ར་སེ་དཀོན་རྒྱམ།
རང་ཅག་གངས་ཅན་པའི་བརྡ་སྤྲོད་གཞུང་ལུགས་སམ་རིག་པ་ལ་ལོ་རྒྱུས་ཡུན་རིང་བ་དང་། ཐ་སྙད་ཕུན་སུམ་ཚོགས་པ་འགྲན་ཟླ་བྲལ་བ་ཅིག་ཡིན་ཞེས་ལོ་རྒྱུས་སྨྲ་བ་དང་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་གསུངས་དང་གསུང་བཞིན་པ་ནི་མངོན་པར་བསྟོད་པའི་ཡུལ་ཡིན་ལ། མ་བསམ་ས་ནས་ང་ཚོར་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་ན་འང་། བརྒྱ་གོ་གཅིག་ཆོད་ཀྱི་ལམ་ངན་བྱང་རྒྱུན་འབྱམས་སུ་གྱུར་པའི་དབང་གིས་རང་སྐད་རང་གིས་རྩ་བརླག་བཏང་དང་གཏོང་བཞིན་པའི་འཇིགས་སྣང་འདི་རིགས་གཟིགས་ཡོད་དམ།
དེ་ཡང ༢༠༠༩ ལོར་ཁྲེན་ཏུ་གྲོང་ཁྱེར་དུ་ཁོ་བོས་བོད་ཀྱི་སྙན་ངག་མཁས་པ་མགོ་ལོག་གི་འཇུ་སྐལ་བཟང་ལགས་མཇལ་བྱུང་ལ། ངེད་གཉིས་ཨ་མདོ་དང་དབུས་གཙང་བར་ལ་བོད་སྐད་སྨྲ་བར་གཅིག་ཀྱང་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་སྐོར་ལ་བློ་ལབ་པའི་ཚེ། ཁོང་གིས་དབུས་གཙང་གི་སྐད་དང་རྩོམ་ཡིག་ནང་། བྱས་ཙང་། ཡིན་ཙང་། སོང་ཙང་སོགས་ཙང་མང་པོ་སྤྱད་ཡོད་པས་ཅི་ཡིན་ཧ་མི་གོ་བ་དང་། ལྷག་པར་དུ་དབུས་གཙང་གིས་བརྡ་སྤྲོད་གཞུང་གི་བྱ་ཚིག་ཕལ་མོ་ཆེ་མི་སྤྱོད་པར། བཏང་དང་བརྒྱབ་གཉིས་ཀྱིས་བརྒྱ་གོ་གཅིག་ཆོད་བྱས་འདུག་པ་དེས། རང་རེའི་བྱ་ཚིག་མང་པོ་ཅིག་བེད་མེད་དུ་གྱུར་འདུག ཅེས་གསུངས་བྱུང་བས། ཁོ་བོས་ཐུགས་དག་ཟེར་རྒྱུ་ལས་ལན་གཞན་རྙེད་མ་སོང་།
ང་ཚོས་ཡུལ་ཉི་ཚེ་བའི་ཐ་སྙད་ལ་སྤྱི་སྐད་ཀྱི་གོ་གནས་མཐོན་པོ་སྤྲད་དེ། ངག་ཙམ་མ་ཟད་ཡིག་ཐོག་ལ་བཀོད་པར་འབད་པ་འདིས། མེས་པོ་གོང་མའི་རྣམ་དཔྱོད་ལས་འཁྲུངས་པའི་བྱ་བའི་མིང་མང་པོ་རྩ་བརླག་བཏང་དང་གཏོང་བཞིན་པ་མ་ཚོར་རམ། དཔེར་ན་གླིང་བུ་འབུད་པ་ལ་གླིང་བུ་བཏང་། གླིང་གར་རོལ་བ་ལ་གླིང་ཀ་བཏང་། སྒྲ་སྙན་དཀྲོལ་བ་ལ་སྒྲ་སྙན་བཏང་། ཆར་པ་བབས་པ་ལ་ཆར་པ་བཏང་། གངས་བབས་པ་ལ་གངས་བཏང་། ཡིག་འཕྲིན་སྐུར་བའམ་སྤྲིངས་པ་ལ་ཡི་གེ་བཏང་། ཡིག་རྒྱུག་སྤྲོད་པ་ལ་ཡིག་རྒྱུག་བཏང་། གཞས་འཐེན་པ་ལ་གཞས་བཏང་། གླུ་ལེན་པ་ལ་གླུ་བཏང་། ཐུགས་སྤྲོ་བཤམས་པ་ལ་ཐུགས་སྤྲོ་བཏང་། གསོལ་ཀ་ཕུལ་བ་ལ་གསོལ་ཀ་བཏང་། གཏོར་མ་ཕུལ་བ་ལ་གཏོར་མ་བཏང་། སྨན་ཟས་པའམ་འཐུང་བ་ལ་སྨན་བཏང་། དགེ་བཤེས་ཐོན་པ་ལ་དགེ་བཤེས་བཏང་། ཐུག་པ་བཏང་དང་ཁ་ལག་བཏང་ལྟ་བུ་བཏང་བཀོལ་བ་ཧ་ཅང་མང་། དེ་བཞིན་དུ་བརྒྱབ་ལའང་། ཁ་ལག་བརྒྱབ། གླ་ཆ་བརྒྱབ། གཱ་ནང་དངུལ་བརྒྱབ། ཁ་པར་བརྒྱབ། ཆང་ས་བརྒྱབ། ཨར་པོ་བརྒྱབ། པར་བརྒྱབ། ཐ་སྙད་ལོག་སྤྱོད་ཀྱི་དཔེར་བརྗོད་ན་ཧ་ཅང་མང་བ་ནི་མཁྱེན་གསལ་རེད།
སྐབས་སུ་གླེང་བྱ་དངོས་ཏེ། མེ་གསོད། མེ་བསད། གློག་གསོད། གློག་བསད་ཅེས་པའི་ཐ་སྙད་འདི་ཡང་གོང་གསལ་བཞིན་བྱ་ཚིག་གམ། བྱ་བའི་མིང་དངོས་ཇི་བཞིན་མ་བཀོལ་བར་ཉི་ཚེ་བའི་ཡུལ་སྐད་ལ་གོ་ས་སྤྲད་པའི་གྲས་ཡིན་པར་མཁྱེན་དགོས། མེས་པོའི་དགོངས་པ་ལས་བྱུང་བའི་བྱ་བའི་མིང་ནི་མེ་བཅིལ། མེ་འཇིལ། མེ་གཞིལ་ཞེས་དུས་གསུམ་གྱི་སྒོ་ནས་བསྟན་ཡོད་ཅིང་། བཀའ་འགྱུར་དང་བསྟན་འགྱུར་སོགས་དཔེ་ཆ་ཚང་མའི་ནང་དུ་མེ་འཇིལ་བ་དང་མེ་གཞིལ་བ་དང་མེ་བཅིལ་བ་ཞེས་པའི་ཐ་སྙད་ཁོ་ན་དང་། སྦྱིན་སྲེག་གི་བྱ་བའི་མཇུག་ལའང་། འོ་མ་སོགས་ཀྱིས་མེ་གཞིལ་བར་བྱའོ། །ཞེས་པ་ལས། མེ་གསོད་པ་དང་མེ་བསད་པ་བྱ་བ་གཅིག་རྐྱང་མི་བཞུགས་པས་མཚོན་ཐུབ་པ་དང་། ཡུལ་སྐད་ལ་ལར་ཡང་དེ་བཞིན་གནས་ཡོད་འདུག ཡུལ་ལ་ལར་མར་མེ་བདལ། ཞུན་མར་བདལ། ཞུན་མར་བདོར་ཞེས་བརྡ་རྙིང་བཀོལ་བ་ལས་བསད་དང་གསོད་ཀྱི་ཐ་སྙད་ལོག་པ་སྤྱོད་སྲོལ་མི་འདུག །
