མེ་ཁོ་ལན་ལྗི་ལོ།(Michelangelo)
མེ་ཁོ་ལེན་ལྗི་ལོ་དང་རི་མོའི་སྒྱུ་རྩལ།
རྔ་བ་རྒྱལ་ཁམས་པ།
——————————————–
གླེང་བརྗོད།
བཟོ་རིག་སྒྱུ་རྩལ་གྱི་དབང་ཕྱུག་ཆེན་པོ། སྐུ་ཞབས་མེ་ཁོ་ལན་ལྗི་ལོ་མཆོག་སྐུ་གཤེགས་ནས་ད་བར་དུས་རབས་བཞི་ལྷག་འདས་ཟིན་མོད། ཁོང་གིས་བཞེངས་སྐྲུན་མཛད་པའི་བྲིས་འབུར་གྱི་རི་མོའི་ཉམས་འགྱུར་དག་གིས། འཛམ་གླིང་འདིའི་སྒྱུ་རྩལ་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང༌། གཟའ་སྐར་གྱི་དབུས་ན་ཉི་ཟླ་དང༌། རི་དྭགས་ཀྱི་ཁྲོད་ན་སེང་གེ་ལྟར། མཚར་སྡུག་འོད་སྟོང་གི་གཟི་བརྗིད་རབ་ཏུ་འབར་བའི་ཐུན་མིན་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་བཞེངས་སྐྲུན་གནང་ཡོད། ཁོང་གི་གྱོང་ཞིང་རྩུབ་པའི་གཤིས་ཀ་ལས། མི་མང་བོ་ཞིག་ལ་ཁོང་ཁྲོ་བསླངས་ཡོད་མོད། མཛེས་ཤིང་ཡིད་གར་འོང་བའི་བརྩམས་ཆོས་དག་གིས། དགྲ་བོ་ཞིག་ཡིན་ཀྱང་རང་ཉིད་ལ་གུས་བཀུར་དང༌། ཡ་མཚན་གྱི་བསྔགས་བརྗོད་མ་བྱས་མཐུ་མེད་ལྟ་བུའི་གནས་སུ་ལྷུང་ཡོད། ཁོང་གིས་བརྐོས་རིས་དང་ཚོན་བྲིས་དེ་དག་གིས། སྒྱུ་རྩལ་བ་རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་གི་རང་བཞིན་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་འགྱུར་འགྲོས་སྣ་ཚོགས་ཤིག་ཀུན་ནས་མཚོན་པར་བྱས་ཡོད་ལ། ཁོང་གི་སྒྱུ་རྩལ་གྱི་ཕྱི་འཇོག་མེད་ན། ཡུ་ཤི་གནམ་བདག་ཆོས་བརྒྱུད་ཀྱི་གདན་ས་དང༌། བླ་ཆེན་པོབ་ཀྱི་བླ་བྲང་ཡང་བརྗིད་ཆུང་ལ། ཁོང་གི་སྒྱུ་རྩལ་གྱི་ཤེས་རིག་མེད་ན། འཛམ་གླིང་འདིའི་བཟོ་རིག་སྒྱུ་རྩལ་གྱི་མཛེལ་ལྗོངས་ལ་བཀྲགས་མདངས་ཆེན་པོ་དེ་འདྲ་ཞིག་ཡོང་མི་ཐུབ་ཅེས་ཀྱང་སྨྲའོ།།
ལེའུ་དང་བོ།
མི་ཚེའི་ཐོག་མ།
མེ་ཁོ་ལེན་ལྗི་ལོ་མཆོག་ནི། སྤྱི་ལོ༡༤༧༥ཟླ༣ཚེས༦ཉིན་ཨི་ཏྲ་ལིའི་རྒྱལ་ཁབ་ཀྱི་ཁྲོས་ས་ཁ་ནིའི་ས་ཁུལ་གྱི་གྲོང་གསེབ་ཆུང་ངུ་ཁབ་རེ་སི་ཞེས་པའི་ནང༌། ཡབ་ལོ་སྒྲོ་བེ་ཁོ་བྷོ་ན་རོ་གྲིའི་སེ་མོ་ནེ་དང༌། ཡུམ་སྤི་རན་སིའི་སི་མེ་ནིའི་ཡ་ཁྲོ་སྒྲེལ་སེ་ར་ཞེས་པ་གཉིས་ཀྱི་རྒྱུད་དུ་སྐུ་འཁྲུངས། མ་བཅོས་རང་བཞིན་གྱི་མཛེས་ཉམས་ལྷུན་གྱིས་གྲུབ་ཅིང༌། སྐུའི་ན་ཚོད་ཕྲ་ཞིང་ལས་ལ་བརྩོན་པ། ཚུགས་ཀ་བརྟན་ཞིང་ངང་རྒྱུད་འཇམ་པའི་མ་ཡུམ་དེ་ཉིད་ཀྱིས། མེ་ཁོ་ལན་ལྗི་ལོ་དང་དེའི་གཅེན་པོ་ལེ་ཡོན་ནར་སྒྲོ་གཉིས་ཀྱི་འཚར་ལོངས་ཆེད་སྐུ་ངལ་མང་བོ་ཞིག་བསྐྱོན་ཡོད། ཡབ་ལོ་སྒྲོའི་བེ་ཁོ་མཆོག་ནི། ཁབ་ཕི་རེ་སིའི་གྲོང་སྡེའི་སྤྱི་ཁྱབ་ཡིན་མོད། སྟབས་མ་ལེགས་པ་ཤིག་ལ། སྲས་གཉིས་པ་སྐུ་འཁྲུངས་ནས་རིང་བོར་མ་ལོན་པར། ལས་གནས་ཤོར་ཏེ་ཁྱིམ་ཚང་གི་འཚོ་ཐབས་ཐད་དཀའ་ཁག་མང་བོ་ཞིག་དང་འཕྲད་རྐྱེན། ཡུམ་གྱི་ཐུགས་རེ་ལྟར་བཙས་ནས་ཡུན་རིང་མ་ལོན་པའི་བྱིས་པ་རྨ་འབྱར་མེ་ཁོ་ལན་ལྗི་ལོ་གནས་སྐབས་ཤིག་གི་རིང༌། ཡུལ་དེའི་རྡོ་བཟོ་བ་ཞིག་གི་ཆུང་མར་བསྐྱེད་སྲིང་ཡོང་བར་རོགས་བཅོལ་གནང་དོན་ལྟར། རང་ཁྱིམ་དང་ཞལ་གྱེས་ཏེ་གཞན་དང་མཉམ་པོར་འཚོ་དགོས་བྱུང་བ་ལས། རྐྱེན་ངན་དགེ་བའི་གྲོགས་སུ་སོང་སྟེ། ཁོང་བཟོ་རིག་སྒྱུ་རྩལ་གྱི་ལམ་ཆེན་ཐོག་བསྐྱོད་པའི་རྟེན་འབྲེལ་དང་བོ་དེ་དེ་ནས་འགྲིགས་འདུག་པར་སེམས་ཏེ། དུས་ཕྱིས་སྒྱུ་རྩལ་བ་རང་ཉིད་སྙན་གྲགས་ཆེན་པོར་ཆགས་རྗེས་ཤིག་ཏུ་གྲོགས་པོ་ཚོར་ཀུ་རེའི་ཚུལ་དུ་གསུངས་གསལ་ཞིག་ལ། ༼ང་རྡོ་ལ་དགའ་མོས་ཆེ་བ་ནི། ང་རང་རྡོ་བཟོ་བ་ཞིག་གི་ཆུང་མའི་ནུ་ཞོ་ལ་བརྟེན་ནས་བྱུང་བ་རེད༽། ཅེས་གསུངས་འདུག ང་ཚོས་ཁོང་གི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཁོང་སྒྱུ་རྩལ་བ་ཞིག་གི་ཁྱིམ་རྒྱུད་ནས་བྱུང་བ་ཞིག་མ་ཡིན་པར་གསལ་མོད། རང་ཉིད་ཀྱི་ལས་འཕྲོ་བཟང་བོའི་བག་ཆགས་སད་པ་ལས། སྒྱུ་རྩལ་ཕྱོགས་ལ་རང་བཞིན་གྱིས་བཅོས་མིན་དགའ་མོས་དང༌། སྦྱོང་འདུན་ཆེ་བ་ཞིག་ཡིན་པར་སྣང་ལ། ཡབ་ཀྱིས་སྡེ་བའི་སྤྱི་ཁྱབ་ཀྱི་ལས་གནས་ཤོར་བ་ནས་བཟུང༌། ཕྱག་ལས་གཞན་པ་གང་ཡང་གནང་མེད་ཁར། ཡུམ་ལ་སླར་ཡང་བུ་ཕྲུག་གསུམ་ཞིག་འཁྲུངས་འདུག་སྟབས། ཁྱིམ་ཚང་གི་འཚོ་བའི་ཐོག་དཀའ་ངལ་སྣོན་མ་ཞིག་ཐེབས་འདུག་ལ། མེ་ཁོ་ལན་ལྗི་ལོ་དགུང་གྲངས་དྲུག་ཏུ་ཕེབས་མ་ཐག་པ། སྤྱི་ལོ༡༤༨༡ལོར་ཡུམ་སྤི་རན་སིའི་སི་སྐུ་གཤེགས་འདུག