(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
—ཚེ་བྲ་ཕུན་གསུམ་དང་། གཞན་དག་གི་དུར་ས་ནས་ངུས་པ།
རྫ་སྲས་བདེ་ཆེན།
ལྷ་ཚོགས་བྲོས་པའི་བར་སྣང་ཐེད་པོ་ལ།།
རེ་བའི་མིག་ཟུང་རྡུལ་གྱིས་འཐགས་པ་ན།།
རང་གིས་བྲང་ཁོག་སྤར་བའི་མེ་འོད་ཀྱིས།།
ས་གཞིའི་སྨག་ཆེན་བསྲེག་པའི་ངལ་བ་བྱས།།
ལོ་ཚིགས་སྣོག་པའི་སྡེར་མོ་ནག་པོ་དེ།།
ལྷ་སའི་ཡིག་ཚང་ངོས་སུ་ཟགས་པ་ལ།།
ཁྲག་གིས་རྒོལ་བ་བྱེད་པའི་མི་སེར་གྱིས།།
མེ་ལྕེ་རྔུབ་པའི་རྟོགས་བརྗོད་མུ་རུ་བྲིས།།
མ་ཎིའི་དབྱངས་རྟ་འཁྲིགས་པའི་གཞིས་ཀ་རུ།།
མཚོན་གྱི་འཇབ་རྒོལ་འཚང་བ་མ་བཟོད་པར།།
ཟུངས་ཁྲག་མེ་ལ་གསོལ་བའི་ཁ་རླངས་ཀྱིས།།
མུ་མེད་ནམ་མཁའི་དབྱིངས་སུ་གདུང་འབོད་བགྱིས།།
རིགས་ཞེན་སྲོག་ལ་བཏགས་པའི་གཏམ་རྒྱུད་ཅིག།
མེ་ལྕེའི་སྒྲ་དབྱངས་དམར་བོས་བཀླགས་སྟངས་དེས།།
མཚན་མོའི་སྨག་གིས་བཏུམས་པའི་མིག་མདངས་ལ།།
ང་རྒྱལ་ཅན་གྱི་བྲོ་བ་སླར་ཡང་བྱིན།།
མེ་མདའི་ང་རོ་གཡོ་བའི་དུར་ས་ནས།།
ཁྲག་གི་རྐང་རྗེས་ལུས་པའི་དངངས་སྐྲག་གིས།།
གངས་རིའི་བར་སྣང་རྨས་པའི་སྡུག་ཡུས་ཡང་།།
མེ་སྟག་ཚ་ཚ་འཕྲོས་པའི་གདངས་ལ་དྲངས།།
ཤ་རུས་ཁྲག་གསུམ་བཞུས་པའི་ཁུ་བ་ཡིས།།
བགྲང་བྱ་ལྔ་བཅུའི་ལན་ཆགས་བརྒྱ་དང་སྟོང་།།
བརྩེ་བ་བོར་བའི་རྒྱ་སྒོ་དམར་བོ་ལ།།
ཚེ་སྲོག་འགག་པའི་སྒྲ་དང་བཅས་ཏེ་བཏབ།།
ཞི་བདེའི་ཤོག་བྱང་འགྱོག་པའི་རྒྱལ་ཚོགས་ལ།།
མྱ་ངམ་མཐོ་བའི་མིག་ཟུང་མེད་གྱུར་ན།།
ལྭ་བ་དམར་སྨུག་ཅན་གྱི་དཔའ་བརྟུལ་རྣམས།།
ཁ་བའི་ཟིན་ཐོའི་ངོས་ནས་འཛད་པར་ངེས།།
ཡི་གེར་མཁས་པའི་ཝ་མོའི་གློ་སྙིང་ཅན།།
ཁྲི་འཕང་མཐོ་བའི་སྤྱང་གྲུང་སྤྲེལའུའི་ཚོགས།།
ལྐུགས་པའི་བརྟུལ་ཞུགས་འཛིན་པའི་སྡར་མ་ཀུན།།
མེ་རླབས་འཕྱུར་བའི་ཁམས་སུ་བསྲེག་པར་འོས།།
གཏུམ་མོའི་ངོ་གདོང་འཆང་བའི་པེ་ཅན་ནས།།
འཇམ་པོའི་ཨ་ལན་ད་རུང་མ་འབྱོར་བས།།
འབྲོང་གི་གསོན་སྙིང་བསྲེགས་པའི་དུ་བ་ནི།།
ཧི་མ་ལ་ཡི་ནམ་མཁར་བཏབ་ནས་སོང་།།
ཕྱི་ལོ་ཉིས་སྟོང་བཅུ་གཅིག་གི་ཟླ་དགུ་བའི་ཚེས་དགུ་ལ་བྲིས་པའི་ཚིགས་བཅད་དགུ་སྐོར་མ་འདི། ངའི་སྤུན་ཟླ་འདས་པོ་ཚོའི་ཤི་རྐྱེན་དང་འདས་མཆོད་གཉིས་ཀྱི་ཚབ་ཏུ་དང་། སྙན་ངག་གི་ནང་ལས་ཤིག་ལ་རྗེས་སུ་སྣོན་པ་འགའ་བརྒྱབས་ནས་གྲུབ་པ་ཞིག་ཡིན་ཕྱིར་ཚད་ལྡན་ཞིག་འཁྱོངས་མི་འདུག འོན་ཏང་། སྙན་ངག་ལ་དགའ་ནས། སྙན་ངག་བྲིས་ནས། སྙན་ངག་གླེང་ནས་སྐུ་ཚེ་རྫོགས་ཀྱིན་པའི་རྒན་ཀླུ་སྨྱོན་གྱིས་སྤེལ་བའི་རྩོམ་རིག་བྱ་དགའི་ལས་འགུལ་འདི་ལ་མོས་པ་ཡོད་པའི་རྣམ་འགྱུར་ཙམ་དུ་དང་། འདི་ནི་དགག་དགོས་རྒྱུ་ཞིག་མ་ཡིན་པར་བསྒྲུབ་དགོས་རྒྱུ་ཞིག་ཡིན་པའི་རྒྱབ་སྐྱོར་ཙམ་མཚོན་བྱེད་དུ་ཡང་ངོ།།
ཀླུ་སྨྱོན་ལགས་སུ་ཡར་ཞུ། ངའི་རྩོམ་ཐུང་འདིའི་ཁ་བྱང་ནང་གི་ཡིག་ནོར་ གྱི ་བརྗེ་བསྒྱུར་གནང་རོགས། མཐོང་ན་མིག་ལ་གཟན་ནི་ཞིག་རེད། རོ་ཐོ་དེ་བཏང་ཚར་དུས་མ་གཏོགས་མཐོང་མ་སོང་།
སྙན་ངག་ཡག་པོ་བྲིས་འདུག་པས་དགའ་བསུ་ཡོད། བྱ་དགའ་སྤྲད་འོས་པ་ཞིག་རེད་