དྲི་བ་འདོན་མཁན། ཀླུ་སྨྱོན།
དྲི་བ། ཁྱེད་ཀྱི་ཕ་མ་གཉིས་ཀྱི་སྐོར་ཅིག་གསུང་རོགས།
དྲི་ལན། ངའི་ཨ་ཕའི་མཚན་ལ་བསྟན་འཛིན་དངོས་གྲུབ་དང་ཨ་མ་ལགས་ཀྱི་མཚན་ལ་ཨཱེན་ན་ཛྷུ་རན་སི་ཁ་ཡ་ཟེར། ཨ་ཕའི་ཕ་ཡུལ་སྟོད་མངའ་རིས་དང་ཨ་མ་ལགས་ཀྱི་ཕ་ཡུལ་ཨུ་རུ་སུ་ནས་ཡིན།
སྤྱིར་ངའི་ཕ་མ་གཉིས་ཀ་ལྷ་བཟོ་བ་ཡིན་ཞིང་། ཁོང་གཉིས་ཀ་ཐོག་མར་འཕྲད་པའི་བརྒྱུད་རིམ་ཡང་ཐང་ག་ལ་འབྲེལ་བ་ཡོད། ངའི་ཨ་མ་ལགས་ཆུང་དུས་ནས་རི་མོར་མཁས་ཤིང་ཐང་ག་འབྲི་རྒྱུ་ཉིད་ཨ་མ་ལགས་ཀྱིས་སྔ་མོ་ནས་བཅངས་པའི་ཕུགས་བསམ་རེད། ཨ་མ་ལགས་ལོ་ཉི་ཤུ་ཡས་མས་ཙམ་ནས་ཐང་ག་སྦྱང་རྒྱུ་འགོ་བརྩམས་ཀྱང་། ཨུ་རུ་སུ་ལ་གནའ་སྲོལ་ཐང་ག་སྦྱང་རྒྱུའི་ཆ་རྐྱེན་དེ་ཙམ་མེད་པས་རྒྱ་གར་རྡ་རམ་ས་ལར་ཡོང་ནས་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱི་ལམ་སྟོན་འོག་ཏུ་གནའ་སྲོལ་ཐང་གའི་སྨན་རིས་འབྲི་སྲོལ་བསླབས། དེ་རུ་སླེབས་དུས་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱི་ལམ་སྟོན་འོག་ཏུ་ལོ་བཅོ་ལྔ་ནས་བཟུང་ལྷ་བྲིས་འཛིན་གྲྭར་ཞུགས་ཡོད་པའི་ངའི་ཨ་ཕ་དང་འཕྲད་ཅིང་མཛའ་བརྩེའི་འབྲེལ་བ་བྱུང་འདུག
དྲི་བ། ཁྱེད་རང་གི་བྱིས་པའི་དུས་ཀྱི་ལོ་ཟླ་ངོ་སྤྲོད་གནང་རོགས།
དྲི་ལན། ང་རང་རྒྱ་གར་ལ་མ་སླེབས་སྔོན་ངའི་བྱིས་དུས་ནི་ཕལ་ཆེར་མངར་ཁ་མེད་པའི་ལོ་ཟླ་སྐྱུར་མོ་འབའ་ཞིག་ཡིན་པར་འདོད། ང་རང་རྒྱ་གར་ལ་སླེབས་དུས་ང་རང་ལོ་དྲུག་བདུན་ཡས་མས་ཤིག་རེད།
དེ་སྔོན་ང་རང་འཚར་ལོངས་བྱུང་ས་ནི་ངའི་ཨ་མའི་ལུང་པ་ཡིན་ལ། ལོ་དེ་དག་གི་ནང་ལ་ཨ་མ་ངེད་གཉིས་ཀྱིས་སྡུག་པོ་མང་པོ་མཐོང་མྱོང་། དེ་དུས་ནང་མིའི་བར་ལ་འཆམ་མཐུན་མེད་པ་དང་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོ་ཡོད། དཀའ་ཚེགས་དུ་མར་གདོང་ལེན་བྱེད་དགོས་པའི་དུས་དེར་ཨ་མ་ལགས་ཀྱིས་ང་རང་ཁྲིད་ནས་ས་ཆ་ངེས་མེད་དུ་འཁྱམ་ཉུལ་བྱས་པ་ཐེངས་གཅིག་མིན། སྐབས་དེ་དུས་ང་རང་བསམ་མེད་ཀྱི་བྱིས་པ་ཆུང་ཆུང་ཞིག་ཡིན་ཡང་ལོ་དེ་དག་གི་རིང་ལ་ང་ཚོར་སྡོད་ས་དང་ཟ་མ་མ་རེག་པའི་སྡུག་པོ་ཇི་ལྟར་མྱངས་པ་ད་རུང་གསལ་པོར་དྲན་གྱི་འདུག
ང་རང་ཆུང་དུས་ཨུ་རུ་སུའི་བྱང་ཕྱོགས་སི་བི་རི་ཡའི་ས་ཁུལ་གྱི་སྦུ་རི་ཏ་དང་ཁལ་མུག་ལུང་པར་འཚོ་བ་རོལ་བའི་སྐོར་ལ་ཕྱིར་དྲན་བྱེད་དུས།དེ་ནི་ང་རང་ཨུ་རུ་སུ་ལ་ཡོད་དུས་ཀྱི་ཆེས་སྐྱིད་ཤོས་ཀྱི་དུས་ཚོད་ལ་ངོས་འཛིན་བྱེད་ཀྱི་ཡོད། སྐབས་དེ་དུས་ང་ཚོའི་འཚོ་བ་རོལ་ས་ནི་རི་འདབས་སུ་འཁྱིལ་བའི་སྤང་གཞོང་ཡངས་པའི་རྩྭ་ཐང་ཡིན། ལྗང་ལོ་སྟུག་པའི་ནགས་ཚལ་དང་མེ་ཏོག་ཁྲ་ཆིལ་གྱིས་བརྒྱན་པའི་རྩྭ་ཐང་གི་མཛེས་སྡུག་ད་རུང་གསལ་པོ་དྲན་ཐུབ། ངོ་མ་ས་ཆ་ཉམས་དགའ་བ་ཁ་ཁུ་སིམ་པོ་ཞིག་རེད། རང་བྱུང་གི་ཁམས་ལྟ་ན་སྡུག་ལ་གྲོང་གསེབ་དང་གཞིས་ཆགས་རེ་ཟུང་མ་གཏོགས་གྲོང་ཁྱེར་ཆེན་པོ་མེད། ནང་པའི་དགོན་པ་འགའ་ཞིག་ཡོད་པ་ཡང་དྲན་གྱི་འདུག ལོ་རེར་རྒྱ་གར་ནས་བླ་མ་ཨ་ལགས་དེ་འདྲ་གདན་འདྲེན་ཞུ་བ་ལྟར་བཀའ་ཆོས་གནང་བར་ཕེབས་ནས་བཀའ་ཆོས་གནང་བར་ཕེབས་ཀྱི་འདུག ཨུ་རུ་སུའི་བྱང་ཕྱོགས་ཀྱི་ལུང་པ་ནང་པ་ཡིན་མོད་ཀྱང་། དམར་ཤོག་གི་དུས་སུ་ཉམས་རྒུད་ཆེན་པོ་བྱུང་ཡོད། ང་རང་ས་ཆ་དེ་ལས་ཁ་བྲལ་ནས་ལོ་མང་འདས་ཟིན་ཀྱང་མི་གཞན་གྱིས་ཟེར་ན་ད་ཆར་དེ་སྔ་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་ཡོད་བཟོ་འདུག ཨ་མ་ངེད་གཉིས་ས་ཆ་གཅིག་ལ་ཡུན་རིང་མ་བསྡད་པར་གང་སར་འཁྱམ་ཉུལ་བྱས་ཤིང་། ཉིན་གཅིག་མ་འདོད་བཞིན་དུ་སྦུ་རི་ཏ་ལུང་པ་རྒྱབ་ལ་བསྐྱུར་ནས་འགྲོ་དགོས་བྱུང་བ་རེད།
དེ་རྗེས་ཟླ་ཤས་རིང་ལ་ང་རང་དྭ་ཕྲུག་གསོ་ཁང་ཞིག་ཏུ་བསྡད་དགོས་བྱུང་སོང་། དེ་དུས་ངས་ཨ་མ་ཧ་ཅང་དྲན་མྱོང་། ཨ་མ་ང་རང་ལ་ཐུག་པར་སླེབས་རྒྱུའི་རེ་སྒུག་གིས་ཉི་མ་ཟད་ཐབས་བྱས་ཤིང་། དེ་དུས་ཨ་མ་ལ་དཀའ་ངལ་མང་པོ་ཡོད་སྟབས་ང་རང་ཐུག་པར་རྒྱུན་དུ་སླེབས་མ་ནུས་ཀྱང་སྐབས་རེར་གཟའ་སྤེན་པ་ལ་ང་རང་དགོངས་པ་ཞུས་ནས་འཆམ་འཆམ་ལ་འཁྲིད་འགྲོ་ཀྱི་ཡོད། ངའི་ཨ་མ་ང་ལ་ངོ་མ་བཀའ་དྲིན་ཆེན་པོ་རེད།