སྐབས་འདིར་ང་རང་ངོ་མཚར་བ་ཞིག་ལ། འཇིག་རྟེན་འདིའི་ཐོག་གང་ཟག་ཁྱད་པར་ཅན་རེ་སྐུ་འཁྲུངས་འདས་ཀྱི་སྐབས། གྱོང་གུད་དང་གོད་ཆགས་རེ་འབྱུང་བ་ནི་ངེས་ཅན་ལྟ་བུ་ཞིག་ཡིན་པར་སེམས་ཏེ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཆེན་པོ་སྐུ་འཁྲུངས་བའི་སྔ་ལྟས་སུ། སྟག་འཚེར་ལུང་བར་སད་སེར་གྱི་ཐད་པ་ཆེན་པོ་ཞིག་བྱུང་བའི་ལོ་རྒྱུས་དང༌། དབྱིན་ཇིའི་རྩོམ་པ་པོ་ཤག་ཁུ་སི་པེ་ཨར་སྐུ་འཁྲུངས་དུས། ལུང་བ་དེར་ནད་ཡམ་ཆེན་པོ་ཞིག་དར་མཆེད་བྱུང་བ་དང༌། འཇར་མན་གྱི་ཚན་རིག་པ་ཨ་ཡིན་སི་གྲན་སྐུ་བལྟམས་པ་ནས། ཁྱིམ་ཚང་གི་འཚོ་གནས་ལ་དཀའ་ངལ་ཧ་ཅིང་གི་ཆེན་པོ་ཞིག་བྱུང་བ་སོགས། གནས་ཚུལ་ཡ་མཚན་ཅན་དེ་དང་དེ་ལྟ་བུ་མང་བོ་ཞིག་འདུག་ཀྱང་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། གང་ལྟར་ཡང༌། མེ་ཁོ་ལན་ལྗི་ལོ་མཆོག་མཚན་སྙན་ཆེན་པོར་ཆགས་པ་ནས། རང་གི་ཁྱིམ་ཚང་དང་སྤུན་མཆེད་དག་གི་ཆེད། རང་སྲོག་བློས་གཏོང་གིས་རོགས་སྐྱོར་ཆེན་པོ་ཤིག་བྱས་འདུག་མོད། རང་ཉིད་ལ་འཇོན་ཐང་མེད་པར་གཞན་གྱི་རོགས་རམ་ཉག་གཅིག་ལ་བརྟེན་ནས་ཕྱུག་ཆེན་ཞིག་ཏུ་ཆགས་མི་ཐུབ་པ་ནི་གསལ་བཤད་ཞུ་མ་དགོས་པ་ཞིག་རེད། དེ་ལྟ་ནའང༌། ཁོང་གིས་དུས་རྒྱུན་དུ་རང་ཉིད་ཀྱི་ཡོང་འབབ་དོ་དམ་སྲི་ཚགས་མཛད་ནས། དེ་དག་ལ་དངུལ་ཁྱོན་ཆེ་ཡང་ཡང་བཏང་འདུག་གོ།
ལེའུ་གཉིས་པ།
གྲོང་ཁྱེར་སྤི་ལོ་རེན་སི་དང་སྒྱུ་རྩལ་དང་ཡི་གེ་ཕྱི་དར་གྱི་དུས་རབས།
རྟེན་འབྲེལ་བཟང་བ་ཞིག་ལ། མེ་ཁོ་ལེན་ལྗི་ལོ་མཆོག་ལོ་རྒྱུས་ཐོག་ཡུ་རོབ་ཀྱི་སྒྱུ་རྩལ་ལྟེ་གནས་གལ་གནད་ཅན། སྤི་ལོ་རེན་སི་ཞེས་འབོད་པའི་གནའ་གྲོང་སྙན་གྲགས་ཅན་དེའི་ནང་འཚར་ལོངས་ཐུབ་པ་བྱུང་འདུག་ལ། དེའང་གནའ་གྲོང་དེ་ནི་ཡུ་རོབ་ཀྱི་ལོ་རྒྱུས་ཐོག ༼སྒྱུ་རྩལ་དང་ཡི་གེ་ཕྱི་དར་གྱི་དུས༽ཞེས། སྤྱི་ལོ༡༣༠༠ནས༡༦༥༠བར་བྱུང་བའི་གནའ་བོའི་བསམ་བློ་དང༌། སྒྱུ་རྩལ། རྩོམ་བྲིས་སོགས་རིག་གཞུང་རྙིང་མ་བསྐྱར་དར་ཤུགས་ཆེ་བྱུང་བའི་གནས་དེ་ཡིན་ལ། སྤྱི་ལོ༡༤༥༠ནས་སྤྱི་ལོ༡༥༥༠བར་དུས་རབས་གཅིག་ལྷག་གི་རིང༌། མེ་རི་ཆེན་པོ་ཞིག་གློ་བུར་འབར་གས་བྱུང་བ་བཞིན། གནའ་གྲོང་དེ་ཉིད་ཀྱི་ནང་གསར་བརྗེ་རང་བཞིན་གྱི་བསམ་བློའི་ནུས་པ་ཤུགས་ཆེར་རྒྱས་པའི་སྒྱུ་རྩལ་བ་དང༌། བསམ་བློ་བ། ཆབ་སྲིད་པ། སྙན་ངག་མཁན། ཚན་རིག་པ༌། རྩོམ་པ་པོ་སོགས་འདུ་འཛོམས་མཇལ་འཕྲད་ཀྱིས་ཐོབ་ཐང་འདྲ་མཉམ་གྱི་གནས་སྟངས་འོག རང་རང་གིས་ལྟ་ཚུལ་སྒྲོག་སྦྱངས་དང༌། བགྲོ་གླེང་བརྒྱུད། བསམ་ཚུལ་བརྗེ་རེས་ཀྱི་ཁོར་ཡུག་ཉམས་དགའ་བ་ཞིག་བྱུང་ཞིང༌། དེ་དག་ཕལ་ཆེར་ཞིག་མཚན་རྩིས་རིག་པའི་ཕྱོགས་ལ་མཁྱེན་རྒྱ་ཡངས་པའི་གནའ་རབས་དགུ་རིག་གི་མཁས་པ། སྐུ་ཞབས་ཨར་ཆའི་མེ་སྒྲི་སི་དང༌། ༼སྤྱི་ལོ་སྔོན༢༤༧ནས༢༡༢བར༽ཕི་ལེ་ཁྲོ༼སྤྱི་ལོ་སྔོན༤༢༨ནས༣༤༨བར༽སོགས་ཀྱི་ལྟ་གྲུབ་ཀྱིས་ཡིད་སེམས་རབ་ཏུ་བཀུགས་འདུག གནའ་བོའི་སྤྱི་ཚོགས་བྱིངས་དང་འདྲ་བར་དུས་སྐབས་དེ་དག་གི་ནང༌། སྐུ་དྲག་མི་དྲག་གི་རྒྱུད་པ་དང༌། ཚོང་རིགས་རྣམས་ནི་འབྱོར་ཕྱུག་ཧ་ཅིང་འཛོམས་པོ་དང༌། མི་མང་དཀྱུས་མ་དག་ནི་དབུལ་བོ་དབུལ་རྐྱང་ཡིན་སྟབས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཆེས་ཧ་ཅིང་གི་དོ་མི་མཉམ་པ་ཞིག་རེད། གྲོང་ཁྱེར་དེ་ནི་རྒྱ་མཚོ་དང་ས་ཁད་ཉེ་བ། ཞིང་ས་ཧ་ཅིང་གི་གཤིན་པོ་ཡོད་པ་དེ་འདྲ་ཞིག་ཡིན་པར་མངོན་ལ། གྲོང་ཁྱེར་གྱི་དངུལ་ཁང་ཆེ་གྲས་ཚང་མས་མངའ་ཁུལ་མི་སྡེ་ཁག་ལ་གཞི་རྒྱ་ཆེ་བའི་དངུལ་བིན་བསྐྱི་གཡར་བྱེད་ཅིང༌། ཞིང་ས་རྒྱུ་སྤུས་ཤིན་ཏུ་བཟང་བོ་ཡོད་སྟབས། གྲོང་ཁྱེར་གྱི་འབྱོར་ཕྱུག་ཚང་མ་ཞིང་ལས་སོ་ནམས་ལ་བརྟེན་ནས་བྱུང་ཞིང༌། གྲོང་ཁྱེར་རང་ཉིད་ལའང་གོ་བའི་རིགས་དང༌། སྲིན་བལ། ཚོན་རྫས། སྨན་སྣ། བྱེ་འབྲས། སྔོ་ཚོད་སོགས་ཕྱི་ཕྱོགས་སུ་འགྲོ་རྒྱུགས་ཆེ་བའི་ཐོན་རྫས་སྣ་མང་ཡོད་པས། ཁ་བསོད་བཟང་ཞིང་གཏོང་ཕོད་ཆེ་བའི་འབྱོར་ལྡན་མང་བོས། དཔལ་འབྱོར་གྱི་མ་རྩ་བཙུགས་ནས་སྒྱུ་རྩལ་གྱི་ཐོན་རྫས་སྣ་མང་བསྐྱེད་སྲིང་འཛུགས་སྐྲུན་བྱས་འདུག་གོ།
ལེའུ་གསུམ་པ།
སྒྱུ་རྩལ་བ་ཞིག་གི་སློབ་ཕྲུག
སྒྱུ་རྩལ་བ་ཞིག་ཏུ་ཆགས་རྒྱུ་ནི་མེ་ཁོ་ལན་ལྗི་ལོ་མཆོག་གིས་ནམ་རྒྱུན་སེམས་ན་ཉལ་བའི་རླབས་ཆེན་གྱི་རྨི་ལམ་ཞིག་ཡིན་ལ། ཁོང་གིས་རྒྱུ་མཚན་དེ་བཞིན་རང་ཉིད་ཀྱི་ཡབ་ལ་འགྲེལ་བརྗོད་ཞུས་ཀྱང༌། ཡབ་ཀྱིས་ངོས་ལེན་མ་གནངས་པར་ལོ་ན་བདུན་པའི་ཐོག སློབ་གྲར་བཏང་མོད་མཁྲེགས་འཛིན་ཆེ་བའི་བྱིས་པ་ཆུང་ངུ་དེས་གནས་ཚུལ་ཕྲན་ཚེགས་མང་བོར་ཁག་འདོགས་བྱས་ཏེ། སློབ་གྲ་ནས་གཡོལ་ཅི་ཐུབ་བྱས་འདུག་ལ། ཁོང་གིས་ཡབ་ལ༼བྷོ་ཁྲིའི་དགའ༽ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་སློབ་གྲ་ཞིག་ཏུ་སློབ་འཇུག་ཡོང་ཐབས་ཨུ་ཚུགས་བསྟུན་མར་བྱས་མཐར། དགུང་གྲངས་བཅུ་གསུམ་དུ་སླེབས་ཚེ་ཡབ་ལས་དགོངས་འཁྲོལ་ཐོབ་སྟེ། དགར་ལན་སྒྲ་ཡོ་སྤུན་མཆེད་ཀྱིས་གཉེར་བའི་ཚོན་བྲིས་བཟོ་གྲར་འབྲེལ་མཐུད་བྱས་ཤིང༌། བློ་སེམས་རབ་ཏུ་ཕམ་པའི་ཡབ་ལོ་སྒྲོ་བེ་ཁོ་ནས། འབྲེལ་ལམ་དཔང་ཡིག་ཅིག་བྲིས་ཏེ་དཔང་ཡིག་དེའི་ནང་མེ་ཁོ་ལན་ལྗི་ལོ་ནས། སློབ་གྲ་དེའི་ནང་ལོ་བར་གསུམ་རིང་སློབ་སྦྱོང་བྱེད་ཆོག་པ་དང༌། དཀའ་ངལ་དང་སུན་འཚེར་ཅི་འདྲ་ཞིག་བྱུང་རུང་དགེ་རྒན་དག་གི་བཀའ་གསུང་དང་ལེན་བརྩི་འཇོག་བྱེད་དགོས་སྐོར་བརྗོད་ཅིང༌། ཡི་གེ་དེའི་ཐོག་རང་ཉིད་ཀྱི་ས་རྟགས་ཀྱང་བསྐྱོན་འདུག