ཆབ་མདོ་ངག་ཕུན།
སྔོན་གླེང་།
ཡུ་ཊྲོ་ནང་དུ་བུད་མེད་གཅིག་གིས་རང་རེའི་སྤུན་ཟླ་གཅིག་པ་བུད་མེད་གཅིག་བཟའ་ཟླས་དངོས་སུ་གསོན་བསྲེགས་བཏང་བའི་ལོ་རྒྱུས་བཤད་ཀྱི་འདུག་ཅིང་། སྐབས་དེ་དུས་ང་རང་སེམས་སུ་སྨྲ་མི་ཤེས་སྐྱོ་སྣང་གི་ཚོར་སྣང་ཞིག་སྐྱེས་བྱུང་བ་འབྲེལ། གཞི་རྩ་དེར་བཟུང་ནས་རྟོག་སྒྲུང་ལ་གཞི་བཅོལ་ནས་འདི་ཉིད་བྲིས་པ་ཞིག་ཀྱང་ཡིན་ལ། ས་མིང་དང་། མི་མིང་སོགས་ཚང་མ་ངོ་མ་མིན་པ་དང་། དངོས་སུ་བྱུང་བའི་རྒྱུད་རིམ་མང་པོ་ཞིག་དང་མ་མཐུན་སའི་ཆ་མང་པོ་ཡོད་ངེས་པས་དེ་ལུགས་དགོངས་བཞེས་གནང་རོགས་ཞུ་རྒྱུ་དང་། འདི་ནི་རྟོག་སྒྲུང་ལ་གཞི་བཅོས་ནས་དངོས་སྒྲུང་ཞིག་ཡིན་པས་རྣམ་པ་ཚོས་ཐེངས་བཀླག་ནས་ཡིད་གཟབ་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་ཅིང་། གྲོངས་མཁན་དེ་ཉིད་ལ་བསྔོ་བ་དང་སྨོན་ལམ་རེ་འདེབས་རྒྱུ་མ་བརྗེད་པ་གནང་རོགས་ཞུ་རྒྱུ་ཡིན། ལྷག་དོན་མ་འོངས་པ་འགྲོ་བ་རིགས་དྲུག་སེམས་ཅན་སུ་ཞིག་ལ་གནས་ཚུལ་དེ་རིགས་མ་ལྷག་ཤོག་ཅེས་སྨོན་འདེབས་བཞིན་ཡོད།
མེ་ཕུང་དུ་འཐིམ་པས་བསོད་ནམས་ལྷ་མོ།
དེ་རིང་ངས་དངོས་སྒྲུང་ཞིག་བཤད་པ་འདོད། དེ་ཡང་ཆོས་ལྡན་གླིང་ཞེས་པའི་གནས་དེ་ནི་རི་བོ་ཚོགས་འབུལ་བ་ནང་བཞིན་གནས་པ་དང་། རི་བོ་དེ་དག་གི་རྩེ་མོར་གངས་ཀྱིས་གཡོག་ཅིང་། རི་སྐེད་ནགས་ཚལ་གྱི་ཡོངས་སུ་ཁེངས་ཡོད། རི་མཐའ་རུ་མཚོ་དང་མཚེའུ་གྲངས་ལས་འདས་པ་ཞིག་ཡོད་པ་དང་། ཁོར་ཡུག་གི་བཀོད་ལེགས་ཧ་ཅང་མཛེས་སྡུག་ལྡན་ཞིང་། ཉམས་དགའ་བའི་གནས་མཆོག་དེར་གནས་མཁན་མི་རྣམས་ནི་གཤིས་རྒྱུད་དར་ལས་འཇམ་ཞིང་། ངག་རྒྱུན་ཆུ་ལས་རིང་བ་ཡོད། རྟག་ཏུ་ཡ་རབས་བཟང་སྤྱོད་ལྡན་པའི་སྐྱེ་བོ་རྐྱང་ཡིན་པ་རེད། ལེ་ལོ་དང་རྣམ་གཡེང་མེད་པ་ཞིང་འབྲོག་གི་འཚོ་བར་དཔའ་ངར་ཞུམ་མེད་ཀྱིས་ལས་ལ་བརྩོན་ཞིང་ཞི་བདེའི་བག་ཕེབས་གནས་ཀྱི་ཡོད།
དེ་འདྲའི་ཁོར་ཡུག་དེར་ཆོས་ལྡན་ཚང་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དང་། ཆོས་ལྡན་ཚང་གི་བུ་དོན་འགྲུབ་ནར་གསོན་རྗེས་ཕ་མ་གཉིས་ཀྱིས་བུ་དོན་འགྲུབ་ལ་མཚོ་མོ་ཞེས་པའི་བུ་མོ་དེ་མནའ་མ་བསུ་ནས་གཉེན་སྟོན་གྲ་རྒྱས་པོ་བྱས། དོན་འགྲུབ་ནི་ཕ་མ་གཉིས་ལ་ཧ་ཅང་གི་གུས་བཀུར་དང་། བརྩི་འཇོག་གནང་མཁན་བུ་ཡ་རབས་ཅན་ཞིག་ཡིན། དོན་འགྲུབ་དང་མཚོ་མ་གཉིས་གཉེན་སྒྲིག་བྱས་པ་བཟུང་སྟེ་ཆོས་ལྡན་ཚང་གི་ཁྱིམ་ཚང་སྔ་ལྷག་འཕེལ་རྒྱས་བྱུང་བ་དང་། ཁྱོ་ཤུག་གཉིས་ཧ་ཅང་མཐུན་པོ་ཡོད་པས། གྲོང་མི་ཚོས་ཡིད་སྨོན་བྱེད་ཀྱི་ཡོད།
རིམ་གྱིས་མཚོ་མོར་མངལ་ཆགས་ཤིང་ཟླ་དུས་ཚང་དུས་བུ་མོ་ཞིག་སྐྱེས་པ་དང་མིང་ལ་བསོད་ནམས་ལྷ་མོ་ཞེས་བཏགས། བསོད་ནམས་ལྷ་མོ་ནི་ཆུང་དུས་ནས་ཕ་མ་གཉིས་ལ་གུས་བཀུར་ཆེ་ལ། ནམ་བཞག་རྒྱུན་དུ་སྐད་ཆ་མང་པོ་མི་སྨྲ་ཞིང་། རྒན་རབས་རྣམས་ལ་ཧ་ཅང་གུས་ཞབས་ཆེ། བློ་རིག་བཀྲ་བའི་བུ་མོ་ཞིག་ཀྱང་ཡོད། བུ་མོ་བསོད་ནམས་ལྷ་མོ་ལོ་ངོ་གསུམ་སླེབས་རྗེས་ཕ་མ་གཉིས་ཀྱིས་འདོད་མོས་ལྟར་གྲོང་གསེབ་ཀྱི་སློབ་གྲྭར་བཏང་། བུ་མོ་བསོད་ནམས་ལྷ་མོ་རང་བཞིན་གྱིས་གཤིས་རྒྱུད་བཟང་ཞིང་། རྒན་རབས་རྣམས་ལ་གུས་ཞབས་ཆེ་བ་དང་། དེ་བཞིན་དགེ་རྒན་རྣམ་པས་གང་ཞིག་སློབ་ཁྲིད་གནང་བ་ཡིན་ན་དེ་ལ་ཁ་གཡེང་མིག་གཡེང་མེད་པར་ཡག་པོ་ཉན་འཇོག་གནང་གི་ཡོད་པས། དགེ་ལས་ཀུན་གྱིས་ཡིད་སྨོན་གནང་སའི་དེ་འདྲ་བུ་མོ་ཞིག་ཡིན་པ་རེད།