དྲི་བ། ཁྱེད་རང་གི་ཆུང་དུས་ཀྱི་སློབ་གྲྭའི་བརྒྱུད་རིམ་ག་འདྲ་ཡིན་ནམ།
དྲི་ལན། ང་རང་ལ་ཡི་གེ་སློབ་མཁན་ཐོག་མ་དེ་ཡང་ངའི་ཨ་མ་ལགས་ཡིན་ཞིང་། ང་རང་ཆུང་དུས་ཨ་མས་ང་ལ་ཉིན་ལྟར་སྒྲུང་དེབ་ཀློག་པ་དང་ཡི་གེ་བསླབས་པ་ལ་བརྟེན་ནས་ལོ་བཞི་ཡས་མས་ཙམ་ནས་འབྲི་ཀློག་ཤེས་ཙམ་བྱུང་སོང་། ང་རང་སློབ་གྲྭར་ཐོག་མར་འགྲོ་དུས་ང་རང་ལོ་ལྔ་དྲུག་ཙམ་རེད། དེ་དུས་ང་རང་ཁཱལ་མུག་ལུང་པར་ཡོད་པའི་ཨ་མའི་ངོ་ཤེས་ཀྱི་ནང་ལ་བསྡད་པ་ཡིན། ཁོང་ཚོ་བཟའ་མི་གསུམ་གྱིས་ང་ལ་སོ་སོའི་ཕྲུ་གུ་ནང་བཞིན་བྱམས་སྐྱོང་བྱས་པ་ཕྱིར་དྲན་བྱེད་དུས་ཁོང་ཚོ་ངོ་མ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར།
བཟའ་ཚང་དེར་བསྡད་དེ་ལོ་ཕྱེད་ཀ་སོང་མ་ཐག་ངའི་ཨ་ཡེ་ང་རང་བཟའ་ཚང་དེར་ཡོད་པ་ཤེས་རྟོགས་བྱུང་ནས་ཨ་མས་མ་ཤེས་པར་བྱས་ནས་ང་རང་རྒྱལ་སར་འཁྲིད་ཕྱིན་སོང་།
རྒྱལ་སར་སླེབས་དུས་ང་རང་སེམས་ཧ་ཅང་མ་སྐྱིད་པ་ཆགས་སོང་། ཨ་ཡེ་དང་ཨ་ཡེའི་ཨ་མ་གཉིས་ཀས་ང་ལ་ཧ་ཅང་དགའ་བོ་བྱས་ཀྱང་ང་རང་ཨ་མ་ཁོ་ན་དྲན་ནས་རྒྱལ་སའི་ནང་གི་འཚོ་བར་རྦད་དེ་ཞེན་པ་ལོག་སོང་། རྒྱལ་སར་སླེབས་དུས་ང་རང་སླར་ཡང་ཆ་རྒྱུས་གང་ཡང་མེད་པའི་སློབ་གྲྭ་གསར་པར་ཞུགས་དགོས་བྱུང་སྟབས་དཀའ་ལས་ཏོག་ཙམ་བྱུང་སོང་། དེ་ནས་ལོ་ཕྱེད་ཀ་རྫོགས་མ་ཐག་ཨ་མས་ང་རང་རྒྱ་གར་རྡ་རམ་ས་ལར་འཁྲིད་ཡོང་བ་རེད།
དྲི་བ། ཁྱེད་རང་ད་ལོར་ལོ་ག་ཚོད་ཡིན་ནམ།
དྲི་ལན། ང་རང་༡༩༩༦ ལོའི་ཟླ་༧ ཚེས་༢༢ ལ་སྐྱེས་པ་རེད། དེས་ན་བོད་ལུགས་ལྟར་བརྩིས་ན་ད་ལྟ་ང་རང་ལོ་བཅུ་བདུན་དང་ཕྱི་ལུགས་ལྟར་ན་ང་ལོ་བཅུ་དྲུག་རེད། ངའི་ཨ་མ་དང་ཨ་ཕ་གཉིས་རྡ་རམ་ས་ལར་འཕྲད་རྗེས་ཨ་མར་མངལ་ཆགས་པ་དང་། དེ་ནས་ངའི་ཨ་མ་ཨུ་རུ་སུ་ལ་ཕྱིར་སླེབས་རྗེས་ང་རང་སྐྱེས་པ་རེད། ཨ་མའེ་ཉེ་འབྲེལ་གྱིས་ཨ་མར་ཕྲུ་གུ་ཆགས་ཡོད་པ་ཤེས་དུས་མོས་མཐུན་བྱས་མི་འདུག
དྲི་བ། རྒྱ་གར་ནས་ཐོག་མར་བོད་ཡིག་བོད་སྐད་ཇི་ལྟར་སློབ་སྦྱོང་བྱས་པ་ཡིན།
དྲི་ལན། དེ་དུས་ངས་ཨུ་རུ་སུའི་སྐད་མ་གཏོགས་མི་ཤེས་ཀྱང་བོད་པའི་སློབ་གྲྭར་འགྲོ་དུས་དམིགས་བསལ་གྱི་དཀའ་ངལ་བྱུང་བ་དྲན་གྱི་མི་འདུག རྒྱ་གར་ནང་ངའི་སློབ་སྦྱོང་བྱེད་ས་ཐོག་མ་ནི་གངས་སྐྱིད་སམ་བྷོ་ཊ་སློབ་གྲྭ་ཡིན། དེ་རྗེས་འཛིན་གྲྭ་གསུམ་པ་ནས་འཛིན་གྲྭ་བརྒྱད་པའི་བར་རྡ་ཤོད་བོད་ཁྱིམ་ལ་སློབ་སྦྱོང་བྱས་པ་ཡིན། ངས་བོད་ཡིག་ཐོག་མར་འཛིན་གྲྭ་དང་པོ་ནས་སྦྱངས་ཀྱང་སློབ་ཚན་ཚང་མའི་ནང་ནས་བོད་ཡིག་སོ་སོའི་སློབ་ཚན་དགའ་ཤོས་སུ་ངོས་འཛིན་བྱས་ནས་བོད་ཡིག་མཐར་ཕྱིན་པ་སྦྱོང་རྒྱུའི་འདུན་པ་སྐྱེས་པ་དེ་འཛིན་གྲྭ་བདུན་པའི་སྐབས་ནས་རེད།
སྤྱིར་ང་རང་གི་ཨ་མ་ཨུ་རུ་སུ་བ་ཡིན་མོད་ང་རང་བོད་པ་གཙང་མ་བྱེད་ན་འདོད། དེ་བས་བོད་ཡིག་དང་ནང་ཆོས་མཐར་ཕྱིན་པར་ཤེས་པའི་སྒོ་ནས་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ངའི་མ་འོངས་པའི་དམིགས་ཡུལ་ལྟེ་བ་དེ་ཡིན།
དྲི་བ། ཁྱེད་རང་བོད་པའི་ནང་ཆོས་དང་མཇལ་བའི་རྒྱུད་རིམ་དེ་གསུང་དང་།
དྲི་ལན། ང་རང་རྒྱ་གར་དུ་མ་སླེབས་གོང་ནས་ནང་ཆོས་ལ་ཡིད་ཆེས་དང་མོས་པ་ཆེན་པོ་ཡོད་སྟབས་རྒྱ་གར་ལ་སླེབས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མཇལ་དུས་མོས་གུས་ཧ་ཅང་ཆེན་པོ་སྐྱེས་སོང་། ང་རང་ཆུང་དུས་སུ་མི་ཚེའི་སྐོར་ལ་བསམ་བློ་གཏོང་རྒྱུར་དགའ། མིའི་མི་ཚེ་བཟའ་ཚང་གསོ་རྒྱུ་དང་དཔལ་འབྱོར་ཁོ་ནའི་ཆེད་དུ་ཟད་པ་དེར་སྙིང་དོན་མེད་པ་དང་། དེ་དུད་འགྲོ་དང་ཁྱད་པར་ཅི་ཡང་མེད་པ་སོགས་བསམས་མྱོང་། ང་རང་འཛིན་གྲྭ་ལྔ་པ་ཙམ་ཡིན་དུས་སྐབས་ཤིག་ལ་ངས་ཨ་མར་རང་ཉིད་ཀྱི་བསམ་ཚུལ་བཤད་པ་དྲན་གྱི་འདུག ངས་འདི་ལྟར་བཤད་ཡིན། ང་ཚོས་སྐྱེ་བ་ནས་སྐྱེ་བ་བླངས་ཏེ་རང་རང་སོ་སོའི་འདོད་པ་ཚིམས་པ་ཁོ་ནས་མི་ཚེ་ཆུད་ཟོས་སུ་བཏང་བ་དེར་སྙིང་པོ་ཅི་ཡོད་པ་དང་། སྐྱེ་བ་ནས་སྐྱེ་བ་བླངས་པ་དེ་ལ་མཐའ་ཞིག་མེད་དམ་ཞེས་དྲིས་པ་ཡིན། དེ་དུས་ཨ་མས་ང་རང་ལ་འཁོར་བ་ཐར་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཚུལ་སྐོར་ལ་འགྲེལ་བཤད་བརྒྱབ་དུས་ང་རང་སེམས་འགུལ་ཚད་མེད་ཅིག་སྐྱེས་སོང་། དེ་རྗེས་ང་རང་ལོ་༡༣ ཡིན་དུས་ངའི་ཚེ་འདིའི་རྩ་བའི་བླ་མ་སྐྱབས་མགོན་ཨ་དབྱངས་རིན་པོ་ཆེ་མཇལ་བ་ནས་བཟུང་ངའི་མི་ཚེ་རྦད་དེ་འགྱུར་བ་ཕྱིན་སོང་། དེ་དུས་ང་རང་ནང་ཆོས་དང་བོད་ཡིག་སྦྱོང་ཕྱིར་ཝཱ་ཎ་མཐོ་སློབ་ལ་འགྲོ་རྒྱུ་ཐག་བཅད་པ་ཡིན། ཝཱ་ཎ་མཐོ་སློབ་ལ་འཛུལ་ཞུགས་ཡིག་ཚད་གཏོང་རྒྱུར་འཛིན་གྲྭ་བརྒྱད་པའི་ལག་ཁྱེར་ངེས་པར་དུ་མཁོ་བས། ང་རང་འཛིན་གྲྭ་བརྒྱད་པ་མཐར་མ་ཕྱིན་བར་དུ་སྒུག་དགོས་བྱུང་སོང་།