དེ་ལྟ་ནའང༌། དགའ་འོས་པ་ཞིག་ལ། ཚོན་བྲིས་སློབ་གྲ་དེའི་དགེ་རྒན་ཚང་མ་སློབ་དཔོན་གོང་མ་དག་གི་ཕྱག་རྒྱུན་ལས་བྱུང་བའི་བཟོ་རིག་སྒྱུ་རྩལ་གྱི་ཡོན་ཚད་མཐོ་ལ། སྤུས་ཀ་བཟང་བ། རང་ཉིད་ལ་བཞུགས་པའི་ཤེས་བྱ་མཐའ་དག་སློབ་མ་དག་ལ་དཔེ་མཁྱུད་ཅུང་ཟད་ཀྱང་མེད་པར་སློབ་ཁྲིད་གནང་མཁན་ཞེ་གཅིག་ཡིན་སྟབས། སློབ་མ་རྣམས་ཀྱི་རྒྱུད་ལ་ཤེས་ཡོན་གྱི་རྨང་གཞི་ཚུགས་སླ་ཞིང༌། ཡར་བསྐྱེད་ཀྱི་ཚད་མྱུར་བ། ཤེས་ཚད་ཟབ་པ་སོགས། སྒྱུ་རྩལ་སློབ་གྲ་ཆེན་མོ་ཞིག་དང༌། ཧ་ལམ་ཁྱད་པར་མེད་པ་ལྟ་བུ་ཞིག་ཡིན་པར་སེམས་ཤིང༌། མེ་ཁོ་མཆོག་སློབ་གྲ་དེར་ཞུགས་ནས་ཡུན་རིང་མ་ལོན་པར། རང་གི་རིག་པ་དང༌། ཤེས་ཡོན་ལ་དགར་ལན་སྒྲའོ་སྤུན་མཆེད་སེམས་འགུལ་ཆེན་པོ་ཐེབས་ཏེ། སློབ་ཡོན་ཀྱང་དམིགས་བསལ་སྤྲོད་མ་དགོས་པར་བྱས་ཐོག དེ་དག་གིས་ཁོང་གི་སྒྱུ་རྩལ་ཕྱག་རིས་ལ་ཕར་གླ་ཆ་སྤྲད་དགོས་པར་ཆགས་འདུག མེ་ཁོ་ལན་ལྗི་ལོ་དགུང་གྲངས་བཅོ་ལྔར་སླེབས་པ་ན། ཁོང་གི་ཡོན་ཚད་ལ་ལྟོས་ན་སློབ་གྲ་དེར་དེ་ལྷག་སྦྱོང་རྒྱུ་མེད་པས་ཐུགས་སུན་པའམ། ཡང་ན། རང་ཉིད་ཀྱི་ཐུགས་སྦྱོང་ཁ་ཕྱོགས་བསྐོས་དཀྲོལ་སྒྱུ་རྩལ་གྱི་ཕྱོགས་སུ་བསྐྱོད་འདུན་ལྟ་བུས། ཕ་རྒན་གྱིས་བཞག་པའི་དཔང་ཡིག་ལས་འདས་ཏེ། ཚོན་བྲིས་སློབ་གྲ་དེ་ལས་ཕྱི་ལ་ཐོན་འདུག ཁོང་གིས་སློབ་གྲ་དེ་ལས་གཙོ་བོ་སྤི་རིའི་སི་ཁོ་ཞེས་པའི་ཚོན་བྲིས་ཀྱི་ལུགས་སློབ་སྦྱོང་བྱས་པས། ཕྱིས་སུ་བླ་ཆེན་པོབ་བླ་བྲང་གི་མཆོད་ཁང་ཆེན་མོའི་ནང་ངོས་གནམ་གྲམ་གྱི་ཚོན་རིས་སྙན་གྲགས་ཅན་དེ་དག་གཙང་བྲིས་ཞུས་སྐབས་བེད་སྤྱོད་ཆེན་པོ་ཞིག་བྱུང་འདུག་པར་མངོན་ནོ།།
ལེའུ་བཞི་བ།
སྐོས་དཀྲོལ་ལག་རྩལ་བ་ཞིག་ཏུ་ཆགས་པ།
༼ཡི་གེ་དང་སྒྱུ་རྩལ་ཕྱི་དར་དུས༽ཀྱི་སྒྱུ་རྩལ་བ་དག་གིས་ཆེས་ཆེར་བསྔགས་པའི་གནའ་བོའི་དགུ་རིག་དང༌། རོམ་གྱི་སྐོས་དཀྲོལ་སྒྱུ་རྩལ་དང༌། མཚན་ཉིད་རིག་པའི་བསམ་བློའི་ལྟ་སྟངས་མི་འདྲ་བ་ཁག་ལ་སློབ་སྦྱོང་བྱ་རྒྱུ་ནི། མེ་ཁོ་ལན་ལྗི་ལོ་མཆོག་གི་ཐུགས་ཀྱི་འདུན་པ་གཙོ་བོ་ཞིག་སྟེ། དགུ་རིག་གི་རྐོས་དཀྲོལ་མཁན་དག་གིས་བཞེངས་སྐྲུན་བྱས་པའི་སྐུ་བརྙན་རྣམས་ནི། ཤ་ཁྲག་དང༌། རྒྱུས་པ། རྩ་སོགས་ཀྱི་རྣམ་འགྱུར་གསལ་བོར་མངོན་ཞིང༌། མི་གསོན་པོ་ཞིག་འདྲ་འབག་ལས་ཕྱིར་ཐོན་ལ་ཉེ་བ་ལྟ་བུ། བལྟས་ན་ངོ་མ་དང༌། རེག་ན་དྲོན་སྣང་སྟེར་ནུས་པའི་ངོ་མཚར་སྨད་དུ་བྱུང་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་སྟབས། དགུ་རིག་གི་སྐོས་དཀྲོལ་སྒྱུ་རྩལ་ཞེས་སྙན་པའི་གྲགས་པ་གནའ་ནས་ད་བར་རྙིང་མ་མྱོང་བ་ཞིག་ཡིན་ལ། ཁོང་གི་སྐུ་ཚེའི་སྐབས་གནའ་བོའི་སྐོས་དཀྲོལ་གྱི་སྒྱུ་རྩལ་སློབ་སྦྱོང་བྱ་ཡུལ། སྤུ་ལོ་རིན་སིའི་རྒྱལ་སྲས་ལོ་རིན་ཟོ་མཆོག་གིས་གཉེར་བའི་༼བརྐོས་དཀྲོལ་དགའ་ཚལ༽ཞེས་པའི་སློབ་གླིང་དེ་ཁོ་ན་ཡིན་པར་གྲགས་ཤིང༌། རྒྱལ་སྲས་ལོ་རིན་ཟོ་ཞེས་པ་ནི་མིང་ཏུ་གྲགས་པའི་རྐོས་དཀྲོལ་མཁན་ཆེན་པོ་བྷི་ཁྲོལ་སྒྲོ་སྒྲིའི་དགུ་ཡོ་བ་ནེ་ཞེས་འབོད་པའི་དངོས་སློབ་ཅིག་ཡིན་ལ། ཁ་བསོད་ཅན་གྱི་རྒྱལ་སྲས་དེས་རང་གི་སློབ་དཔོན་གྱི་རྐོས་དཀྲོལ་བདམས་སྒྲིག་གི་ཞོར་དུ་གཞོན་སྐྱེས་སྒྱུ་རྩལ་བ་རྣམས་ལ་སློབ་ཁྲིད་ཀྱང་གནང་གི་ཡོད་ཚོད་རེད། མེ་ཁོ་མཆོག་རྒྱལ་སྲས་དེར་ངོ་སྤྲོད་གནང་དོན་ལྟར། ཁོང་གི་སྐུ་ཡོན་ལ་རྒྱལ་སྲས་དེ་ཐུགས་རབ་ཏུ་མགུ་ནས། སྒྱུ་རྩལ་ཕྱག་ལས་ཡར་བསྐྱེད་ཡོང་བར་གཞེན་སྐུལ་ཡང་ཡང་གནང་ཞིང༌། སྐབས་དེར་ཡོངས་གྲགས་ཀྱི་བསམ་བློ་བ་ཆེ་ཁག་མང་བོ་ཞིག་ཀྱང་ཁོང་བར་ངོ་སྦྱོར་མཛད་འདུག མེ་ཁོ་ནས་རྒྱལ་སྲས་ཀྱི་བཀའ་གསུང་མཐའ་དག་གུས་བརྩི་ལྷོད་མེད་གནང་བས། རྒྱལ་སྲས་དེ་བཞིན་ཁོང་གི་ཕ་རྒན་གཉིས་པ་ལྟ་བུར་ཆགས་ནས། དེ་དང་འགྲོགས་རྒྱུན་རིང་ཕྱུག་པོ་དག་གི་འཚོ་བ་སྐྱེལ་སྟངས་དང༌། དངུལ་གྲོན་གཏོང་ལུགས། སྒྱུ་རྩལ་བ་ཚང་མར་རང་ཉིད་ཀྱི་སྒྱུ་རྩལ་དངོས་ཟོག་ལ། གཞན་གྱིས་རིན་ཐང་གཅོད་དགོས་ཚུལ་བཅས་ལེགས་པར་ཤེས་རྟོགས་བྱུང་བ་སོགས། གཞོན་སྐྱེས་སྒྱུ་རྩལ་བ་ཞིག་ལ་ལྟོས་ན། སྐབས་དེ་ནི་ཆེས་གནད་འགག་ཆེ་བའི་དུས་ཚོད་ཅིག་ལ་ངོས་འཛིན་བྱེད་ཆོག