སློབ་གྲྭའི་ཡིག་རྒྱུག་ག་དུས་བཏང་བ་ཡིན་ན་བསོད་ནམས་ལྷ་མོའི་དཔེ་བཟང་རྐྱང་ལེན་གྱི་ཡོད། ཆོས་ལྡན་ཚང་ལ་དཀའ་ངལ་གཅིག་ཡོད་པ་ནི་མཚོ་མོ་ནད་པ་ཡིན་ཞིང་། སྨན་ཁང་གང་ས་བསྟེན་གཏུགས་བྱས་རུང་ཕན་ཐོགས་ཁྱོན་ནས་ཡོང་གི་མེད། རིམ་གྱིས་མཚོ་མོའི་ནད་གཞི་ཉིན་རེ་བཞིན་ཇེ་ངན་ཇེ་སྡུག་ཏུ་ཕྱིན་ནས་མཐར་སྨན་བཅོས་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཕྱི་མིའི་ལམ་དུ་གཤེགས། ཆོས་ལྡན་ཚང་གི་བུ་ཕྲུག་རྣམས་ཨ་མ་མེད་པའི་ཕྱེད་ཕྲུག་ཏུ་གྱུར་པ་རེད།
ཆོས་ལྡན་ཚང་གི་ཕ་དོན་འགྲུབ་ཀྱང་གཟུགས་པོ་དེ་ཙམ་ཞིག་ཐང་པོ་མེད། བཟའ་ཟླ་གྲོངས་པ་སོགས་ཀྱི་དབང་གིས་ནང་ནས་ཆེ་ཤོས་བསོད་ནམས་ལྷ་མོ་ཡིན་དུས་མཐོ་སློབ་ཏུ་མུ་མཐུད་ནས་འགྲོ་མ་ཐུབ་པར་མཐོ་སློབ་ནས་རྩ་དགོངས་ཞུས་ཏེ་ཕ་ལ་རོགས་པ་བྱེད་དགོས་བྱུང་། ཕ་དོན་འགྲུབ་ཀྱིས་ཞིང་ལས་ཀྱི་ཞོར་ལ་སྨན་རྩྭ་གསོག་སྒྲུབ་བྱེད་ནས་གྲོང་ཁྱེར་ཁག་ཏུ་ཚོང་གི་ཡོད། མི་ལ་རེ་མ་དགོས་པ་འཚོ་བ་འགྲིགས་ཐག་ཆོད་ཡོད།
རིམ་གྱིས་ཆོས་ལྡན་ཚང་གི་བུ་ཕྲུག་རྣམས་ཆེན་པོ་ཆགས། བསོད་ནམས་ལྷ་མོ་ནི་རང་བཞིན་གྱིས་གཟུགས་སྐྱེ་ལོ་ཡག་ཅིང་། མི་རྣམས་ཀྱི་ཡིད་སྨོན་བྱེད་ཀྱི་ཡོད་ལ། ངག་སྟབས་ཀྱང་ཧ་ཅང་སྙན་པོ་ཡོད་པས། མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། ཕ་དོན་འགྲུབ་དབྱར་དུས་རི་ལ་སྨན་རྩྭ་སྒྲུབ་ཏུ་འགྲོ་དུས་བུ་མོ་བསོད་ནམས་ལྷ་མོ་ཁྲིད་ནས་རི་ལ་འགྲོ་ཡི་ཡོད་ལ། བསོད་ནམས་ལྷ་མོ་ནི་བརྙན་གྱི་ལམ་ནས་ཐད་གཏོང་བཟོ་རྒྱུ་དགའ་པོ་ཡོད་པ་དང་། བསོད་ནམས་ལྷ་མོའི་ཐད་གཏོང་ལྟ་མཁན་མི་གྲངས་མང་པོ་ཡོད་པ་དང་། སྨན་རྩྭའགྲེལ་བཤད་བརྒྱབ་ཀྱི་ཡོད་པ་རེད་ལ། དེ་བཞིན་ཡུལ་ལྗོངས་ཀྱི་ངོ་སྤྲོད་དང་། ཁ་ལག་བཟོ་སྟངས། སྤགས་བརྫིས་སྟངས། ཇ་ཐང་བཀོལ་སྟངས་སོགས་བོད་རྒྱ་གཉིས་ཀྱི་ཐོག་ནས་འགྲེལ་བཤད་དང་མཉམ་དུ་མི་མང་ལ་སྟོན་གྱི་ཡོད་པས། མི་རྣམས་ཧ་ཅང་གི་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། བསོད་ནམས་ལྷ་མོ་ནི་བོད་རྒྱ་གཉིས་ཀྱི་སྐད་ཡིག་ཤེས་ཚད་ཀྱང་ཡག་པོ་ཡོད།
བསོད་ནམས་ལྷ་མོ་སློབ་གྲྭ་ནང་དུ་འགྲོ་དུས་འཛིན་རོགས་གཅིག་པ་ཝང་ཧང་ཟེར་བའི་རྒྱ་རིགས་བུ་ཞིག་ཡོད་པས། ཁོས་ག་དུས་ཡིན་ན་བསོད་ནམས་ལྷ་མོ་ལ་ངེད་གཉིས་སློབ་གྲྭ་ཐོན་རྗེས་གཉེན་སྒྲིག་བྱ་རྒྱུ་འདོད་པ་ཡོད་ཚུལ་དང་། དེ་བཞིན་ཁྱོད་ཀྱི་གང་ཞིག་ལབ་པ་ཡིན་ན་དེ་བཞིན་བྱ་རྒྱུ་ཡིན་ཚུལ་སོགས་ཁ་སྙན་པོ་མང་པོ་ཞིག་བཤད་ཀྱི་ཡོད་རུང་། དང་ཐོག་བསོད་ནམས་ལྷ་མོས་ཁས་མ་བླངས་ཡུན་རིང་བསྡད། ཁོས་ག་དུས་ཡིན་ན་བསོད་ནམས་ལྷ་མོའི་མདུན་དུ་ཡག་པོ་ཡོད་པའི་རྣམ་པ་སྟོན་གྱིས་ཡོད་པས། རིམ་གྱིས་བསོད་ནམས་ལྷ་མོའི་སེམས་ནང་དུ་འགྱུར་བ་ཐེབས་ནས་ཁོ་དང་གཉེན་སྒྲིག་བྱས་པ་ཡིན་ན་མི་འགྲིགས་པ་མི་འདུག་སྙམ་ནས་དགའ་རོགས་སྒྲིག་པ་དང་། ཉིན་གཅིག་ཕ་དོན་འགྲུབ་ལམ་ནས་ཡོང་དུས་བུ་མོ་བསོད་ནམས་ལྷ་མོ་བུ་ཞིག་དང་མཉམ་དུ་འགྲོ་ཡི་ཡོད་པ་མཐོང་། བུ་མོ་བསོད་ནམས་ལྷ་མོ་ནང་དུ་སླེབས་དུས་ཕ་དོན་འགྲུབ་ཀྱིས་བུ་མོ་ཁྱེད་རང་ད་ལྟ་ལོ་ན་ཆུང་ཆུང་ཡིན་པ་དང་། གནས་ཚུལ་མང་པོ་ཤེས་ཀྱི་མ་རེད་ལ། ལྷག་དོན་ཝང་ཧན་ཟེར་བའི་བུ་དེ་ནི་མི་གཤིས་གང་འདྲ་ཞིག་ཡོད་ན་ང་ཚོའི་ཧ་ཡག་པོ་ཞིག་གོ་གི་མེད། ངས་ཕར་བལྟས་ན་ཝང་ཧན་མི་གཤིས་ཡག་པོ་ཞིག་ཡོད་པ་མཐོང་གི་མི་འདུག་ཚུལ་སོགས་བཤད་པས། ད་ཐོག་བསོད་ནམས་ལྷ་མོ་དགའ་རོགས་ཡིན་པ་ཁས་ལེན་མ་གནང་། རིམ་པས་ཕ་དོན་འགྲུབ་ཀྱིས་དྲིས་དུས་བུ་མོ་བསོད་ནམས་ལྷ་མོས་དགའ་རོགས་ཡིན་ཚུལ་ཁས་ལེན་དགོས་བྱུང་། ཕ་དོན་འགྲུབ་ཀྱིས་ཝང་ཧང་དང་དགའ་པོ་མ་བྱེད་ག་ཚད་ལབ་རུང་ཉོན་འཇོག་མ་བྱས། བུ་མོ་བསོད་ནམས་ལྷ་མོ་ནི་བརྩེ་བདུང་གིས་བཟི་ཟིན་པས་ཨ་ཕས་ཁ་ལ་ཉན་འཇོག་མ་བྱས་ནས་ཝང་ཧང་དང་གཉེན་སྒྲིག་བྱས་ཏེ་ཝང་ཧང་ཡོད་སའི་ཕྱོགས་སུ་ཕྱིན་པ་རེད།
ཁོ་གཉིས་གཉེན་སྒྲིག་བྱས་ནས་ལོ་ཤས་སོང་རྗེས་བསོད་ནམས་ལྷ་མོ་ལ་རིམ་པས་བུ་གཅིག་དང་བུ་མོ་གཅིག་ཕྲུ་གུ་གཉིས་བཙས། ཝང་ཧང་གིས་གཤིས་སྤྱོད་ངོ་མ་དེ་རིམ་གྱིས་ཕྱིར་རུ་དངོས་ནས་བསོད་ནམས་ལྷ་མོའི་སྐད་ཆ་བཤད་སྟངས་ཕྲན་བུ་མ་འགྲིགས་པ་ཡིན་ན་སྐྲ་ནས་བཟུང་སྟེ་རྡུང་རྡེག་གཏོང་གི་ཡོད་ལ། དེ་བཞིན་བསོད་ནམས་ལྷ་མོའི་ངོ་ཤེས་པ་དེ་འདྲ་མཉམ་དུ་སྐད་བཤད་པ་མཐོང་ཚེ་ཁྱོད་ཀྱི་ཁོ་དང་འབྲེལ་བ་ཡོད་ས་རེད་ཟེར་ནས་ཝང་ཧང་གིས་རྡུང་གི་ཡོད། བསོད་ནམས་ལྷ་མོ་དེ་འདྲའི་གང་ཡང་མ་རེད་ཅེས་གསལ་བཤད་ག་ཚད་བྱས་རུང་ཉན་འཇོག་གཏན་ནས་བྱེད་ཀྱི་མེད།
ལྷག་དོན་ཝང་ཧང་གི་ནང་ལ་ལས་ཀ་ཁྱོན་ནས་མི་བྱེད་ཅིང་ཉིན་ལྟར་ཕྱི་ལོགས་སུ་འཁྱམ་ནས་བསྡད་བྱེད་ཀྱི་ཡོད་པ་དང་། བསོད་ནམས་ལྷ་མོ་གཅིག་པུས་བུ་ཕྲུག་གཉིས་ལ་ལྟ་རྟོག་བྱ་དགོས་ཐུག་གི་ཡོད་པ་མ་ཚད། བསོད་ནམས་ལྷ་མོ་ཕྱི་ལོགས་སུ་ལས་ཀ་ཡང་བྱེད་དགོས་ཀྱི་ཡོད་ལ། སྔ་དགོང་དུས་གསུམ་ལ་ནང་མི་རྣམས་ལ་ཁ་ལག་བཟོ་དགོས་པ་སོགས་ནང་མི་ཆེད་དུ་ལས་ཀ་དེ་འདྲའི་བྱས་རུང་ད་དུང་བཟའ་ཟླ་ཝང་ཧང་གིས་ཁྱོད་ཉིན་ལྟར་ཕྱི་ལོགས་སུ་འཆམས་ནས་སྡོད་ཀྱི་ཚུལ་སོགས་བཤད་ནས་མ་ཉེན་ཁ་གཡོག་བྱེད་ཀྱི་ཡོད་རུང་། བསོད་ནམས་ལྷ་མོའི་བུ་ཕྲུག་གཉིས་ཀྱིས་ངོ་གདོང་ལ་བལྟས་ནས་དཀའ་སྡུག་གང་འདྲ་ཞིག་འཕྲད་རུང་ཨ་ཚུགས་བརྒྱབ་སྟེ་སྡོད་ཀྱི་ཡོད།
ནང་གི་དཀའ་སྡུག་དེ་དག་ནང་མི་སྤུན་མཆེད་དང་། གྲོང་པ་ཁྱིམ་མཚེས་སུ་ཞིག་ལ་བཤད་ཀྱི་མེད། ཡིན་ནའང་གྲོང་པ་ཁྱིམ་མཚེས་ཚོས་ཝང་ཧང་གིས་ཉེས་རྡུང་གཏོང་གི་ཡོད་པ་ཤེས་ཀྱི་ཡོད། ཐེངས་གཅིག་བཟའ་ཟླ་ཝང་ཧང་གིས་བསོད་ནམས་ལྷ་མོའི་ངོ་གདོང་ལ་ཁུ་ཚུར་ཞུས་ནས་གདོང་པ་སྐྲངས་ནས་མིག་གིས་ཡག་པོ་མི་མཐོང་བ་བཟོས་པས། གྲོང་པ་ཁྱིམ་མཚེས་ཀྱིས་གང་ཞིག་བྱུང་སོང་ཞེས་དྲིས་སྐབས། བསོད་ནམས་ལྷ་མོས་རྐང་པ་བྲེད་བརྡབ་ཤོར་ནས་བརྡབ་སོང་ཟེར་བ་ལས་ཁྱོ་གས་རྡུང་སོང་ཟེར་གྱི་མེད། དེ་འདྲའི་ངང་ནས་ལོ་ཟླ་རིམ་གྱིས་རྫོགས།
ཝང་ཧང་ནིརང་གཞན་གྱིས་གཤིས་སྤྱོད་རྩུབ་པ་དང་། ག་དུས་ཡིན་ན་བསོད་ནམས་ལྷ་མོ་ཉེས་རྡུང་གཏོང་རྐྱང་བྱེད་ཀྱི་ཡོད། ཡིན་ནའང་བསོད་ནམས་ལྷ་མོའི་བུ་ཕྲུག་གཉིས་ཀྱི་ངོ་གདོང་ལ་བལྟས་ནས་ཨུ་ཚུགས་ཀྱིས་བཟོད་སྒོམ་བྱེད་ཀྱི་ཡོད། ནང་གི་དཀའ་ངལ་དེ་དག་གཞན་ལ་ཁྱོན་ནས་བཤད་ཀྱི་མེད། སྐབས་རེ་ཝང་ཧང་ཨ་རག་གིས་བཟི་ནས་བསོད་ནམས་ལྷ་མོ་ལས་ཀ་བྱེད་མི་ཐུབ་པ་དེ་འདྲའི་ཉེས་རྡུང་གཏོང་གི་ཡོད་པ་རེད།