དེ་བཞིན་བརྡ་དག་སྐོར་ལ་གཟིགས་ནའང་དེ་བཞིན་དུ་གནས་ཡོད་དེ། བོད་ཀྱི་བརྡ་སྤྲོད་མཁས་དབང་དཔའ་རིས་སངས་རྒྱས་ཀྱིས་བསྒྲིགས་པའི་བོད་ཡིག་ཀུན་ཁྱབ་མིང་མཛོད་ལས། ཅ་སྡེའི་སྐབས། བཅིལ་བ། མེ་མེད་པར་གཏང་བ། བཅིལ་བྱ་འཇིལ་བྱེད་ཅིལ་ཅིག་བཅིལ་ཏོ། །ཞེས་དང་། ཇ་སྡེའི་སྐབས། འཇིལ་བ། མེ་དང་གནོད་སོགས་མེད་པར་གཏོང་བ། དཀར་མར་འཇིལ་བ། མེ་དཔུང་འཇིལ་བ། ནད་རྣམས་འཇིལ་བ་སྨན་གྱི་མཆོག གཞིལ་བྱ་འཇིལ་བྱེད་ཅིལ་ཅིག་བཅིལ། ཞེས་དང་། ཞ་སྡེའི་སྐབས། གཞིལ། འཇིལ་བའི་མ་འོངས་པ། ཞེས་བཀོད་གནང་འདུག་པས། དག་ཡིག་སྤྱིའི་དགོངས་དོན་རྨ་མེད་པ་འདི་ཉིད་ཡིན་པར་བསྟན་ཡོད་པའི་ཕྱིར་རོ། །
ཕྱོགས་གཞན་ནས་མ་བསམ་སར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེང་རབས་བོད་སྐད་ཚིག་མཛོད་ཅེས་པའི་དེབ་དེའི་ནང་དུ། མེ་ཡི་སྐབས། མེ་གསོད་པ། ༡ མེ་མེད་པར་བཟོ་བ། ༢ མེ་སྐྱོན་ཤོར་བ་སེལ་ཐབས་བྱེད་པ། མེ་གསོད་རུ་ཁག་ལྟ་བུ། ཞེས་བཀོད་འདུག དེ་ནི་ཡུལ་སྐད་ཉི་ཚེ་བ་ལོག་པ་ཡར་བསྡུད་པའི་གྲས་ཡིན་པ་ལས། ཐ་སྙད་ཚད་ལྡན་ཅིག་མིན་པ་ནི་གོང་གི་དག་ཡིག་དེ་ཡིས་མཚོན་ཡོད་ལ། མཁས་པ་དག་གིས་བྱ་བའི་ཡུལ་དེ་ཉིད་ལ་བེམ་ཤེས་གཉིས་སུ་ཕྱེ་བའི་སྒོ་ནས་བྱ་བའི་མིང་རྣམས་བྱུང་ཡོད་པའི་ཚུལ་ལ་བསྐྱར་གཞིགས་ནན་མོ་མཛད་ན་ཅི་མ་རུང་།