རྒྱལ་སྲས་དེ་ནི་ཁོང་བར་ལས་ཀ་སྤྲོད་མཁན་གྱི་མི་ཐོག་མ་དང༌། གྲོགས་པོ་བཟང་ཤོས་དེའང་ཡིན་འདུག་ལ། རིང་བོར་མ་ལོན་པར་ཁོང་གི་ཡོན་ཏན་གྱི་སྙན་པ་ཤིན་ཏུ་དར་རྒྱས་ཕྱིན་པར། རང་ཉིད་ཀྱི་སློབ་གྲོགས་ཕེ་ཁྲི་རོ་ཁྲོ་རིའི་དགུ་ཡ་ནོ་ཞེས་པ་ཕྲག་དོན་ལངས་ནས། ཁོང་གི་གདོང་བར་ཁུ་ཚུར་གྱིས་གཞུས་པས་རྣའང་ནང་དུ་ལྟིབ་འདུག་པར་བཤད་ལ། སྤྱི་ལོ༡༤༩༢ལོར་ལོ་རིན་ཟོ་སྒྲིའི་མཆོག་སྐུ་གཤེགས་རྐྱེན། གྲོགས་པོ་བཟང་བོ་ཞིག་དང༌། ཕ་ཚབ་འབྱོར་ལྡན་ཞིག་གློ་བུར་ཕྱི་ཡུལ་འགྲིམས་པ་གཟིགས་ནས། དགུང་གྲངས་༡༧ཙམ་ལས་མ་སོན་པའི་མེ་ཁོ་ལན་ལྗི་ལོ་མཆོག་ཐུགས་ཤིན་ཏུ་སྐྱོ་སྟེ། རེ་ཞིག་བར་ཕྱག་ལས་ཀྱང་ཅམ་འཇོག་གནང་འདུག ལོ་དེའི་ནང་རང་ལ་གནའ་རབས་དགུ་རིག་དང་སན་ཁྲོར་སི་གཉིས་གཡུལ་འགྱེད་བྱས་པའི་སྒྲུང་གཏམ་ལོ་རྒྱུས། ཕྱེད་མི་ཕྱེད་རྟའི་རྣམ་པ་ཅན་གྱི་སྐོས་དཀྲོལ་སྣང་བརྙན་ངོ་མཚར་ཅན་དེ་བཞེངས་སྐྲུན་མཛད་འདུག་གོ།
ལེའུ་ལྔ་བ།
སྲོག་ལྡན་དང་འཆི་བ།
རྒྱལ་སྲས་མཆོག་སྐུ་གཤེགས་ནས་ཡུན་རིང་མ་འགོར་བར། མེ་ཁོ་མཆོག་གིས་སྤྱིར་བཏང་མ་ཡིན་པའི་སྒྱུ་རྩལ་གྱི་བློ་སྦྱོང་ཁྱད་པར་བ་ཞིག་གནང་ཡོད། ཁོང་སྤི་ལོན་རིན་སིའི་ནང་རྟེན་གཞི་བྱས་པའི་ཡུ་ཤིའི་དགོན་པ་ཞིག་གི་སྨན་ཁང་དུ་ཕེབས་ནས། སྨན་ཁང་དེའི་གསོན་པོ་དག་དང་མཉམ་པོར་ཕྱག་ལས་གང་ཡང་གནང་མི་འདུག་མོད། ཕྱག་ལས་ཤིག་གནང་བ་ནི། ཤི་ཟིན་པའི་མི་རོ་མང་བོ་གཤག་བཅོས་བྱས་ཏེ་ལུས་ཀྱི་ཕྱི་ནང་མ་ལག་དང་བཅས་པའི་ཆགས་གྲུབ་ཐོག་དམར་སྦྱོང་ཞུས་པ་དེ་རེད། དེ་ཡང༼སྒྱུ་རྩལ་དང་ཡི་གེ་ཕྱི་དར་དུས༽ཀྱི་སྒྱུ་རྩལ་བ་ཆེན་པོ་དག་གིས་ཕྱག་བཞེས་ལྟར། མི་རོ་མང་བོ་གཤག་བཅོས་མཛད་ནས་འགྲོ་བ་མིའི་ལུས་ཀྱི་ནང་ལོགས་ཀྱི་དོན་ལྔ་སྣོད་དྲུག་དབང་བོ་སོགས་ཀྱིས་ལས་ཀ་ཅི་ལྟར་བྱེད་ཀྱི་ཡོད་མེད་དང༌། ཤ་ཁྲག་རྒྱུས་པ་ཀེང་རུས་སོགས་ཀྱི་ཆགས་སྟངས་གསལ་བོར་ཤེས་རྟོགས་བྱུང་བ་བཅས། མདོར་ན། ལུས་ཀྱི་ཆགས་ཚུལ་རིག་པའི་ཕྱོགས་ལ་མཁས་པའི་ཕུལ་དུ་ཕྱིན་འདུག གཟབ་ནན་གྱིས་ཉམས་ཞིབ་བྱེད་ལུགས་ཀྱི་ཕྱག་བཞེས་དེས། ཁོང་གི་མི་ཚེའི་སྟེང་དཀའ་སྡུག་མང་བོ་ཞིག་ལ་འཕྲད་འདུག་མོད། དེ་ལ་བརྟེན་ནས་ཁོང་གིས་ཤི་གསོན་གྱི་འགྲོ་བ་མིའི་ལུས་ཀྱི་ཆགས་ཚུལ་ཧ་ཅིང་གསལ་བོར་ཤེས་རྟོགས་བྱུང་བའི་གྲུབ་དོན་ཁག སྒྱུ་རྩལ་བས་ཕྱག་ལས་ཐོག་ནས་འགྲེལ་བརྗོད་ཞིབ་གསལ་གནང་ཡོད། སྐབས་དེ་ཤེད་ཅིག་ནས་ཁོང་ལ་རྙིང་ནད་ལྟ་བུ་ཞིག་གིས་ཟིན་ཁར་གྲོང་ཁྱེར་དེར་བཞུགས་རྒྱུར་སུན་སྣང་སྐྱེ་བཞིན་པའི་མུར། རོམ་ནས་འབོད་འགུགས་ཀྱི་ཡི་གེ་ཞིག་འབྱོར་ཞིང༌། ཁེངས་དྲག་ཆེ་བའི་གཞོན་སྐྱེས་སྒྱུ་རྩལ་བ་ཞིག་ལ་ལྟོས་ན། ས་ཁུལ་དེ་ནི་ཆེས་ཧ་ཅིང་གི་གལ་གནད་ཆེ་བའི་གནས་ཤིག་སྟེ། གནའ་བོའི་གྲོང་ཁྱེར་དེ་ཉིད་ཀྱི་ནང་ལོགས་ན་༼བེ་ཁྲ་ཁན༽ཞེས་ཡུ་ཤིའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་དང༌། བླ་ཆེན་པོབ་ཀྱི་བླ་བྲང་སོགས་ལོ་རྒྱུས་ཀྱི་དོན་སྙིང་ཆེ་བའི་ས་གནས་མང་བོ་ཞིག་ཡོད་པ་རེད། ཁོང་རོམ་དུ་འགྲོ་རྒྱུའི་གོ་སྐབས་བྱུང་བར་ཐུགས་རབ་ཏུ་དགའ་ཞིང༌། རང་གི་མངོན་འདོད་འབྱོར་ཕྱུག་འཛོམས་པའི་བླ་བྲང་དང༌། གཙུག་ལག་ཁང་དེ་དག་གི་ནང་ལས་ཀ་ཞིག་བྱེད་ཐུབ་པའི་གོ་སྐབས་བརྒྱུད། འབྱོར་ལྡན་ཞིག་གིས་རང་ཉིད་ཀྱི་གོང་ཚད་ཆེ་བའི་རྡོ་ཀ་མ་རུའི་འགྲོ་སོང་ཐད། རོགས་སྐྱོར་རྒྱབ་གཉེར་ཡོང་རྒྱུའི་ཐུགས་རེའང་གནང་བཞིན་ཡོད་པ་རེད།
རྙིང་རྗེ་ཆེན་པོ་གསུམ།
བིར་ལྗིན་མེ་རེ་མཆོག་གིས་འདས་ཟིན་པའི་རང་གི་སྲས་བོ་སྐུ་ཕང་དུ་བཞེས་བཞིན་པའི་རྣམ་པ།
རོ་མན་ཀ་ཏོ་ལུག་ཆོས་བརྒྱུད་ཀྱི་དབུ་འཛིན་ལྗེན་བྷེལ་ཧེ་ཨར་སི་སྒྲིའི་ལ་དགུ་རོ་ལ་སི་མཆོག་གིས་བཀས་བསྐུལ་ཏེ། མེ་ཁོ་ནས་བླ་ཆེན་པོབ་བླ་བྲང་གི་གདུང་ཁང་ནང༌། སྙིང་རྗེ་ཆེན་པོ་ཞེས་པའི་བསྐོས་དཀྲོལ་གྱི་སྐུ་བརྙན་ཡ་མཚན་ཅན་དེ་བཞེངས་སྐྲུན་བྱས་ཡོད། དང་ཐོག་ཁོང་ལས་གནས་དེ་ཐོབ་པར་ཐུགས་ཤིན་ཏུ་མཉེས་པོ་ཞིག་བྱུང་འདུག་མོད། ཅུང་མ་བདེ་བ་ནི་དུས་ཡུན་ལོ་གཅིག་ཡས་མས་ཤིག་གི་གོ་སྐབས་མ་གཏོགས་རག་གི་མེད་པ་རེད། གང་ལྟར་ཡང༌། རྙིང་རྗེ་ཆེན་པོ་ཞེས་པའི་འདྲ་སྐུ་འདི་བཞིན་ཡི་ཤི་མ་ཁི་ཁའི་མ་ཡུམ་བིར་ལྗིན་མ་རེ་མཆོག་གི་སྐུ་པང་དུ། འདས་ཟིན་པའི་རང་གི་སྲས་པོ་ལྗེ་སི་སིའི་སྐུ་ཕུང་འཕྲེད་ཉལ་བྱས་ཏེ་བཞུགས་ཡོད་པའི་རྣམ་པ་ཅན་ཞིག་ཡིན་ལ། གལ་སྲིད་ཁྱེད་རང་གིས་འདྲ་སྐུ་དེ་དངོས་སུ་མཐོང་མྱོང་ཡོད་ན། ངོ་
ཡི་ཤུ་མ་བུ་དང་སྒྱུ་རྩལ་བ་རང་ཉིད།
མཚར་ཕུལ་དུ་བྱུང་བའི་བསྐོས་དཀྲོལ་གྱི་ཉམས་འགྱུར་དེ་དག་གིས། སྐུ་འདྲ་དེ་སེམས་མེད་བེམ་པོའི་རང་བཞིན་གྱི་རྡོ་སྐུ་ཞིག་
