བསམ་གླིང་ཚེ་རིང་ལྷ་མོ།
སྐུ་ཡི་མཚན་བཟང་དཔེ་བྱད་བརྒྱད་ཅུ་ཡིས་མཛེས་ཤིང།།
ཐུགས་ཀྱི་མཁྱེན་རླབས་མཚུངས་བྲལ་ཤར་ཕྱོགས་ཀྱི་རྒྱལ་སྲས།།
ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གཞིས་ལུས་ཚོར་མེད་ཀྱང།།
གངས་ལྗོངས་བོད་མིའི་སེམས་ན་སྤྱན་རས་གཟིགས་ཁྱེད་ཡིན།།
འགྲོ་བའི་སེམས་ཀྱི་བླ་མ་བསྟན་འཛིན་གྱི་རྒྱ་མཚོ།།
སངས་རྒྱས་སྐུ་ཉིད་བལྟམས་པའི་སྐལ་བཟང་གི་ཉིན་མོ།།
དགའ་སྟོན་འབུམ་གྱིས་མྱོས་པའི་རྟེན་འབྲེལ་གྱི་ཁྲོད་ནས།།
བོད་འབངས་དགའ་བའི་གླུ་སྒྲས་སྟོང་གསུམ་ཡང་ཁེངས་སོ།།
སྟེང་གི་རི་མོ་འཇའ་ཚོན་སྣ་ལྔ་ཡི་དབུས་སུ།།
བར་དུ་རིན་ཆེན་ནོར་བུའི་ཁྲི་འཕང་དེ་མཐོ་ཞིང།།
གཤམ་ན་གཡུ་རལ་རྫིག་པའི་སེང་གེ་ཟུང་འགྱིང་ལ།།
ཀུན་བཟང་སེམས་ཀྱིས་སྤྲུལ་བའི་མཆོད་སྤྲིན་ཞིག་འབུལ་ལོ།།
གཡས་ན་དྲི་ཞིམ་འཐུལ་བའི་མེ་ཏོག་གིས་མཛེས་ཤིང།།
གཡོན་ན་རིན་ཆེན་ནོར་བུས་སྡེར་མ་རྣམས་ཁེངས་ལ།།
གཡས་གཡོན་རྒྱབ་མདུན་ཀུན་ཏུ་ཅུ་དྲུག་གི་ལང་ཚོའི།།
ལྷ་དང་ལྷ་མོའི་གར་མཁན་མཆོད་སྤྲིན་དུ་སྤྲོ་ཡོད།།
བསྟན་པ་ཉི་འོད་བཞིན་དུ་འཛམ་གླིང་དུ་འཕྲོས་ཤིང།།
འཛིན་མཁས་དུས་རབས་འཕོ་འགྱུར་མཁྱེན་དཔྱོད་ཀྱིས་ཕྱུག་པ།།
རྒྱ་མཚོའི་ཀླུང་ལྟར་ཟབ་པའི་ཆོས་སྲིད་ཀྱི་འཇིངས་སུ།།
མཚོ་ཡི་བླ་མ་གང་གི་མཛད་འཕྲིན་དེ་རྒྱས་ཤོག
ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིགས་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་༧སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ།
ཞི་བདེའི་འཛུམ་མདངས་རེ་རེས་འགྲོ་བ་རྣམས།
ཐར་བའི་ས་བོན་སྐྲུན་མཁན་ཡིད་འོང་སྐུ།
ཆོས་ཀྱི་ཆར་ཆེན་རྒྱུན་དུ་ཕབ་གྱུར་ཀྱང་།
དགག་པ་མེད་པ་གསུང་མཆོག་དྲུག་ཅུའི་དབྱངས།
ཆོས་ཉིད་ཀློང་ལས་གཡོ་བ་མེད་གྱུར་ཀྱང་།
སྙིང་རྗེའི་རྦ་རླབས་རྒྱུན་མེད་གཡོ་བའི་ཐུགས།
གང་ཅན་ལྷ་སྐལ་སྤྱན་རས་གཟིགས་དབང་ཁྱེད།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་།
ཐུགས་བཞེད་མ་ལུས་ལྷུན་གྱིས་གྲུབ་གྱུར་ནས།
གྲུ་ཟིང་གཉིས་པ་ཕོ་བྲང་པོ་ཏ་ལར།
མི་འགྱངས་དུས་མྱུར་དུ་བྱོན་པའི་བཀྲིས་ཞུ།
བསམ་གླིང་ཚེ་རིང་ལྷ་མོ་ལེགས།
ཁྱེད་ཀྱི་གསུང་རྩོམ་ལེགས།
ལོ་ངོ་བཅུ་ཕྲག་སྔོན་དུ་བདག་གིས་བླ་མ་མཆོག་ལ་མཆོད་བརྗོད་ཅིག་བདག་གིས་བརྩམས་པའི་བོད་བརྡ་སྤྲོད་དུ་བྲིས་པ་འདི་ལྟར་ལགས།