གསོད་དང་གསོད་ཅིག་ཅེས་པའི་སྐུལ་ཚིག་དེ་ཡིས་བྱ་བའི་ཡུལ་དེ་སེམས་ལྡན་ནམ་སྲོག་ལྡན་ཅིག་ཡིན་པར་བསྟན་ཡོད་དེ། དགྲ་བོ་གསོད། མི་ངན་གསོད། ཙི་ཙི་གསོད། ཁོ་གསོད། དེ་གསོད་ཅེས་པའི་དོན་བསྟན་པའི་ཕྱིར་དང་། བསད་ཅེས་པ་འང་བེམ་པོ་ལ་འཇུག་པ་མ་ཡིན་པར། སེམས་ལྡན་ནམ་སྲོག་ཆགས་ཀྱི་སྲོག་གི་དབང་པོ་འགགས་པར་བྱས་པ་ལ་ར་བསད། ལུག་བསད། གཡག་བསད། རླངས་འཁོར་གྱིས་མི་བསད་འདུག་ཅེས་པའི་ཐ་སྙད་འཇུག་པའི་ཚུལ་ལ་གཟིགས་ན་མཁྱེན་ངེས། དེང་དུས་ཐ་སྙད་གསར་པའི་མིང་མཛོད་ལའང་འཁོར་ལོར་ཕུ་བཅུག་པའི་ཕུ་བདའ་ལ་དབུགས་བདའ་ཟེར་བ། སོལ་རླངས་དམ་བུ་ལ་དབུགས་དམ་ཟེར་བ། རླངས་བཀག་རྡིག་ལ་དབུགས་རྡིག་ཅེས་མིང་བཏགས་ཏེ་པར་འགྲེམ་གནང་ཞིང་མང་པོས་བེད་སྤྱོད་གནང་གི་ཡོད་མོད། ཕུ་དང་རླངས་དང་རླུང་དང་ལྷགས་པ་དང་བསེར་མ་ནི་ཤེས་པ་ཅན་དང་མི་འབྲེལ་ཞིང་། དབུགས་ནི་སྲོག་ལྡན་ཁོ་ན་ལ་འཇུག་ཤིང་། སྣ་ནས་རྒྱུ་བའི་རླུང་ལ་དབུགས་ཟེར་ཞིང་། དབུགས་འབྱིན་པ་དང་དབུགས་རྔུབ་པ་དང་དབུགས་ཐག་རིང་ཐུང་། དབུགས་ཆད་པ། དབུགས་དང་བྲལ་ཞེས་པ་སོགས་ལས་གསལ་པོར་ཡོད་པ་མ་ཡིན་ནམ།
རང་ལ་འཚོ་བྱེད། ལྷ་རྗེ། སྨན་དཔའམ་སྨན་པ་ཞེས་པའི་མིང་ཡོད་བཞིན་དུ་དབུས་གཙང་པས་སོག་སྐད་ཨེམ་ཆིའམ་ཨམ་ཆི་ཟེར་རྒྱུར་དགའ་བ་དང་། ཁ་བཏགས་ནི་སོག་སྐད་དེ། བོད་སྐད་ལ་དར་ཁ་ཟེར་བ་ཡིན་མོད། ད་དུང་གསོལ་བཏགས་དང་མཛོད་བཏགས་ཟེར་བ་དང་། ཁ་ལག་ནི་རྒྱ་གར་སྐད་དེ། ཟས་བཟའ་བ། ཁ་ལག་ཟ་ནི་བོད་སྐད་ཡིན་པར་རློམ་པ་དང་། པད་ཤག་ནི་བལ་པོའི་སྐད་དེ། སྒོར་ཟུར་གྱི་ཐ་སྙད་ཡིན་ཀྱང་། བོད་སྐད་དངུལ་ལོར་གྱི་ཐ་སྙད་དུ་རློམ་ཏེ་སྤེལ་བར་དགའ་ཞིང་རང་སྐད་རང་གིས་བརླག་བཞིན་པ་འདི་ཀ་ཡིན་ཀྱང་། མཁས་རྒན་རྣམ་པ་སོགས་ཀྱིས་ནི་དེ་དག་སྤྱི་ཚོགས་ནང་ཁྱབ་ཟིན་པས་བཅོས་ཐབས་མེད་པས། ཕན་མེད་པའི་རྙོག་དྲ་སློང་མ་ཡོང་གསུང་འོང་བ་དང་། ཕལ་པ་ཁ་ཅིག་གིས་ནི་མི་བྱབ་ཆུང་དེ་གང་སར་ཇུས་ཏོག་ཚ་བ་ལ་ཟེར་འོང་བས། བདེན་དོན་ཡོད་ཀྱང་གནས་ལུགས་ཤོད་ས་རྙེད་དཀའ་བའི་གནས་སུ་གྱར་ཡོད།