དྲི་བ། བཙན་བྱོལ་སློབ་གྲྭ་ཁག་གི་སྐོར་ལ་བསམ་ཚུལ་ག་འདྲ་ཡོད།
དྲི་ལན། སྤྱིར་ང་ལ་བཙན་བྱོལ་ནང་གི་སློབ་གྲྭའི་སྐོར་རྒྱུས་ཞེ་དྲགས་མེད་མོད། ང་རང་གི་སྣང་ངོར་བོད་ཁྱིམ་སློབ་གྲྭའི་བོད་ཡིག་གི་གནས་ཚད་ཧ་ལས་པའི་སྐྱོ་བ་མ་ཟད་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོར་རང་རིགས་ལ་ཞེན་ཁོག་དང་རང་ཉིད་ཀྱི་རྒྱལ་ཁབ་ལ་ལ་རྒྱ་མེད་པ་ལྟར་ཚོར་གྱི་འདུག
སློབ་ཕྲུག་མང་ཆེ་བས་ཆུང་དུས་ནས་དབྱིན་ཡིག་ལ་དོ་སྣང་དང་དགའ་སྣང་ཆེ་བ་མ་ཟད་དབྱིན་དེབ་ཀློག་པ་ལས་བོད་ཀྱི་སྒྲུང་རྩོམ་ལྟ་མཁན་ནི་ཉིན་མོའི་སྐར་མ་བཞིན་ཉུང་། ངས་བལྟས་ན་དེ་ནི་སློབ་ཁྲིད་བྱེད་སྟངས་མ་འགྲིགས་པའི་ཤུགས་རྐྱེན་ལས་མ་འདས། བཙན་བྱོལ་ནང་གི་ཕྲུ་གུ་དང་བོད་ནས་སླེབས་པའི་བོད་རིགས་ཀྱི་གནས་ཚད་བར་ལ་ས་གནམ་གྱི་ཁྱད་པར་ཡོད་པ་དེ་ངོ་མ་ཐབས་སྐྱོ་བོ་རེད་འདོད།
ད་ཆར་ངའི་བོད་ཡིག་གི་གནས་ཚད་དམའ་ཡང་བོད་ཁྱིམ་བསྐྱུར་རྗེས་རང་ཉིད་ཀྱི་བོད་ཡིག་གི་ཤེས་ཡོན་ལ་ཡར་རྒྱས་ཏོག་ཙམ་ཕྱིན་པའི་ཚོར་སྣང་སྐྱེས་ཀྱི་འདུག
ང་རང་བོད་ཁྱིམ་ལ་ཡོད་དུས་ནས་བོད་ཡིག་ལ་སྤྲོ་བ་སླེབས་ཀྱང་སྐབས་དེ་དུས་བོད་ཡིག་སྦྱོང་སའི་ཁོར་ཡུག་ཡག་པོ་མེད་སྟབས་ཏོག་ཙམ་ཁག་པོ་ཆགས་སོང་།ཝཱ་ཎ་མཐོ་སློབ་ལ་འཛུལ་ཞུགས་མ་བྱས་གོང་བོད་ཀྱི་དཔེ་མཛོད་ཁང་ལ་ཟླ་གཉིས་རིང་ལ་ཚོགས་པའི་བོད་རིགས་ཟབ་སྦྱོང་དེས་ང་ལ་ཧ་ཅང་ཕན་པོ་བྱུང་སོང་། ཟབ་སྦྱོང་དེར་ཞུགས་མཁན་དག་བོད་ཀྱི་སྐད་ཡིག་ལ་བྱང་ཆ་ཆེན་པོ་ཡོད་པས་ཁོང་ཚོའི་མཉམ་དུ་གཤིབས་པའི་དུས་ཡུན་ཐུང་ངུ་འདིས་བོད་ཀྱི་སྐད་ཡིག་ལ་འདུན་པ་ཇེ་ཆེར་གྱུར་སོང་། ཟབ་སྦྱོང་དེར་བོད་ཀྱི་སྐད་ཡིག་ཁོ་ན་ལྟ་ཀློག་འཆད་ཉན་བྱེད་རྒྱུའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཡོད་པས་ངོ་མ་ཕན་པོ་བྱུང་སོང་། དེ་རྗེས་ང་རང་ཝཱ་ཎ་མཐོ་སློབ་ལ་འཛུལ་ཞུགས་བྱས་པ་ཡིན།
དྲི་བ། ཨུ་རུ་སུ་དང་བོད་པའི་མི་རིགས་དང་བསམ་བློའི་བར་དུ་མི་འདྲ་བ་ག་རེ་འདུག
དྲི་ལན། ངའི་ཨ་མ་ཨུ་རུ་སུ་ནས་ཡིན་ཀྱང་། ངས་བོད་དང་ཨུ་རུ་སུའི་མི་རིགས་བར་ལ་ཁྱད་པར་གང་ཡོད་མེད་འགྲེལ་བཤད་རྒྱག་ཁག་པོ་འདུག ང་རང་ཨུ་རུ་སུ་ལ་འཚོ་བ་བསྐྱལ་མྱོང་ཡོད་ན་ཡང་དྲང་མོར་ཞུ་ན་ངས་ཨུ་རུ་སུའི་རིག་གཞུང་སྐོར་ལ་བྱང་ཆ་ཞེ་དྲགས་མེད་པའི་ཁར། ཨུ་རུ་སུའི་མི་རིགས་ནང་ནས་ཀྱང་ལྟ་བ་དང་བསམ་བློའི་འཁྱེར་ཕྱོགས་མི་མཐུན་པ་ཧ་ཅང་མང་པོ་ཡོད་སྟབས་ལབ་ཁག་པོ་འདུག བོད་དང་ཨུ་རུ་སུ་གཉིས་ཀྱི་རིག་གཞུང་བར་ལ་ཁྱད་པར་ཏན་ཏན་ཡོད་རྒྱུ་རེད། གང་ལྟར་ངའི་ངོས་ནས་བཤད་མི་ཤེས་པ་ཞིག་རེད།
དྲི་བ། སྐད་དང་ཡི་གེ་སྦྱོང་རྒྱུར་རྩ་བའི་ཆ་ནས་ཚང་དགོས་པའི་ཆ་རྐྱེན་གང་དག་ཡོད་དམ།
དྲི་ལན། སྤྱིར་སྐད་ཡིག་གང་རུང་མ་སྦྱངས་གོང་ནས་སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་པ་ཤེས་དགོས་ལ། རང་གི་ཕ་སྐད་སྦྱོང་དུས་རང་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་མེད་ན་སྐད་ཡིག་དེ་སྦྱོང་རྒྱུའི་སྤྲོ་བ་དམིགས་བསལ་བ་ཞིག་སླེབས་ཁག་པོ་རེད་འདོད། གཉིས་ནས་སྐད་ཡིག་གང་རུང་ཞིག་སྦྱོང་རྒྱུའི་ཐབས་ལམ་ཡག་ཤོས་ནི་དཔེ་ཀློག་དང་རང་ངོས་ནས་གང་མང་མང་འབྲི་རྒྱུ་དེ་རེད། དེ་མ་ཟད་སྐད་ཡིག་གང་རུང་ཞིག་སྦྱོང་སའི་ཁོར་ཡུག་ཡག་པོ་དགོས་པ་རེད་སྙམ། ཆ་རྐྱེན་དེ་དག་འཛོམས་ན་སུ་ཡིན་ཡང་སྐད་ཡིག་གང་རུང་ཞིག་ལ་གཞི་ནས་བྱང་ཆུབ་པ་ཞིག་ཆགས་ཐུབ་ཀྱི་རེད།