མཐར་བསོད་ནམས་ལྷ་མོ་འུ་ཐུག་ནས་ཉེན་རྟོག་ཁང་དུ་ཕྱིན་ནས་བཟའ་ཟླས་ང་ཉིན་ལྟར་རྡུང་རྡེག་གཏོང་གི་འདུག་ན་རྣམ་པ་ཚོས་ཁོ་ལ་སློབ་གསོ་རྒྱབ་རོགས་ཞེས་རེ་སྐུལ་ཞུས་པ་དང་། ཉེན་རྟོག་པས་ཝང་ཧང་སྐད་བཏང་སྟེ་ཁྱོད་རང་གི་བཟའ་ཟླ་ལ་དེ་འདྲ་བྱེད་མི་རུང་ཚུལ་སོགས་བསླབ་བྱ་བརྒྱབ་རུང་། ཆུ་ནང་རྡོ་འཕང་བ་ནང་བཞིན་ཕན་ཐོགས་ཅི་ཡང་མ་བྱུང་། ད་དུང་སྔ་རྒྱུན་ཇི་བཞིན་བཟའ་ཟླ་བསོད་ནམས་ལྷ་མོ་རྡུང་རྡེག་གཏོང་གི་ཡོད་པས། མཐར་བསོད་ནམས་ལྷ་མོས་བཟའ་ཟླ་ཝང་ཧང་ལ་ད་ནི་ངེད་གཉིས་འདི་འདྲ་བསྡད་པ་ལས་ཁ་བྲལ་རྒྱུ་ཡིན་ཚུལ་སོགས་སེམས་ཐག་བཅད་ནས་བཤད། བཟའ་མི་གཉིས་ཀའི་ལུང་པའི་འགྲོ་ལུགས་ལྟར་སྲིད་གཞུང་གི་ལས་ཁུངས་སུ་ཕྱིན་ནས་བཟའ་ཚང་ཁ་བྲལ་གྱི་ཡིག་ཆ་བླངས་ཏེ་ཁོང་གཉིས་ཁ་བྲལ་བྱས་པ་རེད།
དུས་དེ་ནས་བསོད་ནམས་ལྷ་མོས་བུ་ཕྲུག་གཉིས་ཁྲིད་ནས་ཕ་དོན་འགྲུབ་ཀྱི་ནང་དུ་ལོག་ནས་ཡོང་ཞིང་། ཕ་དོན་འགྲུབ་ཀྱི་སོ་སོའི་ཤ་ལས་མཆེད་པའི་བུ་ཕྲུག་ཡིན་དུས་མ་ཡོང་ག་ལ་ལབ་ཤེས། སྔ་རྒྱུན་ཇི་བཞིན་བརྩེ་བ་གནང་གི་ཡོད། བསོད་ནམས་ལྷ་མོས་ཕྲུ་གུ་གཉིས་ལ་ལྟ་རྟོག་དང་། ཞོར་དུ་ལས་ཀ་ཙག་ཙིག་འཚོལ་ནས་སྡོད་ཀྱི་ཡོད། སྐབས་རེ་ཨ་ཕ་དོན་འགྲུབ་མཉམ་དུ་སྨན་རྩྭ་འཐུ་བར་རི་ལ་འགྲོ་ཡི་ཡོད་ཅིང་། ཨ་ཕ་མཉམ་དུ་འགྲོ་དུས་སྔར་རྒྱུན་ཇི་བཞིན་ཐད་གཏོང་བཏང་ནས་ལས་དོན་རྣམས་ངོ་སྤྲོད་གནང་གི་ཡོད། བསོད་ནམས་ལྷ་མོའི་ཐད་གཏོང་ལ་ལྟ་མཁན་མི་ཧ་ཅང་མང་པོ་ཡོད་ཅིང་། ཚང་མའི་བསོད་ནམས་ལྷ་མོས་འགྲེལ་བཤད་སྐྱོན་སྟངས་དང་། རྣམ་འགྱུར་ལ་ཡིད་སྨོན་བྱེད་ཀྱི་ཡོད། དེ་འདྲའི་ལོ་ཟླ་རིམ་གྱིས་སོང་བ་དང་།
ཉིན་གཅིག་བསོད་ནམས་ལྷ་མོའི་ནང་དུ་ཝང་ཧང་སླེབས་ནས་བསོད་ནམས་ལྷ་མོ་ལ་དེ་སྔོན་ཁོས་བྱས་པ་ཚང་མ་ནོར་འཁྲུལ་ཤོར་སོང་ཞིང་། ད་ནས་བཟུང་སྟེ་དེ་འདྲའི་རིགས་གཏན་ནས་བྱ་རྒྱུ་མིན་ཚུལ་སོགས་ཁས་ལེན་དམ་བཅའ་མང་པོ་ཞིག་བཤད། བུད་མེད་ཟེར་བ་སེམས་པ་ཆུང་བའི་དབང་གིས་ཁོས་བཤད་པ་དེ་བདེན་པར་ངོས་འཛིན་བྱས།
འོན་ཀྱང་ཕ་དོན་འགྲུབ་འདོད་པ་དེ་ཙམ་མེད་པས། བུ་མོ་བསོད་ནམས་ལྷ་མོ་ལ་བསམ་བློ་ཡག་པོ་གཏོང་མ་གཏོགས་ཁོས་ཁྱོད་སྔོན་ལྟར་རྡུང་རྡེག་གཏོང་གི་རེད་བསམ་གྱི་འདུག་ཚུལ་སོགས་བཤད་པས། བསོད་ནམས་ལྷ་མོས་ཨ་ཕ་ལགས། ང་ཡང་ཁོ་ལ་ཡིད་ཆེས་དེ་ཙམ་མི་འདུག་རུང་། ངས་ཕྲུ་གུ་འདི་གཉིས་ལ་བལྟས་ནས་ཁོ་དང་བསྐྱར་སྒྲིག་བྱ་འདོད་འདུག་ཚུལ་བཤད།
དེ་ནས་བསོད་ནམས་ལྷ་མོའི་བུ་ཕྲུག་གཉིས་ཁྲིད་ནས་ཝང་ཧང་དང་བསྐྱར་དུ་མཉམ་དུ་བསྡད། དེ་བཞིན་བསོད་ནམས་ལྷ་མོས་སེམས་ནང་དུ་ཁོ་ནི་བུ་ཕྲུག་གཉིས་ཀྱི་ཨ་ཕ་རེད་སྙམ་ནས་བསྡད། སྐབས་དེར་ཕ་དོན་འགྲུབ་ཀྱིས་ད་ཁྱོད་རང་དེ་སྔོན་ཁོས་སྡུག་པོ་ག་ཚོད་བཏང་བ་དེ་དག་དྲན་གྱི་མི་འདུག་གམ། ད་དུང་ཁྱོད་སེམས་ཐག་ཆོད་མི་འདུག་གམ། ཁྱོད་རང་ཁོ་མཉམ་དུ་བསྐྱར་སྒྲིག་བྱེད་པ་ནི་ཁྱོད་རང་མྱོས་པ་རང་རེད། ཁོ་མཉམ་དུ་བསྡད་ཚེ་ཁྱོད་ལ་ཉིན་གཅིག་ཀྱང་བདེ་སྐྱིད་ཡོང་གི་མ་རེད། ང་ནི་འདོད་པ་རྩ་བ་ཉིད་ནས་མེད། འོན་ཀྱང་མི་ཚེ་སོ་སོའི་བསྐྱལ་དགོས་དུས་སོ་སོའི་སེམས་ནང་གང་ཡོད་པ་དེ་གནང་བ་ཡིན་ན་འགྲིགས་པ་རེད་ཅེས་ཕ་དོན་འགྲུབ་ཀྱིས་བཤད།
དེ་བཞིན་གྲོང་རོགས་ཚོས་ཀྱང་བསོད་ནམས་ལྷ་མོར་ཁྱེད་ཁོའི་མཉམ་དུ་བསྐྱར་སྒྲིག་གནང་བ་དེ་ནི་ཁྱོད་རང་ནོར་བ་རེད། ཁོ་ནི་དུས་ནམ་ཡང་ཡག་པོ་ཞིག་ཆགས་རྒྱུ་གཏན་ནས་མེད། ཁོས་བཤད་པས་གཏམ་ལ་ཡིད་ཆེས་བྱ་རྒྱུ་གང་ཞིག་ཡོད་ཚུལ་སོགས་བཤད་ཀྱང་བསོད་ནམས་ལྷ་མོས་ངས་ཀྱང་ཡིད་ཆེས་ཞེ་དྲག་མི་འདུག་ཀྱང་ཕྲུ་གུ་གཉིས་ཀྱི་ཕ་ཡིན་དུས་བློས་བཏང་ཐུབ་ཀྱི་མི་འདུག་ཟེར། བསོད་ནམས་ལྷ་མོས་དེ་འདྲ་བཤད་དུས་དེ་ཡང་བདེན་པ་རེད་སྙམ་ནས་གྲོང་རོགས་ཚོ་དང་། ངོ་ཤེས་ཚོས་ཁ་རོགས་བསྡད།