ཁོ་བོས་ལོ་མང་པོའི་གོང་དུ་བོད་སྐད་ཡིག་གཅིག་གྱུར་ཡོང་མིན་ཐད་ལ། ད་ལྟའི་ཆར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྙན་སྒྲོན་པའི་ཀློག་སྟངས་དང་འབྲེལ་བ་ཟབ་པ་དང་། སྒྲ་ཟུར་ཆག་གི་ཀློག་སྟངས་ཀྱི་ཉེས་པ་དང་། ཐ་སྙད་མ་དག་རྒྱུན་འབྱམས་ཀྱི་སྐྱོན་ཆ་སོགས་རྩོམ་ཡིག་བཞི་ཙམ་ཀན་སུའུ་རུ་གཉེར་བའི་བླ་སྲོག་དུས་དེབ་ཐོག་སྤེལ་མྱོང་ལ། པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་གཅེས་ཉར་དཔེ་མཛོད་ནང་དུ་དཔེ་ཆ་ཁ་ཅིག་ལ་ཐོག་ལ 死文 ཞེས་པའི་མིང་བཏགས་འདུག་ཅིང་། དེ་ནི་ཀློག་མི་ཐུབ་པར་གྱུར་པ་དང་ཅུང་ཟད་ཀློག་ཤེས་ཀྱང་ནང་དོན་མི་ཤེས་པའི་ཡིག་རིགས་རེད་འདུག །མིང་དེ་ཐོས་ལ་ཙམ་གྱིས་འཇིགས་ཡེར་རེ་བ་ཅིག་འོང་འདུག་ལ། རང་རེའི་བྱ་བའི་མིང་ཕུན་སུམ་ཚོགས་པ་རྣམས་དཔེ་ཆ་རྙིང་པའི་ནང་བཞུགས་ཡོད་ཀྱང་། ཐུན་མོང་འཚོ་བའི་ཁྲོད་དུ་ཡིག་གེ་ཤི་བོར་གྱུར་ཟིན་པ་འདི་དག་ཡིད་ལ་འཁོར་འོང་ལ། རང་གི་ཐ་སྙད་རྨད་དུ་བྱུང་བ་རྣམས་མ་བཀོལ་བར་ཁ་བདེ་བདེ་དང་། ཉམས་མཚར་མཚར་གྱི་མིང་ལོག་པ་རེ་བཀོལ་ནས་རྩ་མེད་བཏང་དང་གཏོང་བཞིན་པའི་ནག་ཉེས་ནམ་མཁར་མི་ཤོང་བ་ཅིག་བསགས་ཡོད་པ་མ་ཡིན་ནམ།
མགོ་ཡ་ཐོད་ནང་ལ་སེམས་དང་། སེམས་ལ་དཔྱོད་ཤེས་ཡོད་པ་ཅིག་ཡིན་ན། རྒྱུན་ལྡན་འཚོ་བའི་ནང་དུ་བརྡ་ལོག་དང་མིང་ལོག་སྤྱོད་པའི་ངང་ཚུལ་ལ་དོ་སྣང་དང་། སྨྱུག་འཛིན་གཙོ་གྱུར་གྱིས་ཡོ་བསྲང་དང་བསྒྱུར་བཅོས་ལ་སྐུལ་འདེད་ཟམ་མ་ཆད་པར་གནང་དགོས། དེ་མིན་ཕ་སྐད་གཙང་མ་དགོས་རབས་དང་། བོད