ང་རང་ལ་མཚོན་ན་བོད་ཁྱིམ་ལ་ཡོད་དུས་བོད་ཡིག་དང་ནང་ཆོས་སྦྱོང་སའི་ཁོར་ཡུག་ཡག་པོ་མེད་པའི་དཀའ་ངལ་ཤིག་བྱུང་སོང་། ང་རང་བོད་ཡིག་སྦྱོང་དུས་ངའི་ཕ་མ་གཉིས་ཀྱི་ངོས་ནས་ང་རང་ལ་འུ་ཚུགས་བརྒྱབ་མ་མྱོང་ལ་ང་རང་གི་འདུན་ཕྱོགས་ལ་བཀག་འགོག་གང་ཡང་མ་བྱས་པར་ངའི་མདུན་ལམ་ལ་རྒྱབ་སྐྱོར་ཚད་མེད་གནང་བར་ངོ་མ་བཀའ་དྲིན་ཆེན་པོ་རེད།ལྷག་པར་དུ་ང་རང་ཝར་ཎཱ་ལ་འགྲོ་རྒྱུར་ཐག་བཅད་དུས་དགའ་སྣང་ཆེན་པོའི་ངང་ནས་རྒྱབ་སྐྱོར་གནང་སོང་།
དྲི་བ། མ་འོངས་པར་ཨུ་རུ་སུ་ལ་འགྲོ་གི་ཡིན་ནམ་རྒྱ་གར་རང་དུ་སྡོད་ཀྱི་ཡིན།
དྲི་ལན། ང་རང་ཨུ་རུ་སུ་ལ་ཡོད་དུས་སྡུག་པོ་མང་པོ་མཐོང་མྱོང་བའམ། ཡང་ན་ལས་དབང་དེའི་རྐྱེན་གྱིས་གང་ཡིན་མི་ཤེས་མོད། ང་རང་རྒྱ་གར་ལ་རྦད་དེ་སྐྱིད་པ་ཚོར་གྱི་འདུག་ལ། མ་འོངས་པར་ཡང་ཨུ་རུ་སུའམ་དེ་ལས་གཞན་པའི་ཕྱིའི་རྒྱལ་ཁབ་གང་རུང་ལ་གཏན་ནས་འགྲོ་མི་འདོད། ང་རང་བོད་པའི་སྤྱི་ཚོགས་ནང་སྐྱིད་ཤོས་ཚོར་གྱི་འདུག་ལ། མ་འོངས་པར་བོད་ལ་འགྲོ་རྒྱུ་བྱུང་ན་བསམ་གི་འདུག བོད་ཀྱི་སྐད་ཡིག་དང་ལྷག་པར་ནང་ཆོས་ལེགས་པར་སྦྱངས་པའི་སྒོ་ནས་མ་འོངས་པར་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་ཕྲན་བུ་ཞུ་རྒྱུ་བྱུང་ན་དྲན་གྱི་ཡོད། སློབ་གྲྭ་མཐར་རྗེས་གཅིག་བྱས་ན་ཇོ་མོ་བྱེད་ཀྱི་ཡིན། མ་འོངས་པ་ནི་ང་ཚོ་སུ་གང་གིས་ཚོད་དཔག་བྱེད་དཀའ་བ་ཞིག་རེད་མོད། ང་རང་ནི་ངའི་དམིགས་ཡུལ་མ་འགྲུབ་ཀྱི་བར་དུ་ངས་བདམས་ཟིན་པའི་ལམ་ཁར་མུ་མཐུད་དེ་མདུན་དུ་བསྐྱོད་འདོད།
དྲི་བ། ཁྱེད་རང་ག་འདྲ་བྱས་ནས་བོད་ཀྱི་སྙན་ངག་ལ་སོགས་པའི་རྩོམ་རིག་ལ་སྤྲོ་བ་འཕེལ་སོང་།
དྲི་ལན། ང་རང་གིས་བོད་ཀྱི་སྙན་རྩོམ་ཆེས་ཐོག་མ་དེ་བཀླགས་མ་ཐག་ཏུ་བོད་སྲོལ་སྙན་ངག་ལ་སྤྲོ་བ་དང་འདུན་པ་ཆེན་པོ་སྐྱེས་སོང་། བོད་ཁྱིམ་ལ་སློབ་སྦྱོང་བྱས་རིང་ངས་སྙན་ངག་སྦྱངས་མྱོང་མེད་ཀྱང་། འཛིན་གྲྭ་བརྒྱད་པ་ལས་མཐར་ཕྱིན་རྗེས་སྙན་ངག་ཏོག་ཙམ་བཀླགས་པ་ཡིན། ང་རང་སྙན་ངག་ལ་དུང་བ་ཆེན་པོ་ཡོད་ཀྱང་སྙན་ངག་ཡག་པོ་འབྲི་མི་ཤེས། ངོ་དེབ་ཐོག་ཏུ་རང་སེམས་ཀྱི་ཚོར་སྣང་དང་བསམ་ཚུལ་ཐར་ཐོར་རེ་ཟུང་འབྲི་རྒྱུར་དགའ་པོ་ཡོད། ཝཱ་ཎ་མཐོ་སློབ་ལ་ཚུད་པ་ནས་བཟུང་ངས་སྙན་ངག་གང་མང་མང་འབྲི་ཐབས་བྱེད་ཀྱི་ཡོད།
དྲི་བ། ཁྱེད་ཀྱི་བོད་ཡིག་ལས་གཞན་པའི་ཡིག་རིགས་དེ་འདྲའི་ནང་རྩོམ་ཡིག་འབྲི་གི་ཡོད་དམ།
དྲི་ལན། སྤྱིར་ང་རང་གིས་བོད་ཡིག་མིན་པར་ཨུ་རུ་སུ་དང་དབྱིན་སྐད་ཐོག་ལ་ཡང་རྩོམ་ཏོག་ཙམ་བྲིས་མྱོང་ཡང་། ད་ལྟ་བོད་ཡིག་ནང་མ་གཏོགས་སྐད་ཡིག་གཞན་ནང་ལ་འབྲི་གི་མེད། བོད་ཀྱི་སྙན་རྩོམ་མིན་པར་ཨུ་རུ་སུའི་རྩོམ་རིག་ཀྱང་ཧ་ལས་པ་སྙན་པོ་ཚོར་གྱིན་འདུག ལྷག་པར་དུ་རང་བྱུང་ཁམས་ཀྱི་མཛེས་རིས་སོགས་ཀྱི་བཀོད་སྟངས་སྙན་གི སྐད་གང་རུང་ནང་འབྲི་དུས་ཀྱི་དཀའ་ངལ་གཙོ་བོ་ནི་རང་སེམས་ཀྱི་ཚོར་སྣང་རྣལ་མ་མཚོན་ཐབས་སུ་སྐབས་རེར་ཚིག་ཏག་ཏག་བེད་སྤྱོད་མ་ཤེས་པ་དེ་མ་གཏོགས་• དམིགས་བསལ་དཀའ་ངལ་མི་འདུག
དྲི་བ། མ་འོངས་པར་ཁྱེད་ཀྱིས་རང་གིས་བྲིས་པའི་སྙན་ངག་གི་དེབ་དེ་འདྲ་པར་སྐྲུན་བྱེད་རྩིས་ཡོད་དམ།
དྲི་ལན། མ་འོངས་པར་དེབ་ཅིག་པར་སྐྲུན་བྱེད་རྒྱུ་ངའི་རེ་བ་དང་རྨི་ལམ་ཡིན།
དྲི་བ། མ་འོངས་པར་ཁྱེད་ཀྱི་མི་ཚེ་ས་ཆ་གང་དུ་གནས་སྟངས་ག་འདྲ་ཞིག་གི་འོག་ནས་སྐྱེལ་རྩིས་ཡོད།
དྲི་ལན། མ་འོངས་པར་འཚོ་བ་གང་འདྲ་ཞིག་བསྐྱལ་དགོས་ཡོང་སུས་ཤེས། གང་ལྟར་ང་རང་རྒྱ་གར་ལ་སྐྱིད་པོ་འདུག ཨུ་རུ་སུ་དང་དེ་མིན་ཕྱིའི་རྒྱལ་ཁབ་གཞན་ལ་འགྲོ་འདོད་རྩ་ནས་མེད། ཉིན་གཅིག་བོད་ལ་འགྲོ་རྒྱུ་བྱང་ན་སྐྱིད་པ་ལ་བསམ་གིན་ཡོད། ངའི་མི་ཚེའི་ཕུགས་བསམ་མམ་དམིགས་ཡུལ་གཙོ་བོ་ནི་ནང་ཆོས་སྦྱོང་རྒྱུ་དང་ཉམས་ལེན་བྱེད་རྒྱུ་ཡིན་སྟབས། གཅིག་བྱས་ན་སློབ་གྲྭ་མཐར་རྗེས་ང་ཨ་ནི་བྱེད་ཀྱི་ཡིན། ཡིན་ནའང་ད་ལྟ་ང་རང་གིས་ཏན་ཏན་ཧ་གོ་མ་སོང་། གལ་སྲིད་རང་ཉིད་སྡོམ་པ་ལེགས་པར་བསྲུང་ཐུབ་པའི་གདེང་ཚོད་མ་ལྡན་ན་གོས་ངུར་སྨྲིག་གྱོན་པ་ལས་མི་སྐྱ་རང་བྱས་ན་བཟང་བར་འདོད།