ཡིན་པའི་ངང་ཚུལ་རང་བཞིན་གྱིས་བརྗེད་སྲིད། བསིལ་རླུང་ཞིག་ལྡང་ཚེ་ལབ་ལིབ་བསྐྱོད་ཡོང་སྙམ་པའི་བིར་ལྗིན་མ་རེའི་ན་བཟའ་དང༌། མཚན་གྱིས་བོས་ན་སྤྱན་གྱིས་གཟིགས་འོང་སྙམ་པའི་ཁོང་གི་ཞལ་ཁྱིམ། ལག་པས་རེག་ན་དྲོད་སྣང་སྟེར་བའི་སྐུ་བརྙན་ངོ་མཚར་ཅན་དེར་ང་ཚོས་ཞིབ་མོར་བལྟས་ན། བིར་ལྗིན་མ་རེ་མཆོག་གི་མགུལ་ཆིངས་ཀྱི་ངོས་སུ་མེ་ཁོ་ལན་ལྗི་ལོའི་ས་ཡིག་ཅིག་ཡོད་པ་གསལ་བོར་མཐོང་ཐུབ། ཁོང་གི་སྐོས་དཀྲོལ་གྱི་ཁྲོད་ན་ཕྱག་རྟགས་བསྐྱོན་ཡོད་ས་འདྲ་སྐུ་དེ་གཅིག་པུ་ལས་མེད་པར་གྲགས། སྐུ་འདྲ་དེ་ནི་སྤྱི་ལོ༡༤༩༩ལོར་བཞེངས་པ་ཞིག་ཡིན་ལ། དེ་ཉིད་དགུང་ལོ་ཉི་ཤུ་གཉིས་ལས་མ་ཕེབས་པའི་གཞོན་སྐྱེས་སྒྱུ་རྩལ་བ་ཞིག་གིས་བཞེངས་སྐྲུན་བྱས་པ་ཞིག་ཡིན་པར་ཡིད་ཆེས་དཀའ་བ་ཞིག་ཡིན་པར་བཤད། སྐུ་འདྲ་གཉིས་པ་དེ་ནི་སྤི་ལོ་རིན་སིའི་རྙིང་རྗེ་ཆེན་པོ་ཞེས་འབོད་པའི་འདྲ་སྐུ་དེ་ཡིན་ལ། ཁོང་གིས་སྐུ་འདྲ་དེའི་རྒྱུ་ཆར་རྡོ་ཀ་མ་རུ་རྫུས་མ་བེད་སྤྱོད་བཏང་སྟེ་བསྐོས་དཀྲོལ་མཛད་འདུག་ལ། སྐུ་འདྲ་དེ་བཞེངས་སྐབས་ཁོང་བློ་སེམས་ཕམ་ཞིང་འཚེར་སྣང་དང༌། ཁོང་ཁྲོ་ཡང་སྐྱེ་བཞིན་པའི་སྐབས་ཤིག་ཡིན་སྟབས། ཡི་ཤི་མ་ཤི་ཁའི་ཞབས་རྐང་གཡོན་མར་སྐོ་ཆས་ཀྱིས་བརྡབ་ནས་བཅགས་འདུག་
དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པའི་སྒྱུ་རྩལ་བ་རང་ཉིད་ཀྱི་སེམས་ཚོར།
ལ། སྒྱུ་རྩལ་བ་རང་ཉིད་དང་ཡི་ཤི་མ་ཤི་ཁ། དེ་ཉིད་ཀྱི་སྐྱེད་ཡུམ་འཁོར་དང་བཅས་པ། ཅུང་བགྲེས་ཉམས་དོད་པའི་ངོ་བོར་བཞེངས་སྐྲུན་བྱས་ཡོད། སྐུ་འདྲ་དེའི་བསྐོས་དཀྲོལ་ཆ་མ་ཚང་བ་ནི་ཆེས་ཧ་ཅིང་གི་ཕངས་སེམས་སྐྱེ་བའི་གནས་ཤིག་ཡིན་མོད། དེ་ལས་ང་ཚོས་སྒྱུ་རྩལ་གྱི་དབང་ཕྱུང་ཆེན་པོ་འདི་ལྟ་བུའང༌། འཁོར་བའི་ནང་གི་སེམས་ཅན་བྱིངས་དང་འདྲ་བར། བདེ་སྡུག་གི་འཚོ་བའི་ཁྲོད་གནས་འཆའ་མཁན་ཞིག་ཡིན་པ་གསལ་བོར་ཚོད་དཔགས་བྱེད་ཐུབ། སྐུ་འདྲ་གསུམ་པ་དེ་ནི་ཡོངས་གྲགས་རན་སྒྲ་ནེ་ནེ་སྙིང་རྗེ་ཞེས་འབོད་པ་དེ་ཡིན་ལ། དེ་ནི་སྒྱུ་རྩལ་བ་རང་ཉིད་དགུང་གྲངས་མཐོན་པོར་སླེབས་སྐབས་བཞེངས་བ་ཞིག་ཡིན་ལ། ཁྱེད་རང་གིས་སྐུ་འདྲ་དེར་གཟིགས་པ་ཡིན་ན། བསྐོས་དཀྲོལ་གྱི་ཉམས་མི་གསལ་ཞིང་ལུས་ཟུང་ཧ་ཅིང་ཉམས་རྒུད་ཕྱིན་པ་ལྟ་བུའི་ཉམས་ཡོད་སྟབས། དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པའི་སྒྱུ་རྩལ་བ་རང་ཉིད་ཀྱི་ཚོར་འདུའི་རང་བཞིན་གསལ་བོར་འགྲེལ་བརྗོད་བྱས་ཡོད། སྐུ་འདྲ་དེ་བཞིན་ཁོང་སྐུ་མ་གཤེགས་གོང་གི་ཉིན་དྲུག་ལ་མ་སླེབས་པར་ལོ་བར་མང་བོ་ཞིག་གི་རིང་བཞེངས་འདུག་མོད། མཐར་ནམ་ཡང་ཕྱིན་ཐུབ་མི་འདུག་གོ། དེ་ལྟར་གོང་དུ་བརྗོད་པའི་བསྐོས་དཀྲོལ་སྒྱུ་རྩལ་འདི་གསུམ་གྱི་ཐོག ང་ཚོས་ཞིབ་བལྟས་བསམ་གཞིགས་ཤིག་བྱས་པ་ཡིན་ན། མེ་ཁོ་ལན་ལྗི་ལོ་མཆོག་གི་སྐུ་ཚེ་ཧྲིལ་བོའི་གནས་སྟངས་ཆ་ཚང་ཞིག་འགྲེལ་བཤད་རྒྱག་ཐུབ་སྟེ། སྐུ་འདྲ་དང་བོའི་རྣམ་འགྱུར་ལས། སྒྱུ་རྩལ་བ་རང་ཉིད་ལ་སྒྱུ་རྩལ་བཞེངས་སྐྲུན་གྱི་གདེངས་མཐོ་ལ། རྣམ་རིག་གྲུང་ཞིང་ལས་ལ་བརྩོན་པ། ལང་ཚོད་དར་ལ་བབ་པའི་གནས་སྐབས་ཀྱི་མི་ཚེ་གསལ་བོར་འགྲེལ་བརྗོད་བརྒྱབས་ཡོད། སྐུ་འདྲ་གཉིས་པ་དེ་ལ་བལྟས་པ་ཡིན་ན། སྒྱུ་རྩལ་བ་རང་ཉིད་ཀྱི་གཞོན་དུས་སྐབས་ཀྱི་སྣང་བ་ཡན་གར་བ་ཕལ་ཆེར་ཞིག་ནུབ་ཅིང༌། ཁྱིམ་རྒྱུད་ཀྱི་འཚོ་བའི་གནས་སྟངས་དང༌། རང་ཉིད་ཀྱི་སྒྱུ་རྩལ་བཞེངས་སྐྲུན་གྱི་མཐུན་སྦྱོར་སོགས། འཚོ་བའི་གནས་སྟངས་མང་བོ་ཞིག་གི་ཐོག་ཐུགས་ཁུར་བསམ་གཞིགས་བྱས་པའི་ངང་ཚུལ་ཞིབ་སྦྱངས་བྱས་ཡོད། འདྲ་སྐུ་ཐ་མ་དེ་ལས་སྒྱུ་རྩལ་བ་རང་ཉིད་ཀྱི་ལུས་ཀྱི་འབྱུང་ཁམས་ཕལ་ཆེར་ཟད་ཅིང༌། ཉམས་རྒུད་དུ་ཕྱིན་ནས་འཇིག་རྟེན་འདི་ལ་རེ་བ་ཆེར་མེད་པར། རྒྱང་རིང་གི་ཕྱི་མཐའ་ཞིག་ལ་མ་འགྲོ་ཐབས་མེད་ཡིན་པའི་འཇིག་རྟེན་མི་རྟག་པའི་རང་བཞིན་ཟེར་བ། གསལ་བོར་འགྲེལ་བཤད་བརྒྱབས་འདུག་ཅེས་ཚོད་སྒམ་བྱེད་ཐུབ་པར་སྙམ་མོ།།
ལེའུ་དྲུག་པ།
དཔའ་བོ་སྒྲ་བེ་སྒྲིའི་སྣང་བརྙན།
