕྲུག་ཏུ་ལྷག་སོང་།
ཡིན་ཡང་།
ཁྱོད་ཀྱིས་སྤོབས་པ་ཞིག་འཁུར་བཞིན།
ལ་རྒྱ་ཞིག་གླེང་བཞིན།
འབྲོག་སྡེ་ནས་ཞིང་གྲོང་དང་།
དགོན་པ་ནས་སློབ་གྲྭ་འགྲིམ་ཐེངས་རེར།
ཁྱོད་ཀྱིས་གླེང་བཞིན་པ་ནི།
དྲང་བདེན་གྱི་ན་ཟུག་ཡིན་ལ།
ཁྱོད་ཀྱིས་འབོད་བཞིན་པ་ནི།
སྒང་བ་བོད་པའི་མ་འོངས་པ་ཁོ་ན་ཡིན།
མེ
རྣམ་ཤེས་ལྔ་བཅུའི་ཁ་ཆེམས་རུམ་ས་ཡིན་ལ།
ས་ཡ་དྲུག་གི་སྐྱིད་སྡུག་གླེང་མཁན་ཡང་ཡིན།
དེར་བརྟེན།
ཟླ་བ་དང་ཁ་ཐག་གིས་གྱེས་པའི་ང་ཚོས།
ཉི་མའི་དྲོད་ཁོད་ཀྱི་འོག་ནས།
ཁྱོད་དང་ཁ་བ་ཅན་ཚང་གི་གཞིས་ཁྱིམ་ཞིག་དྲན་ཀྱིན།
ཁྱོད་ལ་མིག་ཆུ་དྭངས་མོ་ཞིག་དང་མཉམ་ཏུ་སྨོན་ལམ་འདེབས་ཀི་ཡོད།
དེ་རིང་ཁ་སང་ ཁ་བརྡ་དྲ་ཐོག་ཏུ་མེ་ཡི་ལོ་རྒྱུས་དང་མེ་ལྕེ་མཆེད་ཚུལ་མང་པོ་འདུག་ རེ་ཐོག་མདའ་ སྙན་ངག་ཡག་པོ་བྲིས་འདུག་ ངོ་མ་སྣན་ངག་ལ་དུངས་པ་ཟེར་ནོ་ཡོད་ཀི རྟག་པར་འབྲི་གིན་འདུག་བཟང་གི་