དེ་འདྲའི་གདེང་ཚོད་ཅིག་ང་ལ་མ་ལྡན་གྱི་བར་ང་ཨ་ནི་བྱེད་ཀྱི་མིན།
དྲི་བ། ཁྱེད་ལ་འདི་འདྲའི་ཆོས་དད་བརྟན་པོ་ཞིག་ཡོང་བའི་རྒྱུ་རྐྱེན་ངོ་མ་དེ་གང་ཡིན་ནམ།
སྤྱིར་ང་རང་ཆུང་དུས་ནས་ནང་ཆོས་ཀྱི་གོ་བ་ལེན་མ་ཐུབ་ཀྱང་དད་པ་བྱེད་ཀྱི་ཡོད། དེ་ཚེ་སྔ་མའི་བག་ཆགས་ཡིན་སྲིད། ཧཧཧ། དེ་ནས་ང་རང་གིས་ནང་ཆོས་ཀྱི་ནང་དོན་ལ་དོ་སྣང་བྱས་པ་ནས་བཟུང་།
སྔར་ངའི་སེམས་ནང་ལ་འཁོར་བའི་དོགས་པ་དང་དྲི་བ་མང་པོ་ལ་ལན་རག་སྟབས་ངའི་དད་པ་ཇེ་བརྟན་དུ་གྱུར་སོང་། ལྷག་པར་དུ་ཨ་དབྱངས་རིན་པོ་ཆེ་མཇལ་བ་ནས་བཟུང་ནང་ཆོས་ལ་དད་པ་འགྱུར་བ་མེད་པ་ཞིག་བྱུང་སོང་།
དྲི་བ། ཨ་དབྱངས་རིན་པོ་ཆེ་མཇལ་སྟངས་དང་ཁོང་ཁྱེད་ཀྱི་རྩ་བའི་བླ་མར་ཇི་ལྟར་གྱུར་པའི་སྐོར་ཞིག་གསུངས་དང་།
དྲི་ལན། ང་རང་རིན་པོ་ཆེ་མ་མཇལ་གྱི་ལོ་གཉིས་གསུམ་ཞིག་གི་སྔོན་ནས་ཞེ་དྲགས་ན་སོང་། སྨན་ཁང་མང་པོ་བསྟེན་ཀྱང་མ་དྲག དགོན་པ་ཁག་ལ་ཞབས་བརྟེན་མངགས་ཀྱང་མ་ཕན། དེ་ནས་ངའི་ཨ་མས་སེམས་ཁྲལ་ཞེ་བོ་བྱས་ནས་ང་རང་ཨུ་རུ་སུ་ལ་ཁྲིད་སོང་། ང་ཚོ་ཕར་ལ་སླེབས་དུས་ཏག་ཏག་ཆོས་ཚོགས་ཤིག་ན་ཨ་དབྱངས་རིན་པོ་ཆེས་བཀའ་ཆོས་གནང་གི་འདུག དེ་དུས་ང་རང་གིས་ཨ་དབྱངས་རིན་པོ་ཆེ་ཐེངས་དང་པོར་མཇལ་སོང་། རིན་པོ་ཆེ་མཇལ་བ་ནས་ང་རང་ལ་དད་པ་དེ་འདྲ་སྐྱེས་པའི་རྒྱུ་མཚན་གསལ་པོ་བཤད་ཁག་པོ་འདུག དེ་དུས་ཆོས་ཚོགས་དེའི་ནང་བོད་སྐད་བཤད་ཐུབ་མཁན་ང་རང་མ་གཏོགས་མེད་ཙང་། ཚོགས་མི་གཞན་གྱིས་ང་རང་རིན་པོ་ཆེས་ཞལ་ལག་གང་མཆོད་རྒྱུར་མཉེས་པོ་ཡོད་མིན་བཀའ་འདྲི་ཞུ་བར་བཏང་སོང་། རིན་པོ་ཆེས་ང་རང་མཐོང་མ་ཐག་ཞེ་དྲགས་མཉེས་པོ་གནང་སོང་། ངའི་ཕ་མའི་སྐོར་དང་མ་འོངས་པའི་ང་རང་གི་ཕུགས་བསམ་གང་ཡིན་མིན་བཀའ་འདྲི་གནང་སོང་། དེ་ནས་ང་རང་ལ་ནང་ཆོས་སྦྱོང་དགོས་པ་དང་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུང་གནང་སོང་། སྐབས་དེ་དུས་ངའི་བསམ་བློ་ལ་འགྱུར་བ་ཆེན་པོ་ཕྱིན་སོང་། ཉིན་ཤས་རིང་ང་རང་རིན་པོ་ཆེའི་གཟིམ་ཤག་ལ་ཕྱིན་ནས་སྐབས་རེར་ཆོས་ཞུ་བ་ཚོས་བཀའ་འདྲི་ཞུས་པ་ལ་ཉན་པ་དང་། སྐབས་རེར་ང་རང་གི་དྲི་བ་འདྲ་དྲིས་པ་ཡིན། རིན་པོ་ཆེ་ཕར་ཕེབས་དུས་ང་རང་སེམས་པ་གཏིང་ནས་སྐྱོ་སོང་།
དགུན་ཁ་འདིར་ང་རང་ནང་མིའི་ལྷན་དུ་རྡོ་རྗེ་གདན་ལ་ཨ་དབྱངས་རིན་པོ་མཇལ་བར་ཡོང་བ་ཡིན།
ངས་རིན་པོ་ཆེའི་སློབ་མ་བྱེད་འདོད་ཡོད་པ་དང་རིན་པོ་ཆེར་སྔོན་འགྲོའི་ལྗགས་ལུང་གནང་བར་ཐེངས་འགའ་ཞུས་མཐར་གནང་སོང་། ངའི་མི་ཚེའི་ནང་ལ་ཨ་དབྱངས་རིན་པོ་ཆེ་ངའི་ཡོད་ཚད་ཡིན་པ་ལྟ་བུའི་ཚོར་སྣང་སྐྱེས་ཀི ང་རང་ཝཱ་ཎ་མཐོ་སློབ་ལ་ཚུད་པ་དེ་ཡང་རིན་པོ་ཆེའི་བཀའ་དྲིན་རེད།
གཤམ་འདིར་གངས་དཀར་མེ་ཏོག་འཚོའི་བརྩམས་ཆོས་དག་ལས་དཔེ་མཚོན་འགའ་དྲངས་ཡོད་ཅིང་། ཁོ་མོའི་ངོ་དེབ་ཏུ་བཀོད་པའི་རྩོམ་དེ་ཚོར་ཁ་བྱང་དམིགས་བསལ་བ་གང་ཡང་མི་འདུག་པས། བདག་གིས་རྩོམ་རེ་རེར་ནང་དོན་དང་འཚམས་པའི་ཁ་བྱང་རེ་བཏགས་པ་དང་། བརྡ་དག་དང་མི་མཐུན་པ་རེ་ཟུང་ལ་འགྱུར་བ་བཏང་ཞིང་། རྩོམ་པ་མོའི་ཆོག་མཆན་བཞིན་ཚིག་འགྲོས་རེ་ཟུང་ལ་བཟོ་བཅོས་བརྒྱབ་ཡོད་མོད། སྤྱིའི་ཆ་ནས་བརྒྱ་ཆ་དགུ་བཅུ་གོ་དགུ་མོའི་རྩོམ་དེ་དག་ཅི་བཞིན་དུ་བཀོད་ཡོད། མེ་ཏོག་འཚོས་གོང་དུ་བརྗོད་པ་ལྟར། མོའི་མི་ཚེའི་ནང་སེམས་སྐྱོ་དགོས་པའི་དོན་དག་ཀྱང་གང་མང་ཞིག་བྱུང་ཡོད་པས། མོའི་སྙན་ངག་དག་གིས་ཀྱང་དངོས་ཤུགས་གཉིས་ཀ་ནས་སྐྱོ་གདུང་གི་ཚོར་བ་སྐྱུར་མོ་ཞིག་ཁྱོད་ལ་སྤྲོད་པར་འགྱུར། ཞེས་ཀླུ་སྨྱོན་གྱིས།
མེ་ཏོག་འཚོའི་རྩོམ་ཐུང་ཁག་ཅིག
ང་དང་ཁྱེད་ཀྱི་འདས་ཟིན།
ལ་རྒྱབ་ཀྱི་ཕ་རོལ་ན།
ཆུ་བོ་ཡི་ཚུར་རོལ་ན།
གཡུ་ཞུན་དང་གཉིས་སུ་མེད་པའི་རྩྭ་ཐང་གི་ལུང་གཞོང་ན་ད་ལོ་ཡང་དཔྱིད་དཔལ་གྱི་མེ་ཏོག་རྒྱས་ཡོད་པ་ཐོས་སོང་ལ།
རྨི་ལམ་ཁྲོད་དུ་ཁེར་ཉུལ་བྱེད་ན་དགའ་བའི་སེམས་པ་དེ་རང་ཉིད་ཕྱེ་མ་ལེབ་ཆུང་ཆུང་ཞིག་ལ་སྤྲུལ་ནས་ཕ་ཡུལ་ལ་ལོག་ན་འདོད་ཀྱང་།
ཡོད་ཚད་ཀྱི་ཡོད་ཚད་བོར་ཟིན་པའི་ཁྱེད་རང་།
ངས་རྒྱབ་ཏུ་བསྐྱུར་ག་ལ་ནུས།
ཁྱེད་ཀྱི་ཆེད་དུ་འདས་པ་ནི་བསུབས་ཟིན་པའི་རི་མོ་་ཞིག་ཡིན་སྲིད་ཀྱང་།