ཆོས་དབྱིངས་ངང་ནས་མཁྱེན་བརྩེ་རང་བཞིན་དགེ་སྦྱོང་མི་ཡི་གཟུགས་སུ་རྣམ་པར་རོལ།
བསླབ་གསུམ་ལྷ་ལམ་ཡངས་པར་ཐེག་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་རྟ་བདུན་གྱིས།
བོད་ཀྱི་རིག་གཞུང་སྣང་བྱེད་ནུབ་རིར་སོན་པ་སླར་ཡང་ཤར་རིར་རྣམ་པར་འདྲེན།
འགྲོ་བའི་བླ་མར་གུས་པས་ཕྱག་འཚལ་ཞབས་བརྟན་སྐྱེ་དགུར་དགེ་བའི་རྒྱལ་མཚན་སྒྲེངས།།
ཞར་བྱུང་། ང་ཡིག་དང་ཤད་བར་དགོས་དབང་གིས་ཤད་རྒྱབ་སྲོལ་མཆིས་ཀྱང་། དེ་དག་ལ་ཁྱེད་ཀྱི་བྲིས་ན། ཐམས་ཅད་ལ་མེད་འདུག ཛམ་ཞེས་པ་རྒྱ་གར་ཚིག་ཡིན་པས་འ་སྔོན་འཇུག་མི་དགོས་ཀྱང་། མ་དག་རྒྱུན་འབྱམས་ཆགས། འོན་ཀྱང་སྣར་ཐང་བཀའ་འགྱུར་སོགས་ན། ཛམ་གླིང་། ཞེས་སོ། བོད་དབུས་སོགས་ཀྱི་སྐྱེ་བོའི་ངག་རྒྱུན་ལ་ཨ་ཡིག་དག་ཨེ་ཡིག་ཏུ་འདོན་པ་དང་། ཨེ་ཡིག་དག་ཨ་ཡིག་ཏུ་འདོན། དེའ་དབང་གིས་འབྲི་བ་ན་ཡང་། ལན་ལ་ལེན་དང་། ལེགས་ལ་ལགས་སོགས་འབྲི་བ་འདུག། ང་རང་གིས་འབྲི་བ་ན་ཡང་ནོར་འཁྲུལ་མང་པོ་བྱེད། འོན་ཀྱང་བོད་ཀྱི་ཡི་གེ་དག་པོ་དགོས་ཞེས་བསྐུལ་བ་ལ་སྐྱོན་མེད་བསམ།
རྒྱ་གར་དུ་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་སྒྲ་གདངས་ཉམས་ཀྱང་། སྐད་ལ་གཅེས་པ་དག་གི་འབད་རྩོལ་གྱིས་སླར་ཉམས་གསོ་བྱེད་ཐུབ་པ། དཔེར་ན། དཧ་རྨ་dharmaལ་དཧ་མམ་dhammaདང་། ཅ་ཀྲ་cakraལ་ཅ་ཀཀcakka ཉམས་ཆག་གིས་དེ་ལྟར་འདོན་པ་དང་འབྲི་བ་སོགས་ཞེས་སོགས་ལེགས་སྦྱར་དུ་མ་ཟད་ཧིནད་སྐད་དུ་སླར་གསོས་ཏེ། དཧ་མམ་dhammaལ་ དཧ་རྨ་dharmaདང་ ཅཀཀ་cakka ལ་ཅ་ཀྲ་ cakra ཞེས་འདོན་པ་དང་འབྲི་བར་བྱེད། དེ་ཡིས་རྒྱ་གར་དུ་སྐད་ཡིག་དང་རིག་གཞུང་དག་རྩ་མེད་མ་སོང་བར་ལུས། དེ་བཞིན་རང་རེ་བོད་ཀྱིས་ཀྱང་བྱེད་ན། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་མི་འགྱུར་བ་ལ་ཕན་པར་ངེས་བསམས་ཏེ། འབད་རྩོལ་ཞུ་བ་ལགས་པས་རིམ་པས་ད་དུང་ཡང་འབྲི་ངེས།
འདས་པའི་དུས་སུ། ༡༩༩༢ ལོར་ཟ་མ་ཏོག་སྤར་པའི་སྔོན་བརྗོད་དུ། བོད་རིག་གཞུང་སྐད་ལ་སྦྱང་དགོས་ཚུལ་ཤོག་གྲངས་མང་པོར་་བྲིས་ཏེ་ཞུས་པ་དང་། དེའི་རྗེས་༡༩༩༤ལོར་བོད་རྗེ་མི་མངས་ལ་ཕུལ་པའི་སྤྲིངས་ཡིག ཅེས་པ་ཤོག་གྲངས་༤༠ ལྷག ༧རྒྱལ་བ་རིན་པོ་ཆེའི་ཞབས་དང་། གཞན་དུ་ཡང་བཀྲམས། དེའི་དུས་དེ་ལ་དྷ་སར་དོ་སྣང་ཆེན་པོ་མཛད། དེ་ཡི་འདྲ་བཤུས་ཀྱང་ལས་ཁུངས་སོ་སོར་བཀྲམས་པའི་གནས་ཚུལ་ཐོས་པ་དང་། དེ་ཉིད་ལྗང་གཞོན་དུ་༡༩༩༧ འདོན་ཐེངས་༩པར་ཤོག་ལྡེབས་༡༡ ནས་ ༤༩ སྤར་ཡོད་ཀྱང་། དེ་དག་གིས་བདག་གི་དམིགས་ཡུལ་ལ་གང་ཡང་ཕན་པ་ཞིག་བྱུང་མི་འདུག་སྙམ།