་སྐད་ཡིག་རྩ་ཆེ་རབས་དང་། མི་ཉམས་རྒྱུན་འཛིན་སོགས་སྐད་ཆ་སྙན་པོ་ཅི་དང་ཅི་འདྲ་བཤད་རུང་། སྐད་ཡིག་ཐད་ལ་ལས་ཀ་མང་པོ་བྱེད་ཁུལ་བྱས་ན་ཡང་། དོན་ལ་སྐེ་བཅད་ནས་ཨོག་མར་བྱིལ་བྱིལ་གྱིས་གཅེས་མདོག་སྟོན་པ་དང་གཉིས་སུ་མ་མཆིས་པ་ནི་མངོན་སུམ་ཚད་གྲུབ་བོ། །དེས་ན་རང་གི་ལྟ་ཚུལ་ཁ་རི་ཁ་ཐུག་ཞུས་པ་ལགས་སོ། །
༢༠༢༢/༩/༧
ཡ་ད་འོ་ན། གསད་དང་གསོད་དང་བསད་སོགས་ཡིན་ན་ཡིན་གཅིག་ཡིན་སྲོག་ལྡན་ཞིག་ཡིན་དགོས་པར་ཐལ།
འདོད།
ཡ་ད་འོ་ན། དཀའ་བ་ཁྱད་དུ་གསད་དང་ངལ་བ་ཁྱད་དུ་བསད་སོགས་སྲོག་ལྡན་ཡིན་པར་ཐལ། གསད་དང་བསད་སོགས་ཡོད་པའི་ཕྱིར།
སྐད་གཏིང་ཚུགས་པ་ཞིག་ཡིན་ན་བཀོལ་སྤྱོད་བྱེད་མཁན་གྱི་ངག་འགྲོས་ལ་གཙོ་བོར་བྱེད་པ་ལས་དཔེ་ཆ་ལ་ལའི་ཁུངས་དྲངས་ཡོང་བས་མི་ཕན། གསོད་པ་ནི་འཇོམས་པར་བྱེད་པའི་དོན་ཡིན་པས། ཡིན་གཅིག་གྲི་བསྣུན་ནས་དབུགས་ལེན་དགོས་པ་དེ་འདྲ་མིན། མེ་མེད་པར་བཟོ་བ་ལ་མེད་གསོད་པ། ངར་གསོད་པའི་སྐབས་ནུས་པ་འཇོམས་པར་བྱེད་པ་ལས་སྲོག་ལེན་པའི་དོན་མེད་པ་ལྟ་བུའོ། །
དེ་བཞིན་ཨེམ་ཆི་དང་པདྨ་སོགས་ཀྱང་གཏིང་ཚུགས་པའི་ཐ་སྙད་ཡིན་ཕྱིར། དེ་དག་བོད་སྐད་མིན་ཟེར་བ་ཚད་མས་མ་གྲུབ་བོ། །
པད་མ་དང་ཨེམ་ཆི་སོགས་ནི་བོད་སྐད་རེད། བོད་ཡིག་ཏུ་བྲིས་པ་ཞིག་ཡིན་ཕྱིན་བོད་སྐད་རེད། འོན་ཀྱང་། དེའི་འབྱུང་ཁུངས་གང་ནས་རེད་ཅེ་ན། རྒྱ་གར་དང་སོག་པོ་སོགས་ནས་རེད་ལབ་དགོས་པ་རེད། རྒྱ་ཡིག་ནང་ལ་དབྱིན་སྐད་ཀྱི་ཐ་སྙད་མང་བ་དང་། དབྱིན་ཇི་ནང་ལ་ལེགས་སྦྱར་དང་། ལ་ཏིན་དང་། བོད་ཀྱི་ཐ་སྙད་སོགས་ཡོད་པ་དེ་དག་ཀྱང་དབྱིན་ཇི་རེད། འོན་ཀྱང་དེ་དང་དེའི་འབྱུང་ཁུངས་བཤད་སྐབས་དེ་དང་དེ་ནས་རེད་ལབ་དགོས་པ་རེད།