གྲོང་ཁྱེར་སྤི་ལོན་རིན་སིའི་སྲིད་དོན་མི་སྣ་ཁག་གིས་བཀོད་མངགས་ཞུས་པ་ལྟར། མེ་ཁོ་མཆོག་གིས་གྲོང་ཁྱེར་དེའི་ནང་ཞི་བདེའི་མཛད་སྒོ་ཆེན་པོ་ཞིག་སྤེལ་བའི་སར། དམ་པའི་ཆོས་གཞུང་ནས་བཤད་པའི་བདུད་ཆེན་པོ་དགའ་ལིའི་ཡ་ཐི་ཞེས་པ། འུར་རྡོས་གསོད་མཁན་གྱི་ན་གཞོན་དཔའ་བོ་སྒྲ་བེ་སྒྲི་ཞེས་པའི་སྐུ་བརྙན་ཞིག་བསྐོས་དཀྲོལ་བྱས་འདུག ཤོད་སྲོལ་ཞིག་ལ་ཁོང་གིས་སྐུ་བརྙན་དེར། གནའ་བོའི་དགུ་རིག་ལྟར་གྱི་བསྐོས་དཀྲོལ་སྒྱུ་རྩལ་གྱི་ཉམས་བཏོད་ཡོད་པ་དང༌། མཐོ་ཚད་ལ་ཕི་ཁྲུ་བཅུ་་ཡོད་པ་ཞལ་ཕྱག་གཉིས་སྐུ་གཟུགས་ཀྱི་ཚད་ལ་ལྟོས་ན། ཅུང་ཆེ་བའི་ཉམས་དང་ལྡན་པ་ཞིག་ཡིན་ཞིང༌། སྐུ་བརྙན་དེ་བཞིན་རེ་ཞིག་བར་གྲོང་ཁྱེར་གྱི་དབུས་སུ་བཞག་མོད། དེང་སང་གྲོང་ཁྱེར་གྱི་སྒྱུ་རྩལ་གསོག་སྲུང་ཁང་ན་ཡོད་པར་གྲགས་ལ། འདྲ་སྐུ་དེ་ལ་བརྟེན་ནས་ཁོང་གི་མཚན་སྙན་ཡུ་རོབ་ཀྱི་ལུང་བར་ཧ་ཅིང་དར་ཁྱབ་ཆེན་པོར་ཕྱིན་འདུག སྤྱི་ལོ༡༥༠༥ལོར་ཁོང་སླར་ཡང་རོམ་དུ་ཕྱིར་ལོག་ཕེབས་ཞིང༌། འགྲུལ་བཞུད་དེས་ཁོང་གི་མི་ཚེའི་གནས་སྟངས་ལ་དུས་ནམ་ཡང་འཕོ་འགྱུར་ཆེན་པོ་ཞིག་ཐེབས་ཡོད། ཡི་ཤིའི་བླ་ཆེན་ཕོབ་ལྗོས་ལིའི་ཡོ་སི་གཉིས་པ་མཆོག་གིས། རང་ཉིད་ཀྱི་དྲན་རྟེན་བང་སོ་ཆེན་པོ་ནང་ན་འདྲ་སྐུ་བཞི་བཅུ་ལྷག་ཡོད་པ། གནའ་བོའི་ཨེ་ལྗེབ་ཀྱི་རྒྱལ་བོ་ཆེན་པོའི་བང་སོ་ལྟ་བུ། འདྲ་སྐུ་ཚང་མ་རྒྱུ་སྤུས་བཟང་ཤོས་ཀྱི་རྡོ་ཀ་རུ་ཉག་གིས་བཞེངས་རྒྱུའི་དགོངས་འཆར་ཡོད་པ། མེ་ཁོ་ལན་ལྗི་ལོ་ནས་ལས་འཆར་དེའི་རྐང་ལེན་དགོས་སྐོར་བཀོད་མངགས་གནང་འདུག
འདས་དོན་བསྐྱར་རྙེད།
མེ་ཁོ་ལན་ལྗི་ལོ་མཆོག་རོམ་དུ་སྐུ་འཚོ་བཞུགས་ཀྱི་སྔ་གཞུག་རིང༌། རོམ་མན་གྱི་རྒྱལ་བོས་ཡོ་རོབ་དང་ཤར་ཕྱོགས་ཀྱི་རྒྱུད་དུ་དམག་དཔུང་གཏོས་ཆེན་ཞིག་བཤམས་ཏེ། རིན་ཐང་གཞལ་དུ་མེད་པའི་དགུ་རིག་གི་སྒྱུ་རྩལ་དངོས་རིགས་དང༌། སྐོས་དཀྲོལ་བ་མང་བོ་ཞིག་རོམ་དུ་འོར་འདྲེན་ཞུས་ཤིང༌། དགུ་རིག་གི་ལུག་སྐུ་དང་བསྐོས་དཀྲོལ་གྱི་སྒྱུ་རྩལ་དག་ལ། མེ་ཁོ་ལན་ལྗི་ལོ་དང་རོམ་མི་རིགས་ནས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ནས་ཡང་དུ་མ་འཐོར་རང་འཐོར་བྱུང་འདུག་ལ། སྤྱི་ལོ༡༥༠༦ལོར་མི་ལོ་གཅིག་སྟོང་ལྷག་གི་ཡར་སྔོན་དུ་བྱུང་བའི་རོམ་གྱི་རྒྱལ་བོ་ནེ་རོ་མཆོག་གི་ཕོ་བྲང་གི་ཤུལ་ནས། སྤྱི་ལོ་སྔོན་གྱི་དགུ་རིག་སྒྱུ་རྩལ་བ་སྙན་གྲགས་ཅན་གསུམ་གྱིས་བཞེངས་བར་གྲགས་པའི་ལ་ཁོན་ཞེས་འབོད་པའི་བསྐོས་དཀྲོལ་གྱི་འདྲ་སྐུ་ངོ་མཚར་ཅན་ཞིག་བསྔོགས་འདོན་བྱས་ཤིང༌། སྐུ་འདྲ་དེས་ཁོང་གི་ཐུགས་དབང་མེད་དུ་ཕྲོག་སྟེ། གསུང་དུའང་དེ་ནི་རྫུ་འཕྲུལ་ཉག་གཅིག་གིས་གྲུབ་པ་ཞིག་རེད་ཅེས་ཡོངས་ཁྱབ་བསྔགས་པ་གནང་འདུག མེ་ཁོ་ལན་ལྗི་ལོ་ནས་ལས་རོགས་གཉིས་ཁྲིད་ནས་བང་སོའི་བཞེངས་སྐྲུན་ཆེད། ཟླ་བརྒྱད་ལྷག་གི་དུས་ཡུན་རིང་ཨི་ཏྲ་ལིའི་རྫ་གསེང་ཞིག་ནས་རྡོ་ཀ་མ་རུ་འདེམས་གསེས་སྡོན་འདོན་གྱི་ལས་ཀ་ཧུར་བརྩོན་མཛད་འདུག་གོ།
བླ་ཆེན་ཕོབ་ཀྱི་ཁ་ཐད་དུ་ལངས་པ།
མེ་ཁོ་ལན་ལྗི་ལོ་ནས་ཐུགས་སེམས་རབ་ཏུ་སྤྲོ་བའི་ངང༌། རྡོ་ཀ་མ་རུ་སྤུས་ལེགས་གང་མང་བསྡུ་རུབ་དང༌། བང་སོའི་བཀོད་དབྱིབས་གྱི་སྐྱ་རིས་ཟིན་བྲིས་འདེམས་བཞིན་པའི་སྐབས། བླ་ཆེན་ཕོབ་ཀྱི་འཆར་གཞིར་གློ་བུར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཏེ། རང་ཉིད་ཀྱི་བང་སོ་ལས་རྣལ་འབྱོར་བ་ཕིའི་ཁྲིར་གྱི་གཙུག་ལག་ཁང་ཞིག་གསོ་བྱ་རྒྱུ་དོན་ཆེན་དུ་གཟིགས་ནས། དེ་ལུགས་བཀའ་གྲོས་ཕེབས་པར་མེ་ཁོ་ནས་རང་ཉིད་ཀྱི་མངོན་འདོད་དང༌། ཕྱག་ལས་ཆ་ཚང་དོན་མེད་དུ་སོང་བ་གཟིགས་ནས་ཁོང་ཁྲོ་དང་བློ་ཕམ་ཆེན་པོ་ཞིག་བྱུང་འདུག་ཅིང༌། འབྱུང་འགྱུར་མི་ལོ་བཞི་ལྷག་གི་རིང་བང་སོ་བཞེངས་སྐྲུན་བྱ་རྒྱུར་སྙན་སྐུལ་ཡང་ཡང་གནང་མོད་དོན་ཕན་བྱུང་མི་འདུག་ལ། དེ་ནས་ཡུན་རིང་མ་ལོན་པར་ཁོང་ཁང་རྩིག་བཟོ་རིག་པ་ཞིག་ཏུ་ཆགས་ཏེ། རྣལ་འབྱོར་བ་ཕིས་ཁྲིར་མཆོག་གི་གཙུག་ལག་ཁང་ཞིག་གསོ་མཛད་ཅིང༌། གཙུག་ལག་ཁང་དེའི་རྒྱ་ཕིབས་ཀྱི་བཟོ་བཀོད་ཁོང་གིས་གསར་བཞེངས་གནང་བ། རོམ་ཀྱི་ཁང་རྩེག་མཐོ་ཤོས་ཀྱི་གྲས་སུ་ཆགས་པས། གྲོང་ཁྱེར་གྱི་ཕྱོགས་མང་བོ་ཞིག་ནས་ཟླུམ་པོའི་དབྱིབས་ཅན་གྱི་རྒྱ་ཕིབས་དེ་གསལ་བོར་མཐོང་ཐུབ། བླ་ཆེན་ཕོབ་དང༌། མེ་ཁོ་ལན་ལྗི་ལོ་རྣམ་གཉིས་ཀྱི་འབྲེལ་ལམ་དེ་ནི་ཆེས་ཧ་ཅིང་གི་དཀའ་ངལ་ཆེ་བའི་འབྲེལ་བ་ཞིག་སྟེ། ཁོང་གཉིས་ཆ་མཁྲེགས་འཛིན་ཆེ་ཁར་རླུང་ཚ་བོ་རང་རང་གི་བསམ་ཚུལ་ཁོ་ནར་གདེངས་འཇོག་བྱེད་མཁན་ཉག་ཅིག་ཡིན་སྟབས། བེ་ཁྲ་ཁན་གྱི་ཁང་ཁྱམས་གོང་འོག་ཏུ་ཁོང་གཉིས་ཀྱིས་རྩོད་གླེང་བྱས་པའི་འཛེར་སྐད་ཡང་ཡང་གོ་ཐུབ་ལ། ཁོང་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་བྱས་པའི་གསུང་སྙན་ཡང་རྒྱུན་པར་གོ་ཐུབ་པོ།།
ལེའུ་བདུན་པ།
རླབས་ཆེན་གྱི་ཚོན་རིས།