སྤྱིར་བཏང་བསོད་ནམས་ལྷ་མོ་ནི་བོད་དབུས་ཁམས་གསུམ་དུ་གཟུགས་སྐྱེ་ལོ་དང་། ལང་ཚོའི་མཛེས་སྡུག །དེ་བཞིན་གླུ་ངག་སྙན་པ་སོགས་མདོ་དབུས་ཁམས་གསུམ་ཙམ་མ་ཚད། རྒྱ་ནང་དུའང་སྐད་གྲགས་ཆེན་པོ་ཡོད་པ་ཞིག་རེད། བསོད་ནམས་ལྷ་མོས་དེང་རབས་འཕྲུལ་ཆས་བེད་སྤྱོད་བཏང་སྟེ་ཉིན་ལྟར་འཚོ་བ་གང་ཞིག་རོལ་གྱི་ཡོད་པ་བརྙན་ལམ་བརྒྱུད་ནས་མི་རྣམས་ལ་ཐད་གཏོང་གནང་གི་ཡོད་པས། དེར་དགའ་མོས་བྱེད་མཁན་མི་མང་འབུམ་ཚོ་ལྷག་་ཡོད་པ་རེད།
ཁོ་གཉིས་བསྐྱར་སྒྲིག་བྱས་ནས་ཟླ་ཤེས་ལས་མ་སོང་བ། བཟའ་ཟླ་ཝང་ཧང་གིས་རང་གཤིས་ངོ་མ་དེ་ཕྱིར་སྟོན། སྔ་བཞིན་བསོད་ནམས་ལྷ་མོ་ལ་ཡག་པ་བསྐྱག་མགོ་བཙུགས་ནས་བསོད་ནམས་ལྷ་མོ་ལག་པ་གཡས་པའི་ལས་ཀ་བྱེད་མི་ཐུབ་པ་བཟོས་པ་མ་ཟད། ཝང་ཧང་གིས་གལ་སྲིད་ངེད་གཉིས་ཁ་བྲལ་ཕྱིན་ན་བུ་ཕྲུག་ཁྱེད་ལ་མི་སྟེར་ཟེར། དེ་འདྲའི་གནས་སྟངས་འོག་བསོད་ནམས་ལྷ་མོའི་སེམས་ནང་དུ་ཁོ་མཉམ་དུ་བསྡད་ནས་ཉིན་ཤས་ལས་ཕྱིན་མེད། ད་ལྟ་ནས་ཁོས་འདི་འདྲ་ཞིག་བྱེད་ཡོང་དུས་ད་ནི་ཁོ་མཉམ་དུ་མི་ཚེ་མཐའ་འཁྱོལ་ས་མ་རེད་སྙམ་སྟེ། ཕྲུ་གུ་གཉིས་ཁྲིད་ནས་ཕ་དོན་འགྲུབ་ཀྱིས་ནང་དུ་ལོགས། ཕ་དོན་འགྲུབ་ཀྱིས་བུ་མོ་བསོད་ནམས་ལྷ་མོའི་ངོ་གདོང་མཐོང་བ་དང་། མིག་ཆུ་རང་དབང་མེད་པར་ཤོར་བཞིན་བརྗོད་དོན། མི་ངན་ཁོས་ཁྱོད་དེ་ལྟར་བཟོ་འདུག་ཟེར་བཞིན་དབུགས་རིང་ཞིག་ཀྱང་དབང་མེད་ཤོར། ཨ་ཕ་ལགས་ད་ནི་ངས་སེམས་ཐག་བཅད་ཟིན་པ་ཡིན། ཁོ་མཉམ་དུ་གཏན་ནས་མི་འདུག་ཟེར་བཞིན་མིག་ཆུ་གཏོང་བཞིན་མཆིས། ཕ་དོན་འགྲུབ་ཀྱིས་བསོད་ནམས་ལྷ་མོའི་བུ་ཕྲུག་གཉིས་ཀྱིས་མགོ་ལ་ལག་པས་བྱིལ་བྱིལ་གནང་བཞིན། ངའི་བུ་མོའི་མི་ཚེ་ནང་དུ་དཀའ་ལས་ཁག་པོ་བྱུང་སོང་བསམ་བཞིན་དབུགས་རིང་ཞིག་ཀྱང་དབང་མེད་དུ་ཤོར།
དུས་དེ་ནས་བཟུང་སྟེ་བུ་མོ་བསོད་ནམས་ལྷ་མོ་དང་བུ་ཕྲུག་གཉིས་ཕ་དོན་འགྲུབ་ཀྱི་ནང་དུ་བསྡད་ཅིང་། འདས་ཟིན་པའི་གནས་ཚུལ་རྣམས་བརྗེད་པའི་ཚུལ་དུ་སྔ་རྒྱུན་ཇི་བཞིན་བསོད་ནམས་ལྷ་མོས་ཐད་གཏོང་ལམ་ནས་ཁོ་མོའི་ཉིན་རེའི་མི་ཚེ་འཚོ་བ་རོལ་སྟངས་སྐོར་སོགས་སྟོན་གྱི་ཡོད་པས། མི་ཚང་མས་སྔར་ལྷག་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། སྐབས་རེ་ཕ་དོན་འགྲུབ་མཉམ་དུ་བུ་མོ་བསོད་ནམས་ལྷ་མོ་སྨན་རྩྭ་སྒྲུབ་ཏུ་ལ་ལུང་མོ་བརྒལ་ཏེ་འགྲོ་ཡི་ཡོད་ཅིང་། སྨན་རྩྭ་སྒྲུབ་ཞོར་སྨན་རྩྭའིའགྲེལ་བཤད་སྐྱོན་གྱི་ཡོད་པ་རེད། དེ་འདྲའི་གནས་བཞིན་པའི་སྐབས་ཤིག་ལ།
ཉིན་གཅིག་དགོང་མོ་བསོད་ནམས་ལྷ་མོས་བུ་ཕྲུག་གཉིས་ཉལ་སར་ཉལ། བསོད་ནམས་ལྷ་མོ་དང་ཕ་དོན་འགྲུབ་གཉིས་བརྙན་འཕྲིན་ལྟ་བཞིན་བསྡད། དེ་ནས་བསོད་ནམས་ལྷ་མོས་དེ་རིང་ཐད་གཏོང་བྱ་དགོས་དྲན་ནས་ལངས་ཏེ་ཐབ་ཚང་དུ་ཕྱིན།
