ས་དཀྱིལ་ཚེ་བཀྲ། (བོད་འབྱོར།)
ཉག་ཕྲ་བའི་དུས་སུ། ཚེ་སྲོག་ལས་རྩ་ཆེ་བ་གཟི་བརྗིད་ཉིད།①
མེ་ཕུང་། གཅེས་པར་འོས་པའི་ཐ་ཚིག་ཅིག་སྟེ། སྙིང་ཉེ་བའི་མཆུ་སྒྲོས་ལ་འོད་ཀྱི་གོང་བུ་འཛུམ་པའི་མེ་ཏོག་མང་པོས་ཚ་སྡུག་གི་ཀློང་ནས། མཛེས་སྡུག་སྤར་སོང་། ལང་ཚོ་སྤར་སོང་། བདེན་དོན་སྤར་སོང་། མེ་ལྕེ་དྲག་པོ་འབར་བའི་མེ་ཕུང་རེ་རེ་ནི། ཏག་ཏག ཉི་ཟླའི་སྙིང་ལ་ཚི་ལུ་ཆགས་པའི་གཏམ་རྒྱུད་དག མུན་པའི་ཁྲོད་ཕྱེ་མ་ལེབ་ཁྲ་བོ་དག་གིས་སྒྱུ་རྩལ་གྱི་ལམ་ཁར་བདེན་སྣང་འཚོལ་བ་དང་མཚུངས་ཨང་།
ས་བོན་དང་རྩྭ་ལྗང་མི་སྐྱེ་བར་རྒྱུན་པར་ལོག་མར་ལུས་པའི་ས་ཞིང་གི་ཕར་སྣེ་ནས་དུས་ཡུན་རིང་བོར་ཚེ་སྲོག་རེ་རེ་རྨོན་དོར་ལ་འཕྲུལ་ནས་དཀའ་སྡུག་མང་པོ་མྱངས་ནའང་། ས་ལ་ཟུག་པའི་བཤོལ་མདའི་སྣེ་མོ་ཡི་ཐོང་ལྕགས་དེ་ཟད་མཐའ་མེད་པའི་ཁྱེད་ཀྱི་རུས་པ་ལགས་ན། ཨ་མས་ལག་ཟུང་ཟླུམ་ཕོར་འཁྱུད་པའི་བར་སྟོང་གི་ཚད་ན་ནམ་རྒྱུན་མཆོད་མེ་སྦར་ནས་གསོལ་བ་འདེབས་ཀྱིན་ཡོད།
ཀྭ་ཡེ། ཕོ་ཏ་ལའི་རྩིག་ངོས་ལ་བྲིས་པའི་ལྡེབས་རིས་དག མཉེན་ཞིང་གཡོ་བའི་ལྗོན་ཤིང་བཞིན་ལྕུག་ལྕུག་འདར་བའི་ངང་ཚུལ་གྱིས་རྒྱུད་སྐུད་མེད་པའི་རོལ་དབྱངས་ཤིག་གཏོང་གིན་འདུག མེ་ཕུང་རེ་རེའི་སྔ་རྗེས་སུ།
མི་ཚོགས་བཞུར་བའི་ཁྲོད་ནས་མགོ་བོ་སྒུར་བ་དེ་སྤྱང་ཀི་མཐོང་ནས་བྲེད་སྐད་ཤོར་བ་མ་ཡིན་པར་སྟབས་བདེ་གཞན་ལ་བསྟབས་ནས་དཀའ་ངལ་རང་ལ་བཞག་པ་ཉིད་དེ་གནམ་ས་བསྣོལ་མཚམས་ཀྱི་ཉི་ཟླ་འཆར་ནུབ་ལས་འཕྲོས་པའི་གཟི་འོད་ལགས།
མཚན་མོའི་ལྷིང་འཇགས་ལ་འགྲམ་པ་གླན་ཏེ་སྨྲ་བ་མེད་པའི་རྡོ་བའི་ཚོགས་ལ་མིག་ཆུ་བཞུར་བར་ཡང་ཁག་མི་འདུག་སྟེ། མེ་ཕུང་། མེ་ཕུང་གིས། མེས་པོའི་རྨི་ལམ་དུ་རྣག་འབྱམས་སུ་གྱུར་བའི་རུས་པ་དག་བདེན་པའི་ཨུ་ཚུགས་ཀྱིས་མེ་རུ་བསྲེགས་སོང་།
མེ་ཕུང་། མེ་ཕུང་གིས་ལོ་རྒྱུས་ཀྱི་མིག་ཀོང་ན་དཀག་པའི་ཟུངས་ཁྲག་དམར་པོ་དག་བྱིས་བློ་ཡི་དྭངས་གཙང་བར་ནས་ཀུ་རེ་དང་བཅས་ཟིན་ཐོར་འགོད་ཀྱིན་འདུག
