གོང་དཀར་ངག་རྣམ།
-མེས་ཚིག་མེར་གཏུགས་ཀྱིས་བདེན་པ་སྒྲོག་པའི་གངས་ཅན་ལྗོངས་ཀྱི་དཔའ་བོ་དཔའ་མོ་ཚོར་ཕུལ་བ།
འཇིལ་དུ་མེད་པའི་མེ་དཔུང་རེ་རེས།
སྲོག་ཟུངས་ཀྱི་འཁོར་རྒྱུན་ཆད་དེ།
སེམས་པ་དང་སེམས་པ་འདྲེས་པའི་གནམ་འོག་ན།
སྙིང་ཁམས་བྲག་ཏུ་བསྟིམས་པའི་ཁྱོད་ཚོ།
འཇགས་དཀའ་བའི་མེ་དཔུང་།
སླར་ཡང་། དེ་རིང་།
འོ་ན། སང་ཉིན་་་་་་་་་་་།
སེམས་ངོགས་ན་འཁྱིལ་དཀའ་བའི་སྡུག་བསྔལ་གྱི་ཆུ་རྒྱུན།
རྒྱུས་མེད་ཀྱི་ས་མཐར་ཤག་སྒྲ་དང་ལྷན་དུ་བཞུར།
ད་དུང་།
ཤུལ་ལུས་དང་། བཟའ་ཟླ། རྨས་སྐྱོན། ནར་མ་སོན་པའི་བྱིས་པའི་སེམས་ཁམས་ཀྱི་སྐྱོ་རླབས་རེ་རེས།
ཕྲ་མི་ཚུགས་པའི་སེམས་ཀྱི་གཞོན་ནུའི་པང་ཁར་ཡ་ང་བའི་སྐྱོ་གདུང་གི་མིག་ཆུ་ཞིག
འདི་ནི་དཀོན་མཆོག་གི་བཀའ་ཆད་མ་ཡིན་ལ།
ལས་དབང་གི་བར་ཆད་ག་ལ་ཡིན།
འདི་ནི།
མུན་ནག་གི་འཇིག་རྟེན་ཞིག་ལས་བྱུང་བའི་མི་ཞིག་གི་སྐྱོ་དབྱངས་རེད།
རང་བྱུང་གི་དྲོ་སྐྱིད་དེར་ཡང་སྤྱོད་དབང་མེད་པའི་ཡུལ་ལུང་ཞིག་གི་ཕམ་སེམས་དང་འགུལ་ཤུགས་རེད།
ངས་དད་སེམས་བརྩེགས་པའི་ལྷ་ཁང་གི་གྲུ་ཟུར་འདི་ནས།
སྨོན་ལམ་གྱི་དབྱངས་རྟ་རིང་མོ་ཞིག་སླར་ཡང་འཐེན་བཞིན་ཡོད།
ཨོྃམཎིཔདྨེཧུྃ།