བསོད་ནམས་ལྷ་མོས་དཔར་ཆས་བཙུགས་ནས་གྲ་སྒྲིག་བྱ་བཞིན་སྐབས་དེར་ཕྱི་སྒོ་རྡུང་བ་དང་། བསོད་ནམས་ལྷ་མོས་འགྲུལ་པ་ཞིག་ཡིན་རྒྱུ་རེད་བསམ་ནས་སྣང་བ་རྣམ་རྟོག་གང་ཡང་མེད་པར་ལམ་སང་སྒོ་ཕྱེས། དེ་ནི་མི་གཞན་སུ་མིན་པ་ཝང་ཧང་ཡིན་པས། བསོད་ནམས་ལྷ་མོས་ཁྱེད་འདིར་ཡོང་ནས་ག་བྱེད་ཀྱི་ཡོད་ཅེས་བཀག་ཐབས་བྱས་རུང་། ཝང་ཧང་སྐྱེས་པ་ཡིན་པ་སོང་། ཤུགས་ཡོད་ཚད་ཀྱིས་རྦུད་རྒྱག་བཏང་ནས་ནང་དུ་བཙན་གྱིས་འཛུལ་འོང་། དང་ཐོག་ཝང་ཧང་གིས་ངག་འཇམ་པོའི་ཐོག་ནས་ཁྱོད་ང་མཉམ་དུ་ཕྱི་འགྲོ་རོགས་བྱོས་ཟེར། བསོད་ནམས་ལྷ་མོ་ད་ནི་ངས་སེམས་བཅད་ཟིན་པ་ཡིན་ན། ཁྱོད་ཀྱིས་བསད་བཏུབས་གང་བྱས་རུང་ཁྱོད་མཉམ་དུ་གཏན་ནས་ཕྱིར་མི་འགྲོ་ལ་སོགས་མང་པོ་ཞིག་བཤད་རེས་བྱས། ད་ནི་བསོད་ནམས་ལྷ་མོའི་ཉན་ས་མ་རེད་བསམ་ནས་ཝང་ཧང་ཁོང་ཁྲོ་ལངས་ཏེ་དེ་འདྲ་ཡིན་ན་ཟེར་ནས་ཐབ་ཚང་གི་འགྲམ་དེ་ས་སྣུམ་བཞག་ཡོད་པ་དེ་ཝང་ཧང་གིས་བཟུང་སྟེ་བསོད་ནམས་ལྷ་མོའི་ལུས་ཐོག་ཤོད།
སྐབས་དེར་བསོད་ནམས་ལྷ་མོའི་གཅུང་མོས་ཐད་གཏོང་ལྟ་བཞིན་ཡོད་པ་གློ་བུར་ཁ་པར་ས་ལྷུང་བ་དང་། བསོད་ནམས་ལྷ་མོས་སྐད་བརྒྱབ་ཀྱི་ཡོད་པ་ཐོས་རྗེས། ལམ་སང་གཅུང་པོ་ལ་ཁ་པར་བཏང་ནས་ད་ལྟ་རང་ངས་ཨ་ལྕགས་ཀྱི་ཐད་གཏོང་ལྟ་བཞིན་ཡོད་པས། ཅི་ཡང་མི་མཐོང་བ་གྱུར་ཅིང་། ཨ་ལྕག་གི་ངུ་སྐད་གོ་ཡི་འདུག་ན། གཅུང་པོ་ལྟ་རང་ང་ཚོའི་ནང་ལ་གཅིག་ལྟ་བར་ཕྱིན་དང་། ཨ་ལྕག་གནས་ཚུལ་ངན་པ་ཞིག་ལྷག་ཡོད་ས་རེད་ཟེར་བ་དང་། གཅུང་པོ་ཉི་མ་ལམ་སང་གྱོན་ཆས་གྱོན་ནས་ལྟ་བར་ཕྱིན། ཕྱི་སྒོ་རྒྱབ་མེད་པ་མཐོང་ནས་ལམ་སེང་ནང་དུ་རྒྱུགས་ཕྱིན་པ་དང་། ཐབ་ཚང་ནས་སྐད་སྒྲ་ཐོས་རྗེས་དེའི་ཕྱོགས་སུ་ཕྱིན། ཧང་བསང་དགོས་པ་ཞིག་ལ་བསོད་ནམས་ལྷ་མོ་གཟུགས་པོ་ཡོངས་རྫོགས་རློན་པ་གྱུར་ཡོད་པས། ཉི་མ་ཨ་ལྕགས་སར་ཡོང་གྲབས་བྱེད་དུས་ང་སར་མ་ཡོང་མ་གཏོགས་ངའི་གཟུགས་པོ་ཚང་མ་ས་སྣུམ་ཡིན། དེ་ལས་ཉེན་རྟོག་པར་ཁ་པར་གཏོང་ཟེར། གཅུང་པོ་ཉི་མ་ཧ་བསང་བཞིན་ལྟས་ངན་ཁོ་རེད་འདུག་པ་ཟེར་བཞིན་འགྲོ་གྲབས་བྱས། སྐབས་དེར་གྲོང་པ་ཚོར་ཡང་སླེབས་ཤིང་འུར་སྒྲས་ཁེངས། ཝང་ཧང་ཁྱོད་ཀྱི་གང་ཞིག་བྱེད་ཀྱི་ཡོད་ཟེར་བ་དང་། ཝང་ཧང་གིས་ཁྱོད་རང་ཚོ་ངེད་གཉིས་ཀྱི་བར་དུ་ཇུས་ཏོག་ཡོད་མ་རེད་རེད། དེ་རིང་ངས་མོ་གསོན་བསྲེགས་གཏོང་རྒྱུ་ཡིན་ཞེས་ལབ་མ་ཐག་ལག་ཏུ་ཙག་སྒྲ་བཟུང་ཡོད་པས། ཙག་སྒྲ་ལ་མེར་སྤར་ཏེ་བསོད་ནམས་ལྷ་མོའི་ལུས་ཐོག་ཏུ་འཕང་། དེ་མ་ཉིད་དུ་གཟུགས་ལུས་ཡོངས་རྫོགས་མེ་ཕུང་དུ་གྱུར་ཅིང་། བསོད་ནམས་ལྷ་མོས་ཨ་མ་ཞེས་སྐད་ངན་ཤོར་བ་དང་། ལམ་སང་སྤུན་མཆེད་ཉི་མས་ལག་ཏུ་ཆུ་འཁྱེར་ནས་སྟོར། བསོད་ནམས་ལྷ་མོ་སྐད་སྒྲ་དེ་ཉིད་ཕ་དོན་འགྲུབ་ཀྱིས་གོ་ནས་ཉལ་ས་ནས་འདུ་མ་རྒྱུགས་ཀྱི་ཡོང་། མེ་འབར་བཞིན་ཡོད་ཅིང་། ཕ་དོན་འགྲུབ་མེ་ཕུང་དཀྱིལ་དུ་མཆོང་གྲབས་སྐབས་སུ་གྲོང་པ་ཚོས་བཟུང་། མཐར་མེ་བསད་ཐུབ་ཙམ་བྱུང་བ་དང་། མི་ངན་ལག་དམར་དེ་མ་ཉིད་དུ་བྲོས་ཟིན་འདུག་ཅིང་། ཉེན་རྟོག་པ་ཚོ་ཡང་སླེབས་ཤིང་། བསོད་ནམས་ལྷ་མོ་ནི་གཟུགས་པོ་ཕྱེད་ཀ་འཚིག་ཟིན་ཡོད། ལམ་སང་སྨན་ཁང་དུ་འཁྱེར་ནས་ཕྱིན། སྨན་པ་ཚོ་ཡང་བསོད་ནམས་ལྷ་མོའི་གཟུགས་པོ་དེ་དག་མཐོང་དུས་རང་དབང་མེད་པ་མིག་ཆུ་ཤོར། སྨན་པས་བརྗོད་ན་བརྒྱ་ཆ་དགུ་ཅུ་འཚིག་འདུག་པ་དང་། དེ་འདིར་ཕྱོགས་སུ་སྨན་བཅོས་བྱ་བ་ལས་གྲོང་ཁྱེར་དུ་འཁྱེར་ཕྱིན་ན་བཟང་བ། ཕལ་ཆེར་གསོན་པོ་གནས་ཁག་པོ་རེད། ཡིན་ནའང་ཧ་ཡ་ཡོད་མ་རེད་ཟེར།