མཛེས་ཤིང་ཡིད་དུ་འོང་བའི་བླ་ཆེན་ཕོབ་བླ་བྲང་གི་གཙུག་ལག་ཁང་ནི། སྤྱི་ལོ༡༤༧༣ལོར་ཕོབ་ལྗོས་ལིའི་ཡོ་མཆོག་གི་སྐུ་ཞང་ཕོབ་སེག་སི་ཁྲོས་སི་དྲུག་པ་མཆོག་གི་སྐུ་རིང་ལ་བཞེངས་པ་ཞིག་ཡིན་ལ། དེ་ནི་བེ་ཁྲ་ཁན་བླ་བྲང་གི་ཚོགས་མཆོད་སྨོན་ལམ་སོགས་ཆོས་ཕྱོགས་ཀྱི་ལས་འཆར་སྤེལ་ཡུལ་ཙམ་དུ་མ་ཟད། བླ་ཆེན་ཕོབ་གསར་བ་འོས་འདེམས་ཀྱི་ཁྲི་སྟོན་མཛད་སྒོ་བསྐྱང་ཡུལ་གྱི་ལྷ་ཁང་གལ་ཆེན་ཞིག་ཀྱང་རེད། འོན་ཏེ། ལྷ་ཁང་ནང་རོལ་གྱི་མཛེས་རྒྱན་རྣམས་དེ་ཙམ་བཀྲགས་མདངས་ཆེན་པོ་མ་ཡིན་སྟབས། བླ་ཆེན་ཕོབ་མཆོག་གིས་ལྷ་ཁང་དེའི་གནམ་ངོས་ཀྱི་ཐོག་ཁེབ་ནམ་མཁའི་མདངས་ཅན་ལ། གསེར་གྱི་གཟའ་སྐར་གྱི་ཕྲ་ཚོམ་ཞིག་འགོད་རྒྱུ་དང༌། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོན་བྲིས་ཀྱི་རི་མོ་སྔ་ན་མ་བྱུང་ཞིག་འགོད་རྒྱུའི་འཆར་གཞི་སོགས། མེ་ཁོ་ལ་བཤད་ནས་དེ་བཞིན་ཡོང་བར་ཐུགས་རེ་བཏོན་པར། མེ་ཁོ་རང་ཉིད་བང་སོ་བཞེངས་སྐྲུན་གྱི་གོ་སྐབས་བརྒྱུད་བསྐོས་དཀྲོལ་གྱི་སྒྱུ་རྩལ་ཡར་རྒྱས་གཏོང་འདུན་ཤུགས་ཆེ་ཡོད་པ་དང༌། མཐོ་ཚད་ཕི་ཁྲུ་དྲུག་ཆུ་ལྷག་གི་བར་སྣང་ན་ཡོད་པའི་ལོ་རྒྱུས་ཆེན་པོ་གསུམ་གྱི་ཚོན་རིས་ཚང་མ་གཙང་བྲིས་ཚོན་འདེབས་བྱེད་པར་མ་མཐའ་ཡང་ལོ་གཅིག་ངེས་བར་དུ་འགོར་རྒྱུ་ཡིན་པ་མ་ཟད། ཚོན་རིས་དེ་ལྟ་བུ་འབྲི་བཞེངས་བྱེད་པར་དམིགས་བསལ་གྱི་དཀའ་ཁག་མང་བོ་ཞིག་འབྱུང་རྒྱུ་ཡིན་པ་སྨོས་མེད་ཐོག རང་ཉིད་ཀྱི་སྐུ་ཚེ་ཕལ་ཆེར་ལྷ་ཁང་དེ་ཉིད་ཀྱི་ཐོག་འགྲོ་ངེས་ཡིན་པར་སྔོན་དཔགས་གསལ་བོ་གནང་ཐུབ་ཀྱི་ཡོད་སྟབས། ཁོང་གིས་བླ་ཆེན་ཕོབ་ལ། རང་ཉིད་བསྐོས་དཀྲོལ་མཁན་ཞིག་ལས་ཚོན་གཏོང་བ་ཞིག་མ་ཡིན་སྟབས། ལས་ཀ་དེ་སྒྲུབ་མི་ཤེས་ཚུལ་ཡང་ཡང་ནན་བརྗོད་གནང་རུང༌། བླ་ཆེན་ཕོབ་ཀྱི་བཀའ་ལ་དང་ལེན་བརྩི་འཇོག་མ་བྱས་ཐུ་མེད་བྱུང་ཡོད། དོན་དངོས་ཐོག་ཁོང་ནི་བསྐོས་དཀྲོལ་སྒྱུ་རྩལ་བ་ཞིག་ཏུ་མ་ཟད། ཕུལ་དུ་བྱུང་བའི་ཚོན་བྲིས་སྒྱུ་རྩལ་བ་ཞིག་ཀྱང་ཡིན་པ། གོང་དུ་བརྗོད་ཟིན་པ་ལྟར་ཧ་ཅིང་གསལ་བོ་རེད། གང་ལྟར་ཡང༌། སྒྱུ་རྩལ་བ་རང་ཉིད་ཚོན་རིས་ཀྱི་སྐྱོན་ཕྲ་མོ་ཙམ་ལའང་གཟབ་ཟོན་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། ཁོང་ཐུགས་མགུ་ངེས་ཀྱི་ལས་རོགས་ཤིག་ལག་ཏུ་རྙེད་དཀའ་བར་བརྟེན། རང་ཉིད་གཅིག་པུས་ལོ་བར་བཞི་ལྷག་གི་རིང༌། མཛེས་ཤིང་ཡིད་དུ་འོང་ལ་མཚར་སྡུག་འོད་སྟོང་འབར་བའི་ཚོན་བྲིས་ཀྱི་ཐང་ག་ཆེན་པོ་དེ་ཉིད་གཞི་ནས་ལེགས་གྲུབ་བྱུང་འདུག ལོ་བར་དེ་དག་གི་རིང་ཁོང་གིས་ཚོན་གཏོང་སྐབས་སྔས་ཤིག་བཟོས་ནས། དབུ་དེ་ལ་བརྟེན་ཏེ་ཚོན་བྲིས་མཛད་ཅིང༌། དུས་ཡུན་རིང་མོར་དབུ་གནམ་དུ་ཕྱོགས་ནས་ཕྱག་ལས་བསྒྲུབས་དགོས་བྱུང་རྐྱེན། སྐུ་སྟོད་ལ་ན་ཟུག་ཤུགས་ཆེ་རྒྱུན་མར་བྱུང་བ་དང༌། ཞལ་ཕྱག་དང༌། ན་བཟའ་ཚང་མར་ཚོན་གྱིས་གོས་པས་ཧ་ཅིང་འཛོར་བོ་བསུང་དྲི་འཐིལ་ཞིང༌། ཕོབ་ལྗོས་ལིའི་ཧོ་སི་ནས་རྟག་པར་ཁོང་དང་རྩོད་གླེང་བྱས་པ་མ་ཟད་སྐབས་རེ་གླ་ཆ་སྤྲོད་རྒྱུའང་བརྗེད་འདུག་པ་དང༌། ཐེངས་ཤིག་ཁོང་བར་ཕོབ་ནས་སྦ་རྒྱུག་གིས་གཞུས་འདུག་པ་སོགས། མདོན་ན། སྐབས་དེའི་ཁོང་གི་འཚོ་བ་ནི་ཆེས་ཧ་ཅིང་གི་ཁེར་རྐྱང་དང་བློ་སེམས་ཕམ་པོ། གཟུགས་གཞི་བདེ་ཐང་མ་ཡིན་པ་སོགས། མྱ་ངན་དང་མིག་ཆུས་བརྟས་པའི་ནམ་ཟླ་རིང་མོ་ཞིག་ཡིན་ཞེས་བཤད་ཆོག དེ་ལྟ་ནའང་བླ་ཆེན་ཕོབ་ཀྱི་ཐུགས་ལ་ཁོང་ལས་ལ་བརྩོན་ཞིང་གཞུངས་དྲང་བ། སྒྱུ་རྩལ་ཀྱི་མཁྱེན་ཡོན་ཐུན་མོང་མ་ཡིན་པར་བཞུགས་ངེས་ཀྱི་གང་ཟག་ཁྱད་པར་བ་ཞིག་ཡིན་པའི་རིན་ཐང་ཡང་གསལ་བོར་མཁྱེན་བཞིན་ཡོད་པ་རེད། གཙུག་ལག་ཁང་དེའི་ཐོག་ཁེབ་སྤྱིའི་ཆེ་ཆུང་ནི། རིང་ཚད་ཕི་ཁྲི་བརྒྱ་དང་སུམ་ཅུ་སོ་གཉིས་དང༌། ཁ་ཞེང་ཐད་ཕི་ཁྲྀ་བཞི་བཅུ་ཞེ་དྲུག་ཡོད་སྟབས། པི་པོར་རྩེད་རྭ་གཉིས་དང་ཕྱེད་ཀ་ཙམ་གྱི་ཆེ་ཆུང་ཡོད་པས་གཞི་རྒྱ་ཤིན་ཏུ་ཆེ་ལ། ཁོང་གིས་དེ་དག་གི་ངོས་སུ་དམ་པའི་ཆོས་གཞུང་ནས་བཤད་པ་ལྟར་གྱི་དཀོན་མཆོག་གིས་ཨིའི་སྤོས་དང༌། ཨ་སྒྲམ་གཙོ་བོར་སོང་བའི་འགྲོ་བ་མིའི་ཕ་མེས་ཐོག་མར་བཞེངས་སྐྲུན་བྱས་ཚུལ་ལས་བརྩམས་པའི་འཇིག་རྟེན་བཞེངས་སྐྲུན་གྱི་རྣམ་ཐར་ལོ་རྒྱུས་སྐོར་གྱི་བརྗོད་རྙིང༌། རྣམ་གྲངས་མི་འདྲ་བ་ཉིས་བརྒྱ་དང་གཉིས་ལྷག་ལོ་ངོ་ཧྲིལ་བོ་བཞི་དང་ཟླ་ལྔའམ། ཉིན་གྲངས་གཅིག་སྟོང་དྲུག་བརྒྱ་བར་འབད་པ་ཆུ་རྒྱུན་བཞིན་བསྟེན་ནས་བཞེངས་སྐྲུན་གནང་འདུག དེང་སང་མི་ཚོས་མེ་ཁོ་ལན་ལྗི་ལོ་གླེང་སྐབས། ལམ་སེང་ཐོག་ཁེབ་ཆེན་པོ་དེ་ཉིད་ཀྱི་ཚོན་ཐང་སྐོར་གླེང་སློང་བྱེད་ཅིང༌། གལ་སྲིད་ཁྱེད་རང་གིས་ཚོན་རིས་དེ་བཞིན་དངོས་སུ་གཟིགས་མྱོང་ཡོད་ཚེ། གཞི་རྒྱ་ཆེ་བའི་ཁ་ཏོག་གི་གཟི་བརྗིད་རྣམ་པར་བཀྲ་བའི་སྒྱུ་རྩལ་གྱི་གསང་བའི་འཇིག་རྟེན་ཞིག་རང་ཐོག་ཏུ་འབབ་ལ་ཉེ་བའི་སྣང་ཤེས་སྐྱེ་སྲིད།
ཚོན་རིས་བསྐྱར་བཞེངས།