༧རྒྱལ་བ་ཡིད་བཞིན་ནོར་བུ་༧བསྟན་འཛིན་རྒྱ་མཚོ་མཆོག་གི་སྐུ་ཡི་འཁྲུངས་སྐར་གྱི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་༧སྐུ་ཁམས་་གཡུང་དྲུང་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བསྲུང་སྐྱོབས་དམ་པར་མཛད་ཅིང་༧ཐུགས་ཀྱི་བཞེད་དོན་ཁག་མྱུར་བར་འགྲུབ་པའི་སྨོན་ལམ་ཞུ། དེ་དང་ཆབ་གཅིག་ཏུ་༧རྒྱལ་བ་གང་ཉིད་ཐུགས་དགྱེས་སའི་་་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་་་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཤིང་རྒྱས་ལ་ཡུན་རིང་དུ་གནས་པའི་བཀྲ་ཤིས་པར་གྱུར་ཅིག། །
བཀུར་འོས་དྲ་གྲོགས་ལྷན་རྒྱས་ནས་མཆོད་སྤྲིན་འབུལ་དུ་མཉམ་བཞུགས་གནང་བར་བཀའ་དྲིན་ཆེ།
བཀུར་འོས་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་གསུང་པ་དེ་རང་གསལ་འདུག
དུས་རྒྱུན་ང་ཡིག་གི་རྗེས་སུ་ཤད་རེ་བྲིས་དུས་ཚེག་རེ་རང་བཞིན་གྱིས་ཤར་ཡོང་བ་ཞིག་འདུག་ད་རེས་ཅི་ཞིག་བྱུང་སོང་བ་འདྲ། ཐུགས་རྗེ་ཆེ།
མཆོད་པ་འབུལ་ན་མཆོད་པ་འབུལ། །
ང་ཚོས་མཆོད་པ་མཉམ་དུ་འབུལ།།
མེ་ཏོག་སྣ་མིན་སྣ་ཚོགས་ཀྱིས།།
མགོན་པོ་མཆོག་ལ་མཆོད་པ་འབུལ།།
གུས་ཕྱག་འཚལ་ན་གུས་ཕྱག་འཚལ།།
ང་ཚོས་གུས་ཕྱག་མཉམ་དུ་འཚལ།།
ཐལ་མོའི་མེ་ཏོག་ཟུམ་བྱས་ནས།།
མགོན་པོ་མཆོག་ལ་གུས་ཕྱག་འཚལ།།
གླུ་དབྱངས་ལེན་ན་གླུ་དབྱངས་ལེན།།
ང་ཚོས་གླུ་དབྱངས་མཉམ་དུ་ལེན།།
ངག་རིག་མེ་ཏོག་དབྱངས་འཐེན་ནས།།
མགོན་པོ་མཆོག་ལ་བསྟོད་གླུ་འབུལ།།
མགོན་པོ་མཆོག་གི་ཐུགས་རྗེའི་སྤྲིན་ཕུང་ལས།།
ཐུགས་རྗེའི་མེ་ཏོག་ང་ཚོའི་བགོ་སྐལ་ཉིད།།
བསོད་ནམས་གང་ཞིག་བསགས་པའི་བདེན་མཐུ་ལས།།
ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་འདེབས།།
ཝ་ཤིན་ཀྲོན་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་གུས་པས་བླངས།།
གུས་པར་འོས་པའི་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས་ནས་མཆོད་སྤྲིན་མཉམ་དུ་སྤྲོ་བར་ཐུགས་རྗེ་ཆེ།