བོད། ལྷ་ཀླུ་གཉན་གསུམ།
དོན་དངོས་སུ་མེ་ལྕེ་ལྷབ་ལྷུབ་དུ་གཡོ་བའི་ཚ་གཟེར་ཙམ་ལ་ཡང་མི་གཟོད་པའི་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་གི་ཚོར་བ་ལྕི་མོ་དེ་ལ་བསམ་ནས་སྐད་ཆ་ཞིག་བཤད་ན། བོད་ནང་དུ་མི་རིགས་ཤིག་གི་བདེན་དོན་སླར་གསོའི་འབོད་སྒྲ་ཤུགས་ཀྱིས་མེ་ལྕེ་དང་འགྲོག་ནས་སྒྲོག་པའི་གཞོན་རབས་ཀྱི་འགུལ་བསྐྱོད་ཆེན་མོ་འདིས། དོན་དུ་ཁ་བ་གངས་ཅན་ཡོངས་ལ་བརྡ་སྐུལ་རབ་དང་རིམ་པ་གང་ཞིག་བྱེད་ཀྱི་ཡོད་མེད་ཀྱི་ཐད་དུ། ཁ་བ་གངས་ཅན་པའི་རུས་སུ་གཏོགས་པ་དང་། ཁ་བ་གངས་ཅན་པའི་སྐྱིད་སྡུག་ལ་འགན་ཡོད་པའི་འཛམ་གླིང་ཤར་ནུབ་གང་སར་གནས་བཅའ་བའི་དབུགས་ཐོག་ཚད་ལ། འགྲོ་བ་མི་ཞེས་པའི་རླབས་ཆེ་བའི་ཚེ་སྲོག་གི་རིན་ཐང་ལ་འདྲ་མཉམ་དགོས་པར་འབོད་པ་གཏོང་བཞིན་ཡོད་དམ། འབོད་པ་འདིས་སློང་སྲིད་པའི་སྐྱེ་བོ་ག་ཚོད་ཅིག་ཡོད་ཨང་།
མེ་ལྕེ་ལྷབ་ལྷུབ་ཁྲོད་དུ་བཞུད་ཟིན་པ་དང་བཞུད་ལ་ཉེ་བའི་དམར་པོའི་དྲག་དམག་གིས་ཉེས་བརྡུང་མནར་གཅོད་ཁྲོད་དུ། གསོན་ཡང་ཤི་དམྱལ་བའི་སྡུག་བསྔལ་མྱོང་གིན་པའི་རིགས་གཅིག་སྤུན་ཟླ་དེ་དག་གི་ཆེད་དུ། ཁ་བ་གངས་ཅན་པ་ས་ཐོག་འདི་ན་འཚོ་ཞིང་གནས་པའི་འུ་ཅག་ལ་དེ་དག་གི་སྡུག་བསྔལ་སྐྱོབས་པའི་ཐབས་ལམ་གང་ཞིག་ཡོད་དམ། འུ་ཅག་གིས་དབའ་ངར་ཞུམ་མེད་ཀྱི་རྒྱལ་གཅེས་གཞོན་རབས་པ་དེ་དག་གི་ཚེ་སྲོག་གི་མེ་རོ་ལྷག་མ་དེ་དག་ལ་ན་ཟུག་གསོ་བར་བྱེད་པའི་འཐབ་མོ་གང་ཞིག་བྱེད་འོས་སམ།
ཁོང་ཚོས་མེ་ལྕེ་དམར་པོའི་ཁྲོད་ནས། ཡིག་འབྲུ་ཁ་ཤས་ཤིག་དང་འབོད་ཚིག་ཁ་ཤས་ཤིག་ལས་འཁྱེར་མེད་ན་ཡང་། དེ་དག་ནི་གསེར་དངུལ་གང་ཞིག་གིས་ཀྱང་ཉོ་བར་དཀའ་བའི་མི་རིགས་ཤིག་གི་གནའ་བོའི་མི་རྒྱུད་ཀྱི་རྣམ་ཤེས་ཁྲི་འབུམ་སྲུང་བར་བྱེད་པའི་དན་རྟགས་ཤིག་མ་ཡིན་ནམ། ཁོང་ཚོས་གནའ་བོའི་ཡབ་མེས་དག་གི་འཛམ་གླིང་འགྲོ་བ་མི་ལ་བཞག་པའི་