ངའི་ཆེད་དུ་འདས་ཟིན་པ་ནི་ཤོ་ལོ་ཀ་ཐོག་མ་རྙེད་པར་དཀའ་བའི་སྙན་ངག་རིང་མོ་ཞིག་ཡིན
མདུན་ལམ་གྱི་ཁ་ཕྱོགས་ནི་དྲི་རྟགས་ཀྱི་གཡང་ས་ཡིན་རུང་།
དེ་ལྟར་མི་ཚེའི་ལམ་གྱི་སུམ་མདོར་སྐྱར་དུ་འཕྲད་པ་ངོ་མཚར་ཆེ།
ཆར་ཞོད།
ཆར་ཞོད་ཤག་ཤག་ཤག་སྒྲ་གཉོམ་པོས་གཉིད་དང་རྨི་ལམ་ཡོད་ཚད་འཕྲོགས།།
ཆར་ཐིགས་བཞུར་བཞུར་བཞུར་བཞིན་དལ་གྱིས་སེམས་ཀྱི་རུམ་ཁ་ཡོངས་སུ་བརླན།།
ཟླ་བ་འཛུམ་འཛུམ་འཛུམ་དམུལ་དབེན་པའི་མཚན་དགུང་མཁའ་ལ་སྤྲིན་ནག་བསྡུས།།
བསམ་གཞིགས་ཧྲིལ་ཧྲིལ་ཧྲིལ་པོའི་ཀློང་ན་ཡ་ཆུང་སེམས་པ་ཁེར་རྐྱང་ངུས།།
ཆར་བའི་མཚན་མོ།
ཆར་ཞོད་ཀྱི་ངུ་སྒྲ་ལ་ཉན་བཞིན།
སྙིང་ཁོང་གི་གཏམ་རྒྱུད་ཟླ་བ་ལ་གླེང་བའི་མཚན་མོར།
སེམས་ཀྱི་མིག་ཆུ་བྲང་ཁ་ཡོངས་སུ་བརླན་སོང་།
སྐྱོ་གདུང་དང་ཡིད་ཆེས།
ལམ་གྱི་འོད་སྣང་དལ་གྱིས་ཡལ་དུས།
སྐྱོ་ལྷང་ལྷང་གི་སེམས་པ་དེ་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ངུ་ན་འདོད་ཀྱང་།
ང་རང་ཤུགས་ཀྱིས་འཛུམ།
མིག་མཐའ་ནས་བཞུར་བའི་མིག་ཆུས་སྙིང་ཁོངས་བརླན་པ་ཚོར་བཞིན་དུ་ང་རང་དགའ་བའི་གླུ་ཆུང་བླངས་ནས་གོམ་ཁ་མདུན་དུ་མཐུད།
མཆོད་ཀོང་དང་འདྲ་བའི་སེམས་པ་དེ།
ཡིད་ཆེས་ཀྱིས་བཀང་ནས།
ང་སླར་ཡང་ཐེངས་ཤིག་རེ་བའི་མེ་ལྕེ་དམར་པོ་བསྒྲོན་དགོས་བྱུང་སོང་།
མདུན་ལམ་གང་དུ་ཡོད།
སེམས་ཁོངས་ནས་ཅི་ཞིག་ལ་ཡིད་ཆེས་བཅངས་ནས་མིག་བཙུམས་ཏེ་མདུན་དུ་གོམ་པ་སྤོ་དུས།
ང་རང་།
རེ་ཞིག
མུན་ནག་གི་ཁྲོད་ན་ཁེར་རྐྱང་དུ་ལུས་པ་གཞི་ནས་ཚོར།
ངས་རྒྱབ་ལ་ཕྱིར་བལྟས་བྱས་ཀྱང་རང་ཉིད་གང་ནས་སླེབས་པ་མ་ཤེས་ལ།
ལག་པ་མདུན་ལ་ཇི་ཙམ་བསྲིངས་ཀྱང་་ཅི་ཡང་མ་རྙེད།
རེ་བའི་མེ་ལྕེ་དམར་པོ་ཤི་ལ་ཉེ་དུས།
མིག་ཆུས་བརླན་པའི་འཇིག་རྟེན་དེ།
ཕྱོགས་གང་ནས་བལྟས་ཀྱང་།
སྐྱོ་ལྷང་ལྷང་།
འཁྱག་སིབ་སིབ།
རྨི་ལམ་དང་སྐྱོ་གདུང་གི་རྡ་ས།
རྨི་ལམ་དཀར་པོའི་སྨུག་ཞགས་རིང་མོ་རི་བོའི་མགུལ་ལ་དལ་གྱིས་འཁྱུད།།
རླུང་བསིལ་རླབས་ཀྱིས་དེད་པའི་མཚམས་སྤྲིན་སེམས་ཀྱི་གསང་བ་དམར་པོ་རུམ ། །
ལྗང་སེར་དམར་སྔོ་བཀྲ་བའི་གློག་འོད་མེཀ་ལོར་སྲང་ལམ་ཡོངས་སུ་བརྒྱན ། །
མཚན་མོའི་ལྭ་རིང་དབྱིག་འཛིན་བཀླུབས་ཤིང་ཟླ་བའི་ཅོད་པཎ་གཙུག་ཏུ་ལེན ། །
མྱི་ཁ་རྩུབ་པོའི་གཏམ་གླེང་སྣ་ཚོགས་འདུ་འཛིའི་ཁྲོད་ནས་སྔར་ལས་རྒོད། །
ཟང་ངེ་ཟིང་ངེར་འགུལ་བའི་གྲོང་ན་ལྟད་མོ་རིག་རྒྱུ་མང་ནས་མང་། །
གཤོག་མེད་སེམས་པ་འཛམ་གླིང་བསྐོར་ཞིང་བསམ་གཞིགས་ཀློང་ན་ཁེར་ཉུལ་བྱེད། །
མདུན་ལྕོག་སྟེང་གི་མངར་ཇ་དེ་ཡང་ཇི་ལྟར་གྲང་བ་ངས་མི་ཤེས། །
ཟླ་འོད་འོག་གི་སྙན་ངག
ཟླ་འོད་ཀྱི་འཛུམ་མདངས་འཁྱིལ་བའི་མཚན་དགུང་དེ།
སྤང་གཞོང་ཡིན་པའི་དབང་དུ་བཏང་ན།
ཁྲ་ཆིལ་ཆིལ་གྱིས་བཀྲམ་པའི་སྐར་ཚོགས་དེ་དག་སྤང་རྒྱན་མེ་ཏོག་གི་དོ་ཤལ་ཡིན་ཤས་ཆེ་ལ།
ལྷབ་ལྷུབ་ཀྱི་སྤྲིན་འདབ་དག་ཀྱང་གཡང་དཀར་ལུག་ཁྱུ་ལ་འགྱུར་ངེས་ཡིན།
དེ་བས་ཀྱང་།
མཚན་མོ་དེ་སྙན་ངག་གི་ཤོ་ལོ་ཀ་རྐང་གཅིག་ཡིན་སོང་ན།
ངེད་གཉིས་ནི།
ལེའུ་གསར་པའི་གར་སྟབས་ལ་རོལ་འགོ་བཙམས་པའི་ཕྱེ་མ་ལེབ་ཟུང་ལ་བརྩིས་མི་ཆོག་པ་མེད་སྙམ།
རྒྱ་སེ་དང་བརྩེ་དུང་།
འདབ་དམར་རྒྱ་སེ་མེ་ཏོག།
མཛེས་ཀྱང་ཚེར་མ་རྣོ་བ།།
བརྩེ་དུང་མེ་ལྕེ་དམར་པོ།།
དྲོ་ཡང་སྙིང་ཆུང་བསྲེག་གོ།
ས་སྲོད་ཀྱི་དྲན་གདུང་།
ས་སྲོད་ཨ་སྔོན་མག་མོག་སྤྲིན་གྱིས་འཁྲིགས།།
ཆར་ཐིགས་རེ་ལ་སེམས་ཀྱི་མིག་ཆུ་བསྲེས།།
གྲང་བསིལ་དྲི་བཞོན་ལུས་ལ་དལ་གྱིས་འཁྱུད།།
དྲན་གདུང་མེ་སྟག་སྙིང་ཆུང་མེ་རུ་སྦར།།
གྱེས་བྲལ་དང་ཕྱིར་དྲན།
གྱེས་བྲལ་མི་རྟག་སྐྱོ་གར།།
འཇིག་རྟེན་འདི་ཡི་ཆོས་ཉིད།།
གྱེས་ཁར་མིག་ཆུ་མ་འཐོར།།
མཇལ་བའི་དུས་ཤིག་ཤར་ཡོང་།།
གྲོགས་ཀྱི་བློ་སེམས་མཐུན་ཞིང་།།
དམ་ཚིག་ཤེལ་བཞིན་དྭངས་ན།།
བར་ཐག་ག་ཚོད་རིང་རུང་།།
མཛའ་བརྩེའི་མེ་ཏོག་མི་སྐམ།།
ལྐོག་གྱུར་མི་ཚེའི་ལམ་ལ།།
སྐྱིད་སྡུག་ལེའུ་མང་མོད།།
སླར་ཡང་མཇའ་བའི་རེ་བ།།
སེམས་ཀྱི་མེ་ལྕེ་གསོན་པོ།།
ལོ་ཟླ་དུ་མའི་སྔོན་ལ།།
ཕན་ཚུན་ལག་གདངས་སྦྲེལ་ནས།།