ཀུ་རེ་འདིས། ཨ་མའི་བྱམས་དུངས་ལ་བདེན་པ་རྙེད་པའི་ཀུ་རེ་འདིས།
མུན་པའི་རྒྱབ་ལྗོངས་ལ་ཉི་འོད་འཚེར་བའི་ཀུ་རེ་འདིས།
རི་ར་བའི་ཁང་ཁྱིམ་གྱི་ས་ཆེན་དང་། ནམ་མཁའ་དང་། མི་སེམས་དང་བཅས་པའི་རང་བྱུང་ཁམས་ལ་ན་ཟུག་གཞན་ཞིག་བསླངས་སོང་། དན་རྟགས་གཞན་ཞིག་བཞག་སོང་།
ཉག་ཕྲ་བའི་དུས་སུ། ཚེ་སྲོག་ལས་རྩ་ཆེ་བ་གཟི་བརྗིད་ཉིད།
མེ་ཕུང་། མེ་ཕུང་། མེ་ཕུང་།
མཆན། ①འཇར་མན་གྱི་སྙན་ངག་པ་ཞི་ལེས་ཚིག་ལས་དྲངས།
ཐོག་མར་བདག་གི་གྲོགས་མཆོག་དམ་པ་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལ་ཁམས་འདྲི་ཞུ། ཁོང་ནི་ཡི་གེའི་སྦྱོར་ཀློག་ཤེས་པ་ཙམ་གྱིས་རྩོམ་པ་པོར་རློམ་མཁན་གྱི་གྲས་མིན་པར་རྩོམ་རིག་ལ་རྒྱུས་མངའ་དང་ལྷག་དོན་ལྷུག་རྩོམ་ཕྱོགས་ནས་བོད་ནང་གི་རེ་བ་ཆེ་ཤོས་ཀྱི་ན་གཞོན་སྙན་ངག་པ་ཞིག་རེད། དེར་མ་ཟད་དགེ་རྒན་གྱིས་ཕྱག་ལས་དང་རྩོམ་སྒྲིག་པའི་ཕྱག་སོགས་གནང་མཁན་ཞིག་རེད། ངས་འདི་ལྟར་ངོ་སྤྲོད་བྱེད་དོན། ཡང་དྲ་འབུ་འགའ་རེས་བོད་ནང་གི་མ་རེད་ཅིག་ཅིག་ཉིག་ཉིག་གི་སྤྲུལ་བ་རེད་ཟེར་ནས་སུན་པོ་བཟོ་སྲིད་པས་དང་པོ་ནས་བརྡ་བརྒྱབས་པ་ཡིན།
རྩོམ་རྩལ་དང་ཡང་ན་ནང་དོན་གང་་ནས་བསྟས་ན་ཕུལ་བྱུང་སྙན་ངག་པ་ཞིག་ཡིན་པ་ཤུག་ནས་མཐོང་གིན་་འདུག་།
ཨ་རིའི་བླ་རྒན་འདི་བ་ཚང་གིས། །
གཞན་རྩོམ་དྲུད་ནས་ཡོང་ཚུལ་བལྟས་ན། །
ཡོད་མེད་ཡིན་མིན་རྩོད་པ་ཙམ་ལས། །
སྨྱུ་གུ་འཛིན་མྱོང་མེད་པར་ཐག་ཆོད། །
ཡུལ་གཅིག་སྙན་ངག་པ་ས་དཀྱིལ་ཚེ་བཀྲ་ལགས་གི་ལྷུག་རྩོམ་མང་པོ་ཞིག་རོ་མྱོང་བྱེད་པའི་བསྐལ་བ་མ་ལྡན་ཀྱང་ཁོང་གི་ལྷུག་རྩོམ་གང་མཚམས་ཞིག་ལ་རོ་མྱོང་བྱེད་པའི་བསྐལ་བ་ལྡན་སོང་། དངོས་གནས་ཧང་སང་དགོས་པའི་སྙན་པོ་དང་བློ་ལ་འབབ་པོ་བྲིས་འདུག། དེ་རིང་འདི་ཡང་ཡིན་ནང་དོན་གི་ཆ་ནས་ཡིན་ཡང་རེད། ཚིག་སྦྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་ཡག་པོ་བྲིས་འདུག། ད་དུང་མུ་མཐུད་རྒན་རབས་སྙན་ངག་ཚེ་བཀྲ་མཆོག་གི་སྙན་ངག་འམ་ལྷུག་རྩོམ་ལ་རོ་མྱོང་བྱེད་ཐུབ་པའི་རེ་བ་ཡོད