དེ་ནས་ཕ་དོན་འགྲུབ་ཀྱིས་བུ་མོ་གསོན་པོར་གནས་ཐབས་ལ་འགྲོ་སོང་ག་ཚད་ཕྱིན་རུང་ཐབས་ཤེས་བྱ་རྒྱུ་ཡིན་ཟེར། དེ་ནས་གྲོང་ཁྱེར་གྱི་སྨན་ཁང་དུ་འཁྱེར་ནས་ཕྱིན། གྲོང་ཁྱེར་སྨན་ཁང་དུ་སླེབས་པ་དང་། ལམ་སེང་སྨན་ཁང་དུ་ཉལ་བ་དང་། སྨན་བཅོས་བྱེད་མགོ་བཙུགས། སྨན་པས་བརྗོད་ན་དེ་འདྲ་ཞིག་འཚིག་ཟིན་འདུག་ན་གསོན་རྒྱུ་དཀའ་ལས་ཁག་པོ་རེད་ཟེར། གནས་ཚུལ་དེ་དག་ས་གནས་གང་སར་ཁྱབ་ཅིང་། བསོད་ནམས་ལྷ་མོ་ལ་གདུང་སེམས་སྐྱེད་བྱ་མཁན་བྱ་རྒྱུ་ཙམ་ལས་ལྷག་མེད། བསོད་ནམས་ལྷ་མོ་ནི་གཟུགས་པོ་ཉིན་རེ་བཞིན་ཛ་དྲག་ཏུ་ཕྱིན།
དེ་ནས་དགོང་མོ་འགྱུར་ཅིང་། འཇམ་ཐེངས་ངེར་གྱུར་བའི་དུས་དེར་བསོད་ནམས་ལྷ་མོས་ཕ་སྐད་བཏང་སྟེ། ཨ་ཕ་ལགས་ངས་ཁྱེད་ལ་མི་ཚེ་ནང་དུ་ཕན་ཐོགས་རྒྱུ་ཚབ་ཏུ་ཁྱེད་ལ་དཀའ་ལས་ཁག་པོ་བཟོས་སོང་། ཨ་ཕ་ལགས་ངས་དེ་རིང་ཁྱེད་ལ་བཟོད་བསོལ་ཞུ་རྒྱུ་ལས་ལྷག་མ་སོང་། ཨ་ཕ་ལགས། ཁྱེད་ཀྱི་ཞལ་ལ་ཉན་ཡོད་ཚེ་ད་ལྟའི་གནས་སྟངས་དེ་ལྷག་ཡོད་རྒྱུ་མ་རེད། ཡིན་ནའང་ང་རང་གི་ལས་དབང་གིས་སྐོས་ཐང་ལ་དེ་འདྲ་ཞིག་ལས་མེད་ཡིན་རྒྱུ་རེད། དྲིན་ཅན་ཨ་ཕ་ལགས་དགོངས་པ་མ་ཚོམས་རོགས། མཐའ་མཇུག་ངས་ཨ་ཕ་དང་སྤུན་མཆེད་གཉིས་ལ་རེ་བ་གཅིག་ལས་མེད་ཅིང་། ངས་སྙིང་ནས་བརྩེ་བའི་བུ་ཕྲུག་གཉིས་ལ་ཡག་པོ་བལྟ་རོགས་བྱོས། ད་ནི་ངའི་རེ་བ་ཉག་གཅིག་ཡིན། ངས་རེ་བ་དེ་ལས་མེད། ཨ་ཕ་ལགས་ད་སེམས་སྡུག་བྱེད་མ་འདུག་ཟེར་བཞིན་དབུགས་ཀྱི་རྒྱུ་བ་ཆད། སྐབས་དེར་ཕྱི་ལོགས་སུ་སྨན་ཁང་གི་གོ་ར་ལ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་ལྷུང་ཞིང་། རླུང་བུ་གྲང་ཤུ་རུ་རྒྱབ་བཞིན་པ་བལྟས་ཚེ། ནམ་མཁའི་ལྷ་མོ་ཡང་བུ་མོ་བསོད་ནམས་ལྷ་མོ་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་པར་མཚོན། བསོད་ནམས་ལྷ་མོའི་ཉེ་འཁོར་དུ་ཕ་དོན་འགྲུབ་དང་སྤུན་མཆེད་རྣམས་ཀྱིས་སྐོར་ཞིང་། ཚང་མ་སྐྱོ་གདུང་གིས་མིག་ཆུ་སར་ཟགས་བཞིན་མཆིས་ལ། བསོད་ནམས་ལྷ་མོའི་བུ་མོས་ཨ་མ་ཁྱོད་གཉིད་མ་ཁུག་ཡར་ལོངས་དང་ཟེར་བཞིན་ཉལ་ཆས་ཀྱི་རྩེ་མོ་ནས་འཐེན་བཞིན་མཆིས།
དེ་ཡོད་ཀྱི་མི་ཚང་མས་དེ་དག་མཐོང་དུས་རང་བཞིན་མེད་པ་མིག་ཆུ་མི་ཤོར་མཁན་སུ་ཞིག་ཡོད་སྲིད། དེ་ནས་ནང་མི་རྣམས་ཀྱིས་གྲོངས་མཁན་གྱི་ཕུང་པོ་ཕྱིར་ནང་དུ་འཁྱེར། ཆོས་ལྡན་ཚང་གི་ཁྱིམ་དུ་གྲྭ་བཙུན་འགའ་ཤས་ཤིག་གདན་འདྲེན་ཞུས་ནས་སྨོན་ལམ་གསུང་བཞིན་ཡོད་པ་དང་། དེ་ནས་ཁ་བ་ལྷབ་ལྷུབ་ཉིན་མཚན་མེད་པ་འབབ་ཅིང་། ལུང་པའི་རི་ལུང་སྟོད་སྨད་དཀར་གཡུག་ཅིག་ཏུ་ཁྱབ་ལྟར་གྱུར་ཡོད། དེ་ནས་ཉིན་གསུམ་ཟིན་རྗེས་གྲོངས་པའི་སྐྱེ་པ་ཚོ་ཡོང་ནས་ཕུང་པོ་རི་ལ་འཁྱེར་ནས་ཕྱིན། དེ་ཉིན་ནི་གནམ་གཤིས་ཧ་ཅང་གྲང་ཞིང་། ཁ་བ་ལྷབ་ལྷུབ་འབབ་བཞིན་ཡོད་པས། དེ་ཉིད་བྱ་རྒོད་འབབ་ས་མ་རེད་སྙམ་སྟེ་ཕུང་པོ་འཁྱེར་མཁན་ཚང་མ་སེམས་ཁྲལ་གྱིས་གནས་སུ་ལྷུང་། རིམ་གྱིས་གནམ་གཤིས་དངས་ཤིང་། ཉི་མའི་འོད་མདངས་ཀྱིས་ས་གཞི་ཡོངས་སུ་ཁྱབ་སྟེ། རིམ་གྱིས་བྱ་རྒོད་རྣམས་འབབ་མགོ་བཙུགས། ཕུང་པོ་འཁྱེར་མཁན་རྣམས་ཀྱི་བསོད་ནམས་ལྷ་མོའི་གཟུགས་པོ་མེས་འཚིག་པ་དེ་དག་མཐོང་དུས་རང་དབང་མེད་མིག་ཆུ་ཤོར་ཞིང་། འགྲོ་བ་རིགས་དྲུག་སེམས་ཅན་སུ་ཞིག་ལ་འདི་འདྲ་མ་འབྱུང་བར་ཤོག་ཅེས་སྨོན་ལམ་འདེབས་བཞིན། འགའ་ཤས་ཀྱིས་དེ་འདྲའི་བཟའ་ཟླ་ཐབས་སྡུག་གཅིག་རེད་ཅེས་བརྗོད་དེ་ཁོང་ཁྲོ་ལངས་པའི་རྣམ་པ་མངོན། འགའ་ཤས་ཀྱིས་བུད་མེད་སུ་འདྲ་ཞིག་ཡིན་རུང་ཁྱོ་ག་དེ་འདྲའི་ལག་ཏུ་མ་ཚུད་པར་ཤོག་ཟེར།