སྤང་ལ་རྩེད་མོར་རོལ་བཞིན།།
མེ་ཏོག་བཏུས་པ་ཨེ་དྲན།།
བྱིས་པའི་དུས་ཀྱི་དགོད་སྒྲར།།
འདྲེས་པའི་འདས་དོན་གང་མང་།།
སེམས་ནང་འཁོར་གྱིན་འཁོར་གྱིན།།
མིག་མཐའ་མཆི་མས་གང་འགྲོ།།
མཛེས་པའི་འཇའ་དང་རྨི་ལམ། །
འདྲ་བའི་ཆུང་དུས་ལོ་ཟླ།།
བྲང་གཞུང་སྙིང་ལ་སྦས་ནས།།
ཡལ་དུ་མ་འཇུག་ཨ་རོགས།།
རྒྱབ་གཟུགས་བཙལ་བ།
ཁོར་ར་ཁོར་ཡུག་ཆར་ཁྲུས་ཆོ་གར་ཞུགས།།
སྨུག་ཞགས་དཀར་པོས་མེག་ལོར་ཡོངས་སུ་བཅིངས།།
འཚང་ཀ་ཤིག་ཤིག་རྒོད་པའི་ཁྲོམ་ར་ནས།།
ཁྱེད་ཀྱི་རྒྱབ་གཟུགས་མིག་གིས་ཡུན་རིང་བཙལ།།
བླ་མ་ཞིག་གི་འཛུམ་མདངས།
ཁ་བའི་འདབ་མར་འཁྱུད་པའི་ལང་ཚོའི་འོད་ཐིག་ཅིག །
གངས་ཅན་བོད་ཀྱི་བླ་སྲོག་དམར་པོའི་འཕར་ལྡིང་ཞིག །
སྨག་རུམ་སྦར་བའི་བདེན་པའི་མེ་ལྕེ་གསོན་པོ་ཞིག །
འཛམ་གླིང་ཡོངས་ཀྱི་ཡིད་དབང་འཕྲོག་པའི་འཛུམ་མདངས་ཤིག །
*འདྲ་པར་གཉིས་པ་ནི་མེ་ཏོག་འཚོའི་ཕ་མ་གཉིས་དང་ནུ་བོ།
*འདྲ་པར་གསུམ་པ་ནི་མེ་ཏོག་འཚོ་དང་མོའི་ནུ་བོ་གཉིས།
དངོས་གནས་སེམས་འགུལ་ཐེབས་ཡ་འདྲ་ཞིག་འདུག། རུ་མ་བོད་བུ་མོ་ཆུང་ཆུང་ཞིག་གིས་ཀྱག་ཀྱོག་གི་ལམ་བུར་བཞུད་པའི་བརྒྱུད་རིམ་ནང་བོད་སྐད་ཡིག་ལ་བཅངས་པའི་གདུང་ཞེན།
གངས་དཀར་མེ་ཏོག་འཚོའི་རྒྱབ་ལོག་ནའང་ཨ་མདོའི་ཕོ་སར་སྙན་ངག་པ་ཞིག་ཀ་ལངས་ལངས་བྱས་ཡོད་པ་ཐག་གིས་ཆོད། ཀླུ་སྨྱོན་ལ་བཀའ་དྲིན་ཆེ་ཞུ། ད་དུང་བུ་མོ་འདི་མོ་འདི་ལ་བཅར་འདྲི་རེ་བྱ་ཐུབ་ན་ངས་ཞིབ་ཏུ་ཀློག་ངེས་ཡིན།
གངས་དཀར་འཚོའི་སྙན་ངག་གི་བསྟན་པ་ས་དར་རྡོ་དར་ཡོང་བར་ཤོག
ལོ་ཚད་འདི་འདྲ་ཞིག་ལ་མི་རྒན་ཞིག་གི་ཡན་ན་ཡོད་པའི་བསམ་བློ་དང་སྨྲ་བརྗོད་ཀྱི་བྱང་ཆ་ལ་སེམས་དགའ་ནི་ཞིག་རེད། ཨ་ཁུ་ལ་ངར་གི། བུ་མོ་ལ་ངར་གི། ཤུགས་རྒྱོབས་དང་། ངར་བ་རྐྱང་རྐྱང་རེད།
ངོ་མ་ཡག་གོ་འདུག།
ཁྱེད་མི་རིགས་ཕྱེད་ཡིན་པ་དང་ན་གཞོན་ཤིན་ཏུ་ཕྲ་ཡང་། བོད་དང་བོད་མི་རིགས། བོད་ཀྱི་རིག་གཞུང་བཅས་ལ་ཞེན་ཁ་དེ་ཙམ་ཆེ་བ་ནི། ཤིན་ཏུ་དགའ་པོ་བྱུང་། དངོས་འབྲེལ་ཡིན། ཐུགས་རྗེ་ཆེ།
ལེགས་པར་བྲིས་འདུག་ ལྷག་བསམ་བཟང་པའི་དྲན་བསྐུལ། ཁག་པོ་འདུག་ཅེས་པར་དཀའ་བ་འདུག་ཅེས་ན། བོད་སྤྱིའི་སྐད་དང་། རིང་ལུགས་མི་སྟོར་བ་ལ་ཕན།
དངོས་ནས་ཡག་པོ་འདུག
མོ་རང་གི་བསམ་བློའི་ཁ་ཕྱོགས་ལ་རྗེ་སུ་ཡི་རང་བྱེད་དགོས་བྱུང་། བཙན་བྱོལ་བོད་པའི་སློབ་མ་མང་པོ་ཞིག་ལ་མོ་ལྟ་བུའི་བསམ་བློ་ཡོད་ན་ད་བཟོད་བཙན་བྱོལ་ནང་གི་བོད་ཡིག་གི་ཚེ་ཐག་རིང་ངེས་ཡིན།
བོད་མོ་འདིའི་བསམ་དོན་འགྲུབ་པར་ཤོག
བུ་མོ་ཆུང་ཆུང་འདིའི་བསམ་བློ་གཏོང་སྟངས་ཡ་ང་མོ་རེད། མོས་སྲོང་པོར་སྨྲས་འདུག། མོས་སྤུས་མ་བྲིས་འདུག། ཀླུ་སྨྱོན་མཆོག་གི་རིག་རྩལ་གྱིས་བུ་མོ་ཆུང་ཆུང་སྙིང་རྗེ་མོ་འདི་ཁ་བརྡའི་སྤྱི་གླིང་དུ་དྲངས་བར་དགའ་བསུ་ཞུ། ན་ཆུང་མའི་མ་འོངས་པའི་མདུན་ལམ་ལ་གངས་ཅན་བོད་ཀྱི་བསོད་ནམས་ཆགས་པར་ཤོག། །
སྙིང་མ་རྗེ། ཁོ་བོད་པའི་ཨ་ཕ་ཕན་མེད་འདིའི་མགོ་ལ་རྡོ་ཞིག་ཞུ་འདོད་བྱུང་སོང་།
དངོས་གནས་སེམས་འགུལ་ཐེབས་ཡ་ཞིག་ལ་མོས་བོད་ཡིག་ལ་ཅི་འདྲའི་དགའ་ཞེན་དང་གདུང་ཞེན་ཡོད་པ་དེ་རེད། གཞན་དེང་གི་ན་གཞོན་མང་པོ་དེ་ལས་ལྡོག་ཡོད་པ་ང་ཚོ་ཚང་མས་དངོས་བརྒྱུད་གསུམ་ནས་མཐོང་གསལ་རེད་བ།
དངོས་གནས་གངས་དཀར་མེ་ཏོག་འཚོ་ནི། འཛིན་གྲའི་ནང་གི་སློབ་མ་ཡག་ཤོས་ཤིག་ཡིན་པ་མ་ཟད། ཁོ་མོས་བྲིས་པའི་རྩོམ་ཡིག་ལ་རྟག་ཏུ་འདིང་འཇོག་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་ཁོ་མོའི་བོད་དང་བོད་མི་རིགས་ལ་བརྩེ་ཞེན་དང་བཅོས་མིན་གྱི་ཆོས་སེམས་བཅས་ནི་དེང་དུས་གཞོན་སྐྱེས་ཀྱི་ཁྲོད་མ་མཐོང་དཀོན་པོར་སྣང་། གོང་གི་རྒྱང་འདྲི་ཞུས་པའི་དྲིས་ལན་དེ་དག་ཀྱང་བཅོས་བྲལ་འབའ་ཞིག་རེད་འདུག དེ་ནི་ཁོ་མོའི་ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་ལས་ར་སྤྲོད་གསལ་པོ་ཐུབ་ཀྱི་འདུག།
བཀྲིས་བདེ་ལེགས།
མེ་ཏོག་འཚོ་ཡི་ནང་ཁྲག་འཐུང་གིས་ཁྲག་ཐིག་བཟོ་བཅོས་ལྷུ་འགྲིག་བྱས་མེད་དམ་སྙམས་པ་འདུག མེ་ཏོག་རང་གིས་བྲིས་པ་བཤད་པ་ལྟར་དགའ་བསུ་ཡོད། པར་དང་པོར་ལྟོས་དང་ཁྲག་ཐིག་གཅིག་རྒྱབ་པའི་རྣམ་འགྱུར་འདུག