ཁ་ཆེམས་དང་འགྲོ་བ་མི་ལ་ཆེས་མེད་དུ་མི་རུང་བའི་རྩ་བའི་རང་དབང་དང་ཞི་བདེའི་ཆེད་དུ་ཟོལ་མེད་བཅོས་བྲལ་གྱི་བློས་གཏོང་ཁྲོད་ནས་གང་ཞིག་འཁུར་ནས་ལམ་དུ་ཆས་པའི་སྔ་གཞུག་ནས། ང་ཚོས་སེམས་བསམ་པའི་གཏིང་ནས་ཁོང་ཚོའི་མཛད་མེད་སེམས་སྟོབས་ཀྱི་སྤོབས་པ་དེ་དག་ལ་ཇི་ལྟར་གདུང་སེམས་མཉམ་བསྐྱེད་ཅིག་བྱེད་ཐུབ་བམ།
མེ་ལྕེ་དམར་པོའོ་ཁྲོད་ནས་འདས་པའི་ཁོང་ཅག་གིས་ཅི་ཞིག་ཐོབ་འདོད་ཀྱི་འདུན་པ་ཟབ་མོ་དེ་ནི། གནམ་འོག་འདི་ན་ཆེས་བླ་མེད་དུ་བརྩི་བའི་བྱམས་བརྩེ་དང་སྙིང་རྗེའི་སྟོབས་ཀྱིས་སྐྱེ་བོ་གཞན་དག་གི་སྡུག་བསྔལ་ཁོ་ན་དང་དུ་ལེན་པའི་སྲོལ་ཞིག་ཆགས་ནས་ཡོད་དམ། དངོས་ནས་བཤད་ན། ཁོང་ཚོ་ནི་སྟོན་པ་ཐུབ་པའི་དབང་བོའི་རྗེས་མཇུག་སློབ་མའི་མིང་དུ་ཡོད་པའི་དགེ་འདུན་པ་དག་རེད་དམ། ཁོང་ཚོས་རང་ཉིད་ཀྱི་དམ་ཚིག་སྡོམ་པའི་ཆོས་ཁྲིམས་གསེར་གྱི་གཉའ་ཤིང་ཕྲག་པར་བླངས་ཡོད་དམ། ཁོང་ཚོས་དེ་ལྟར་ཡོད་ཚད་ཚ་ཞིང་བསྲེགས་པའི་མེ་དམར་པོའི་ཁྲོད་ནས། དེ་འདྲའི་བཟོད་བསྲན་ཆེན་པོ་ཞིག་བྱེད་འཕོད་པའི་གོ་ཆ་དེ་ནི་ལྷ་ཀླུ་གཉན་གསུམ་གང་གིས་དངོས་གྲུབ་བསྩལ་བ་ཡིན་ནམ།
མེ་ལྕེ་དམར་པོ་དང་འགྲོག་ནས་གོམ་པ་རེ་རེ་བཞིན་གང་དུ་སྤོ་ནས་ཡོད་དུས། གནམ་འོག་འདི་ན། འཛམ་གླིང་འདི་ན་དྲང་བདེན་ལ་དུངས་པ་དང་ཞི་བདེ་ལ་དགའ་བའི་སྐྱེ་བོ་ཕོ་མོ་གར་ཡོད་གང་འཚོ་ཚང་མས་མིག་གིས་མཐོང་ནས་སེམས་སུ་འཛུལ་ཡོད་དམ། སེམས་སུ་འཛུལ་ནས་ཁོང་ཚོའི་ཁ་ཆེམས་དེ་དག་ནི་རིན་བྲལ་གྱི་མུན་ནག་གི་སྒོ་མོ་ཕྱེ་བའི་གསེར་གྱི་ལྡེ་མིག་གཅིག་དུ་བལྟ་བཞིན་ཡོད་དམ། ཡང་ན། རང་གི་ཚེ་སྲོག་ལ་བརྩི་བཀུར་བྱེད་མ་ཤེས་པའི་སྐྱེ་བོ་ཉམ་ཆུང་ཞིག་གི་ཚུལ་དུ་བལྟ་བཞིན་ཡོད་དམ། གང་ལྟར། ཁོང་ཚོ་འདི་ལྟར་དོན་དམ་དུ་མི་རིགས་ཤིག་གི་གཉེན་འཕྲེང་གི་ཛ་དྲག་མྱུར་སྐྱོབས་ཀྱི་ཕོ་ཉྭ་ཁྱུ་ཞིག་གི་སྐྱེ་བ་བླངས་པ་རེད་དམ།