རིམ་གྱིས་བྱ་རྒོད་རྣམས་འབབ་ནས་སྐད་ཅིག་ཉིད་ལ་ཕུང་པོ་ཟས། བསོད་ནམས་ལྷ་མོ་མི་ཚེའི་ལོ་རྒྱུས་དེ་ནས་མཇུག་རྫོགས་པ་རེད། ཡིན་ནའང་བསོད་ནམས་ལྷ་མོ་མཛེས་སྡུག་གི་ལང་ཚོ་དང་། ངག་གི་དབྱངས་རྟ་སྙན་མོའི་འགྱུར་ཁུག་མི་རྣམས་ཀྱིས་སེམས་ནང་དུ་གསོན་པོར་གནས་ཡོད་པ་རེད། བསོད་ནམས་ལྷ་མོ་གཞས་ག་དུས་ཉན་པ་ཡིན་ན་མི་རྣམས་ཀྱིས་བསོད་ནམས་ལྷ་མོའི་རྣམ་འགྱུར་དང་། མཛེས་སྡུག་ལང་ཚོ་སོགས་སེམས་ངོགས་སུ་གསོན་པོར་དྲན་གསོ་བྱེད་ཀྱི་ཡོད་ལ། ང་ཚོར་དེ་འདྲའི་མཛེས་སྡུག་གི་ལང་མཚོ་དང་། དབྱངས་རྟ་སྙན་པོ་དེ་འདྲའི་ཡོད་རུང་། གློ་བུར་དུ་མ་རུང་གཟའ་འདྲེ་ངན་པས་འཇིགས་པ་རེད་བསམ་ནས་ཕམ་སེམས་དབང་མེད་སྐྱེས་ཀྱི་ཡོད་པ་རེད།
ལྷག་པར་སྐབས་དེར་མི་ཚང་མས་བསོད་ནམས་ལྷ་མོ་ཕྱོགས་ཀྱི་རུབ་བཞིན་པ་སྐབས་དེར། བལྟས་ངན་ཝང་ཧང་དེ་མ་ཉིད་དུ་བྲིས་ནས་ཕྱིན། ཉེན་རྟོག་པས་ཁོ་གང་དུ་ཕྱིན་སོང་ཟེར་ནས་གཡས་གཡོན་འཚོལ་ཡང་མ་རྙེད། ཁོ་བྲོས་ཕྱིན་པ་ཤེས། གཡས་གཡོན་གྱི་ཉེན་རྟོག་པ་ཚང་མ་ལ་འབྲེལ་བ་བྱས་ནས་མཐར་ཉེན་རྟོག་པས་འཇུ་བཟུང་བྱེད་ཐུབ་པ་བྱུང་ཞིང་། འཛམ་གླིང་གི་གསར་འགྱུར་གང་སར་ཁྱབ་ཅིང་། ལག་དམར་བ་ཝང་ཧང་སྲོག་ཐོག་བཏང་དགོས་པའི་ས་གནས་གང་སར་ནས་སྙན་ཞུ་འབྱོར། གྲོངས་མཁན་བསོད་ནམས་ལྷ་མོའི་ཕ་དོན་འགྲུབ་དང་སྤུན་མཆེད། གྲོང་པ་ཁྱིམ་མཚེས་སོགས་ཀྱིས་དཔང་པོ་བྱས་ཏེ་ལག་དམར་ཝང་ཧང་ཁྲིམས་ལུགས་འོག་ནས་སྲོག་ཐོག་བཏང་བ་རེད། མཐའ་དོན་དེ་ནི་ང་ཚོ་ཚང་མའི་གཉེན་སྒྲིག་བྱ་རྒྱུ་ཕན་ཚུན་རྒྱུན་ལོན་ཡག་པོ་ཞིག་མ་བྱས་པ་གཉེན་སྒྲིག་གནང་བ་ཡིན་ན། མི་ཚེའི་མཐའ་མཇུག་དེ་འདྲ་ཞིག་ལས་ཡོང་རྒྱུ་མེད་པ་རེད། གོང་གི་དངོས་སྒྲུང་དེ་དག་སེམས་སུ་བཟུང་ནས་རང་གཞན་ཚང་མའི་ཡིད་གཟབ་གནང་དགོས་པ་རེད་དོ། ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས། ༢༠༢༢/༡༡/༢༤ ཉིན་མོར།
ReplyForward |
ཆོས་མེད་ཀླ་ཀློ་ལ་མི་ཚེའི་མདུན་གྲོགས་དང་བློ་གཏད་ཡིད་ཆེས་མང་དྲག་ན་མཐའ་མ་ལམ་ངན་ཞིག་ཏུ་སླེབས་རྒྱུ་ཡིན་པ་ནི་བོད་མི་རིགས་ལ་འཕྲད་པའི་དཀའ་ངལ་ནས་ཤེས་ཐུབ་པ་མ་རེད་དམ་། ཨ་ཁ་། ལུས་ཅན་རྣམས་ཀྱི་ལས་རྣམས་ནི་། སྐལ་པ་བརྒྱར་ཡང་ཆུད་མི་ཟ་།
ཚོགས་ཤིང་དུས་ལ་བབ་པ་ན་། འབྲས་བུ་སྨིན་པ་ཉིད་དུ་རྒྱུར་།
གཞུང་པ་ཚེ་དབང་བསོད་ནམས་ལགས། སྐུ་ཉིད་ཀྱིས་རྩོམ་ཡིག་དེ་དག་ཞིབ་ཀློག་གནང་བ་ཙམ་དུ་མ་ཟད། མཆན་འབྲི་གནང་བར་བཀའ་དྲིན་ཆེ་གནང་།
ཞིབ་ཀློག་བྱས་དུས་རྒྱལ་རོང་ལྷ་མོའི་སྒྲུང་ཡིན་པ་ཤེས་སོང་། འོན་ཀྱང་ཕྱོགས་གཅིག་མ་གཏོགས་ཕྱོགས་གཞན་པས་བཤད་པའི་གཏམ་གཅིག་ཀྱང་མི་འདུག མོ་རང་ལ་མཚོན་ནའང་སྐྱོན་ཆ་ཡོད་སྲིད། དེ་མིན་ལོ་མང་པོ་ཞིག་བསྡད་འདུག མིའི་རང་གཤིས་ལོ་མང་རིང་གསང་ག་ལ་ཐུབ། ཟླ་ཤས་ནས་མངོན་ཡོང་། ཟླ་ཤས་རྗེས་སུ་མག་པ་ཡག་པོ་ཡོད་མེད་ཤེས་ལོས་ཐུབ། གང་ལྟར་གཉིས་ཀ་སྙིང་རྗེ་རེད། ཕྱི་མའི་ཡུལ་ལ་སོང་ཚར་བ་རེད། །
ལགས་སོ། རིག་བྱུང་རིག་པའི་རྡོ་རྗེ་ལགས། ཞིབ་ཀློག་གནང་བར་བཀའ་དྲིན། གང་ལྟར་མ་འོངས་པ་དེ་རིགས་ཀྱི་ཐོག་ལ་ཡིད་གཟབ་གནང་དོན་པའི་བརྡ་ཙམ་ཡིན་ཁུལ་རེད་ལགས།
ལགས་སོ། རིག་བྱུང་རྡོ་རྗེ་ལགས། ཞིབ་ཀློག་གནང་བར་བཀའ་དྲན་ཆེ། གང་ལྟར་མ་འོངས་པ་དེ་རིགས་ཀྱི་ཐོག་ལ་ཡིད་གཟབ་དགོས་པའི་བརྡ་ཙམ་ཡིན་ཁུལ་རེད་ལགས། དེ་བཞིན་གོང་གི་མཆན་དེར་ཚིག་འགའ་ཤས་ནོར་འདུག་ན་ནོར་བཅོས་དང་འབྲེལ་དགོངས་འགལ་མེད་པ་ཞུ།