དུས་རབས་ཉི་ཤུ་བའི་སྨད་ཀྱི་ཆར་ལོ་བར་བཅུ་ལྷག་གི་དུས་ཡིན་རིང༌། ཚོན་རིས་དེ་བསྐྱར་བཞེངས་གཙང་བྲིས་བྱས་ཡོད་ལ། གནའ་བོའི་སྒྱུ་རྩལ་བ་ཞིག་གིས་ལོ་བར་བཞི་ཙམ་གྱིས་རྫོགས་པར་གྲུབ་པའི་ཐང་ག་ཆེན་པོ་དེ་ལྟ་བུ། ཕྱིས་ཀྱི་བསྐྱར་བཞེངས་པ་དག་གིས་ལོ་ངོ་ཧྲིལ་བོ་བཅུའི་རིང་ཉམས་གསོ་གནང་འདུག་པར་དཔགས་ན། ཚོན་ཐང་དེ་གཞི་བཞེངས་གནང་མཁན་ཙམ་དུ་མ་ཟད་ཉམས་གསོ་བྱེད་མཁན་རྣམས་ལའང༌། དཀའ་ངལ་དང༌། བསྐྱར་བཞེངས་ཀྱི་མཁྱེན་ཡོན་ཐབས་ཤེས་ཇི་འདྲ་ཞིག་ལག་བསྟར་བྱས་ཡོད་མེད་ཧ་ཅིང་གསལ་བོ་ཡིན། བསྐྱར་བཞེངས་ཚོགས་པ་དེས་ཚོན་ཐང་གི་བཞིན་རས་འཁྲུ་སྐབས། ཆུ་གཙང་ལ་ཁྲུས་རྫས་དམིགས་བསལ་བ་ཞིག་བསྲེས་ཏེ། ཤིན་ཏུ་གཟབ་ནན་ཐོག་ཚོན་རིས་ཀྱི་ངོར་ཆགས་པའི་གྲིབ་རྙིང་རྣམས་རིམ་པར་བསྐྲུས་ནས། ཚོན་མདངས་ཀྱི་ཁ་དོག་ཤིན་ཏུ་བཀྲ་བའི་མེ་ཁོ་ལན་ལྗི་ལོའི་ཕྱག་རིས་ཀྱི་སྒྱུ་རྩལ་འཇིག་རྟེན། མཚར་སྡུག་ཡིད་དུ་འོང་བའི་དཔྱིད་དུས་ཀྱི་དགའ་ཚལ་ཞིག་དང་འདྲ་བར། ང་ཚོའི་མིག་གི་དགའ་སྟོན་དུ་སླར་ཡང་ལང་ཚོ་དར་ལ་བབ་ཡོད། ཁོང་གིས་ཚོན་ཐང་ཆེན་པོ་དེ་བྲི་བཞེངས་གནང་སྐབས། གོང་དུ་བརྗོད་ཟིན་ལྟར། དགར་ལན་སྒྲའོ་སྤུན་མཆེད་ཀྱི་ཚོན་རིས་སློབ་གྲ་ནས་ཐུགས་སྦྱོང་མཛད་པའི་ཉམས་མྱོང་ལྟར། རྩིག་ལྡེབ་བམ་ཐོག་ཁེབ་ཀྱི་ངོས་སུ་སྐྱང་ནུལ་མ་སྐམ་གོང་གི་རི་མོ་འབྲི་བའི་ལག་ལེན་ཕྱག་བསྟར་གནང་ཡོད་ལ། དེ་ནི་ཆེས་ཧ་ཅིང་གི་དཀའ་ཁག་ཆེ་བའི་ཚོན་བྲིས་ཀྱི་ལག་ལེན་ཞིག་སྟེ། ཚོན་རིས་མཁན་གྱིས་ཐོག་མར་ས་གཞི་ལས་བྱུང་བའི་ཚོན་མདངས་ལྡན་པའི་ས་གཏེར་རིགས་ཞིབ་བཏགས་བྱས་པ། ཆུ་གཙང་གི་སྙིང་བོ་དང་མཉམ་པོར་བསྲེ་སྦྱོར་ཞུས་རྗེས། འབྲི་གཞི་ས་དཀར་དང་འབྱོར་སྨན་བསྲེས་པའི་རྩིག་པའམ་ཐོག་ཁེབ་ཀྱི་ངོས་སུ་ཆུ་གཙང་ཅུང་ཟད་བྲན་ཐོག གསར་སྡེབ་ཀྱི་ནུས་པའི་ཟིལ་ངད་མ་ཡལ་གོང་བྲིས་པ་ཡིན་ན། ཚོན་རིས་དེ་འབྱུང་ཁམས་ཀྱི་གནོད་པས་མི་ཚུགས་པར་སྲ་མཁྲེགས་རྡོ་རིས་ལྟ་བུའི་ངོ་བོར་འགྱུར་ཐུབ་པ་ཞིག་ཡིན་པར་གྲགས་སོ།།
སྐུ་ཚེའི་ཐ་མ།
སྤྱི་ལོ༡༥༣༤ལོར་མེ་ཁོ་ལན་ལྗི་ལོ་སླར་ཡང་ཐེངས་གཅིག་བླ་ཆེན་ཕོབ་ཀྱི་བླ་བྲང་དུ་ཕྱིར་ལོག་ཕེབས་ཤིང༌། དུས་སྐབས་དེ་ནི་ཁོང་གིས་ལྷ་ཁང་གི་ཚོན་རིས་མཇུག་གྲུབ་ནས་མི་ལོ་ཉི་ཤུ་རྩ་ལྔ་སོང་བའི་རྗེས་ཡིན་ལ། འདས་པའི་ལོ་དུས་དེ་དག་གི་ནང་སེམས་ཐག་ཉེ་བའི་གྲོགས་པོ་ཁ་ཤས་ཤིག་ཡོད་པ་ཕུད། སྔར་ལམ་ཁེར་རྐྱང་གི་འཚོ་བ་ཉག་ཅིག་གི་ངོ་བོར་བཞུགས་པ་ལས།
འཁོར་ཚོགས་འདུ་སྐོང་གི་འདུ་འཛི་རྒྱས་སྤྲོས་དེ་འདྲ་གང་ཡང་གནང་མི་འདུག་ལ། ལོ་དེར་བླ་ཆེན་པོབ་ནས་བཀོད་མངགས་གནང་བ་བཞིན། ༼ཐ་མའི་དཔྱད་ཁྲ༽ཞེས་ཡུ་ཤིའི་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག ཡུ་ཤི་མ་ཤི་ཁ་རྒྱ་གྲམ་དབྱིབས་ཅན་གྱི་རྒྱང་ཤིང་སྟེང་འཛེར་ནོན་བྱས་ཏེ། སྐུ་སྲོག་བཀྲོངས་བའི་རྣམ་ཐར་ལས་བརྩམས་ནས་དམྱལ་ཁམས་སོགས་ངན་འགྲོའི་སྡུག་བསྔལ་གྱི་རྣམ་པ་གཙོ་བོར་བྱས་ནས་བྲིས་པ་ཞིག་ཡིན་སྟབས། ཐེངས་འདིའི་ཚོན་བྲིས་ཀྱི་ནང་དོན་ལ་ལྟོས་ན། སྔོན་མའི་ཚོན་ཐང་གི་བརྗོད་དོན་ནི་དགའ་སྐྱིད་ཚོར་སྣང་དང་བཅས་བྲིས་པ་ཞིག་ཡིན་ལས་ཆེ་ཞེས་བཤད་ཀྱང་མི་འགྲིགས་པ་མེད། གང་ལྟར་ཡང༌། ཁོང་གི་སྒྱུ་རྩལ་གྱི་ཐོན་དངོས་སྙན་གྲགས་ཅན་མང་བོ་ཞིག དུས་སྐབས་འདི་དག་གི་ནང་བྱུང་ཡོད་ལ། ཁོང་གི་གྲོགས་པོ་རོམ་གྱི་ན་གཞོན་སྐུ་དྲག་སྐུ་ཞབས་ཁྲོ་མ་སོ་སྒྲིའི་ཁ་བ་ལེ་རིའི་མཆོག་གིས། སེམས་ཤུགས་བསྐུལ་བ་ལས་ངོ་མཚར་ཕུལ་དུ་ཕྱིན་པའི་ཁང་ཆེན་གྱི་བཟོ་བཀོད་སྣ་ཚོགས་དང༌། ཉམས་འགྱུར་གྱི་ཡོན་ཏན་མཆོག་ཏུ་མངའ་བའི་སྙན་ངག་ཀྱང་མང་བོ་ཞིག་རྩོམ་བྲིས་གནང་འདུག་པ་ཙམ་དུ་མ་ཟད། ཡུ་ཤིའི་ཆོས་བརྒྱུད་ལ་དད་པ་བླ་ལྷག་ཏུ་ཆེ་བའི་རོམ་གྱི་བུད་མེད་སྐུ་དྲག བེ་ཁྲོ་རིའི་ཡ་ཁོ་ལོ་ན་ཞུ་བ་དང་མཉམ་དུ་གྲོགས་འབྲེལ་བྱུང་བའི་ཉེར་ལེན་ལས། དཀོན་མཆོག་ལ་འཛིན་པའི་རང་ཉིད་ཀྱི་དད་འདུན་དང་ཡིད་ཆེས་དེ་བཞིན་སྔར་ལྷག་ཇེ་ཆེ་ཇེ་བརྟན་དུ་སོང་ཡོད་པའི་བཟོ་ཞིག་སྣང་ངཽ། སྤྱི་ལོ༡༥༦༤ཟླ༢ཚེས་༡༨ཉིན་མེ་ཁོ་ལན་ལྗི་ལོ་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ། འཛམ་གླིང་གི་སྒྱུ་རྩལ་རིག་པའི་འབྱུང་ཁུངས་ཆེན་པོ་ཞིག་ནམ་ཡང་ས་གཞི་འདི་དང་ཁ་བྲལ་འདུག་ལ། སྐབས་དེར་ཁོང་དགུང་ལོ༩༠ཐམ་པར་ཕེབས་འདུག་གོ།
བླ་ན་མེད་པ་ཞིག་བསྒྱུར་གནང་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དོན་དག་གཅིག་རང་གཅིག་ནི། ཡེ་ཤུའི་ཨ་མ་ལ་”བིར་ལྗིན་”ཞེས་པ་ནི་ཁྱོ་ཀ་མ་ཕོག་པའི་”མོ་གཙང་”ངམ་”ཕྱུག་ཕྱུང་མ་”ཞེས་པའི་དོན་ཡིན་པས། དེ་བོད་སྐད་དུ་བསྒྱུར་ན་ལེགས་པར་སེམས།
ཡང་ན་”མེ་ཏོག་མ་”ཞེས་བསྒྱུར་ན་ཡང་ཚིག་ལ་སྙན་ཆ་འདུག