བསྟུད་མར་འདི་ལྟར་མེ་ལྕེ་དམར་པོའི་ཤུགས་ཀྱིས་འབར་བའི་ཚེ་སྲོག་གཞན་དག་འགའ་ཡོད་སྲིད་དམ། འབྱུང་ལ་ཉེ་བའི་མེ་ལྕེ་ལྷབ་ལྷུབ་ཁྲོད་ཀྱི་ཚེ་སྲོག་ཞིག་སླེབས་དུས། སླར་ཡང་། ཁ་བ་གངས་ཅན་པའི་སྐྱ་སེར་རྒན་གཞོན་ཚང་མས་མ་ཎི་རེ་བཏོན། སྨོན་ལམ་རེ་བརྒྱབས། སྐྱབས་ཞུ་རེ་ཞུས། རེ་འབོད་རེ་ཞུས། ཉིན་མ་གཅིག་གཉིས་ཤིག་ལ་སེམས་སྡུག་རེ་བྱས། གཏམ་གླེང་ཐར་ཐོར་རེ་བྱས་ནས། སྔར་བཞིན་རང་རང་གི་ཁ་ཕོར་ཙམ་ཞིག་ལ་འཁོར་ནས་མི་རིགས་ཤིག་གི་འཆི་གསོན་གྱི་འགན་དབང་མེད་པའི་དལ་ལྷོད་འཚོ་བསྡོད་ཀྱི་དུས་རབས་ཉེར་གཅིག་པའི་དབལ་འབྱོར་འཁོ་སྒྲུབ་ཀྱི་བྲན་གཡོག་དུ་འདུར་ནས་འདུག་སྲིད་དམ།
བསམ་ཚུལ་བཤད་པ་ཧ་ཅང་བཟང་། སྤྱི་དོན་འཁུར་དུ་བཞེས་ནས་གཅེས་པའི་ཚེ་སྲོག་བློས་གཏོང་གནང་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བླ་མེད་ཀྱི་སྤྱོད་པ་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཁོང་ཅག་གི་མཛད་རྗེས་ལ་ཡི་རང་དང་གུས་སེམས་མི་སྐྱེས་པ་དེ་བས་ཀྱང་ཡོད་མི་སྲིད། གཙོ་བོ་ཁོང་ཅག་གི་མཛད་རྗེས་དང་ཐུགས་འདུན་འཛམ་གླིང་ཡོངས་ལ་བསྒྲགས་རྒྱུ་དེ་ནི་ང་ཚོའི་ལས་འགན་གལ་ཆེན་ཞིག་དང་སྣང་མེད་དུ་གཏོང་མི་རུང་བ་ཞིག་རེད། དེ་ལྟར་བྱས་ད་གཟོད་གུང་ཇག་འཛམ་གླིང་གི་དགྲ་བོ་ངོ་མ་དེ་ཡིན་པ་འཛམ་གླིང་གི་མི་ཚང་མས་ཤེས་ངེས་རེད།་དེ་ལྟར་མ་རེད་དམ།
ང་ཚོ་རང་ཉིད་བོད་རིགས་ཡིན་པའི་འདུ་ཤེས་དེ་ཉིད་ཤ་དང་རུས་པའི་གསེང་དུ་ཟུག་ནས་ཡོད་ཚེ། བསམ་བློ་ཞིབ་མོ་ཞིག་དང་། སྙིང་གཏམ་དྲོན་མོ། བགྲོ་གླེང་ལྷོད་པོ་ཞིག་མ་བྱས་ན། འུ་ཅག་བོད་དུ་སྐྱེ་བའི་སྐྱེ་དོན་མ་འཁྱོངས་པར་སྙམ་བཞིན་ཡོད་ལགས། སྤུན་ཟླ་ཚོ། གཏམ་གླེང་རེ་གནོངས་དང་། མེ་དམར་པོའི་ཁྲོད་ཀྱི་ཁ་ཆེམས་དེ་དག་བསམ་ནས། ཚེ་སྲོག་མེ་ཡིས་ཟོས་པའི་ཤུལ་རྗེས་དེ་ནས།