བྲིས་པ་བཤད་པ་ལྟར་བྲིས་ན་་་་་ཞེས་བཅོས་རོགས
དེ་རྗེས་ཟླ་ཤས་རིང་ལ་ང་རང་དྭ་ཕྲུག་གསོ་ཁང་ཞིག་ཏུ་བསྡད་དགོས་བྱུང་སོང་། དེ་དུས་ངས་ཨ་མ་ཧ་ཅང་དྲན་མྱོང་། ཨ་མ་ང་རང་ལ་ཐུག་པར་སླེབས་རྒྱུའི་རེ་སྒུག་གིས་ཉི་མ་ཟད་ཐབས་བྱས་ཤིང་། དེ་དུས་ཨ་མ་ལ་དཀའ་ངལ་མང་པོ་ཡོད་སྟབས་ང་རང་ཐུག་པར་རྒྱུན་དུ་སླེབས་མ་ནུས་ཀྱང་སྐབས་རེར་གཟའ་སྤེན་པ་ལ་ང་རང་དགོངས་པ་ཞུས་ནས་འཆམ་འཆམ་ལ་འཁྲིད་འགྲོ་ཀྱི་ཡོད། ངའི་ཨ་མ་ང་ལ་ངོ་མ་བཀའ་དྲིན་ཆེན་པོ་རེད། ་་་་་ཟེར།
སེམས་འགུལ་ཐེབས་སོང་ངོ་།
སེམས་པ་སྐྱིད་སོང་ངོ་།
སེམས་སྟིང་དགའ་སོང་ངོ་།
སེམས་འཚོར་སྐྱེས་སོང་ངོ་།
གནས་ཚུལ་དེ་ནས་བུ་ཁྱིམ་དང་ཤེས་རིགས་ཀྱི་གནས་ཚུལ་རྟོགས་ངེས་རེད།
རིགས་ཕྱེད་ཡིན་མིན་ལ་འབྲེལ་ག་རེ་ཡོད་པ་རེད། གོང་གི་བློ་བཟང་ཟེར་བ་དེ་བླ་རྒན་བློང་རྒན་ཞིག་ཡིན་པ་འདྲ། མྱི་འདི་མོ་འདིས་དོན་མེད་སར་ཁབ་གཙགས་བྱེད་དགོས་དོན་ཅི་ཡིན་ན་ཨ།
བསམ་བློ་ཧ་ཅང་ལེགས། ཡིད་སྨོན་སྐྱེས་སོང་། ཕ་མ་གཉིས་ཀ་བོད་པ་ཡིན་པའི་བཙན་བྱོལ་བའི་ན་གཞོན་ཚོར་བསམ་བློ་འདི་འདྲ་ཞིག་ཡོད་རོག་བྱས་ན་བོད་མི་རིགས་ཀྱི་ཚེ་ཐག་རིང་དུ་འགྲོ་བ་ཐག་གིས་ཆོད། བུ་མོ་ཆུང་ཆུང་འདིས་བསམ་དོན་འགྲུབ་པར་ཤོག
ཨ་ཁུ་ཀླུ་སྨྱོན་མཆོག་གིས་བཅར་འདྲི་བྱས་པ་ཡག་ལ། དྲིས་ལན་གནང་བ་ཡང་སྙན་གི བཀའ་དྲིན་ཆེ།
ངོ་མ་སྙན་གི་ཡ་ཡིན་ན་ཡང་མོས་ཨ་ཕའི་སྐོར་ལ་ཅི་ཡང་མ་བཤད་པ་དེ་ལ་ཕ་རྒན་དེ་ལ་ཡང་ཅི་འདྲ་ཞིག་ཡིན་ན་བསམ།
སྙན་ངག་ཡག་པོ་ཞེ་དྲག་བྲིས་འདུག བོད་ཀྱི་སྙན་ངག་པ་རྒན་པ་ཞིག་གིས་བྲིས་པ་དང་ཨ་ན་མ་ན་རེད། མེ་ཏོག་འཚོའི་སྙན་ངག་གོང་ནས་གོང་དུ་འཕེལ་བར་ཤོག དྲི་ལན་དེ་དག་གིས་ཀྱང་སེམས་ལ་སྨྲེང་བ་ཞིག་སྐྱེད་བྱུང་།
མིའུ་དུང་དྲུག་རིགས་རུས། །
རྒྱ་གར་རྒྱ་ནག་འདྲེས་བགྱིད། །
དཀར་ནག་སུ་དང་འདྲེས་ཀྱང་། །
རང་སྐད་རང་ཡིག་སྦྱོབ་དང་། །
སྦྱོབ་དང་། །སློབསདང་། །
མེ་ཏོག་འཚོའི་བོད་ཀྱི་སྐད་ཡིག་ལ་སྤྲོ་བ་དང་། རྩོམ་ཡིག་གང་མང་འབྲི་བ། ནང་ཆོས་སོགས་ལ་དོ་སྣང་ཆེ་བའི་གནས་ཚུལ་མང་པོ་ཞིག་ཁོ་བོས་ལོ་གཅིག་གི་གོང་ནས་ཤེས་བྱུང་། མ་ཟད་མོས་བྲིས་པའི་སྙན་རྩོམ་དུམ་བུ་མི་ཉུང་བ་
ཞིག་མཐོང་བྱུང་བས་དངོས་གནས་ཡིད་སྨོན་སྐྱེས་བྱུང་། བོད་པའི་སྤྱི་ཚོགས་སུ་འཚར་ལོང་བྱུང་ནས་ཡུན་རིང་མ་སོང་ཞིང་བོད་ཕྲུག་གཞན་རྣམས་ལྟར་སྐད་ཡིག་སྦྱོང་བའི་གོ་སྐབས་དེ་ཙམ་ཐོབ་མེད་ཀྱང་། མོས་བོད་ཀྱི་སྐད་ཡིག་ལ་སྤྲོ་བ་ཆེན་པོ་བྱེད་པ་དང་། རྩོམ་ཡིག་གང་ལེགས་འབྲི་བའི་གནས་དོན་འདི་དག་ནི་ངོ་མ་བོད་ཕྲུག་མང་པོ་ཞིག་གིས་མིག་དཔེར་འོས་པ་ཞིག་རེད་སྙམ།
ཀླུ་སྨྱོན་ལགས།ད་ཐེངས་ཁྱེད་ཀྱིས་དངོས་གནས་བུ་མོ་སྤྱང་གྲུང་འཛོམས་པ་ཞིག་དང་འཕྲད་ནས་གླེང་མོལ་བྱས་པ་དོན་ཡང་ཆེན་པོ་འདུག་པས་བཀའ་དྲིན་ཆེ།བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་སློབ་ཕྲུག་བོད་པ་གཙང་མ་ཡིན་ཟེར་མཁན་ཚོས་ངེས་བར་དུ་མིག་དཔེ་བལྟ་ཐུབ་ན་ལེགས་མོད།ཡིན་ཡང་སེང་གེ་བཀའ་ཤག་གིས་མིག་དཔེ་བལྟ་འདོད་མེད་པ་བཟོས་སོང་།ད་གང་ཡོང་།
ངའི་རེ་བ་ལ་ཨ་ནི་རྩ་བ་ནས་མ་བཟོ་རོགས་ཞུ་ཡ་ཡིན།
བོད་ཀྱི་བུ་མོ་གངས་དཀར་མེ་ཏོག་མཚོའི་ལྷག་བསམ་དང་སྙིང་སྟོབས་ལ་དགའ་བསུ་འཚམས་འབྲི་གྲངས་མེད་ཞུ།
གངས་མེ་ཏོག་ལགས།
ཁྱེད་ཀྱིས་བྲིས་པའི་སྙན་ངག་ལས་སྙན་ངག་གི་མིག་ཆུ་བཞུར་ཉན་ཆེ་ལ།
ཁྱེད་ཀྱིས་བཤད་པའི་་་་ཁྱེད་དང་ཨ་མའི་ལོ་རྒྱུས་དེས་བདག་སེམས་ལ་མངར་སྐྱུར་འདྲེས་མའི་ཚོར་བ་སྡོམ་པོ་བསླེབས་བྱུང་།
ཧ་ཅང་ཡག་པོ་བཤད་འདུག བསམ་དོན་འགྲུབ་པར་སྨོན།
ངོ་མ་ཡག་པོ་བྲིས་འདུག ངས་བསམ་ན་ཡིག་ནོར་མ་གཏོགས་མ་བཅོས་ན་བཟང་། རྒྱུ་མཚན་ནི་གལ་ཏེ་ཚིག་སྦྱོར་ལ་བཅོས་བསྒྲིག་བྱས་ན་མང་བོ་ཞིག་རྩོམ་པ་པོའི་ཚོར་ཤེས་ལས་རིང་དུ་གྱེས་འགྲོ་བས་ཡིན། ད་དུང་ཞུ་འདོད་པ་ཞིག་ནི་མོས་བོད་སྐད་ཡིག་ལ་བཅིངས་པའི་དུང་བ་འདི་ངོ་མཚར་ལྡན་པ་དང་ཡིད་འགུལ་ཐེབ་པ་ཞིག་འདུག རྣམ་པ་གཉིས་ལ་བཀའ་དྲིན་ཞུ།