སོག་རྫོང་བཀྲ་ཤིས་རྒྱལ་པོ།
མེ་སོགས་རང་དབང་ཐོབ་པའི་བླ་མ་དང་།།
མེ་འབར་རལ་གྲི་ཐོགས་པའི་ཤེས་རབ་ལྷ།།
མེ་སྤུངས་ཁྲོད་ན་བཞུགས་པའི་ཡི་དམ་ཚོགས།།
མེ་ཡི་རིན་ཐང་གླེང་ལ་གྲོགས་དན་མཛོད།།
མེ་འདི་དང་པོ་མེ་ཟླུམ་དབང་པོས་བསྐྱེད།།
མེ་འདིས་གྲང་རེག་འཇོམས་ཤིང་མུན་པ་སེལ།།
མེ་འདི་གཅན་གཟན་གཏུམ་པོར་རྒོལ་ཕྱིར་སོགས་།།
མེ་འདི་མི་ལ་མེད་ཐབས་མེད་པར་གྱུར།།
མེ་ཡིས་དངུལ་སྒོར་འཚིགས་ཀྱང་བསྐྱར་བསག་ཆོག།
མེ་ཡིས་མཁར་རྫོང་བསྲེགས་ཀྱང་གསར་བཞེངས་ཆོག།།
མེ་ཡིས་ནགས་ཤིང་བསྲེགས་ཀྱང་བསྐྱར་གདབ་ཆོག།།
མེ་ལྕེ་དེ་ཚོས་བདག་སེམས་གཡོས་མ་་གྱུར་།།
མེ་འདི་མ་རིག་གསལ་བའི་ཡེ་ཤེས་མེ།།
མེ་འདི་ཉེས་ལྟུང་སེལ་བའི་ཚུལ་ཁྲིམས་མེ།།
མེ་འདི་ལྷག་བསམ་གཡོ་མེད་ཏིང་འཛིན་མེ།།
མེ་འདི་བསྐྱེད་མཁན་བསླབ་གསུམ་ཉམས་ལེན་མངའ།།
མེ་འདི་ཁོང་ཁྲོ་མེད་པས་བཟོད་པའི་མེ།།
མེ་འདི་གཞན་ཕན་སྤྲོ་བས་བརྩོན་འགྲུས་མེ།།
མེ་འདིར་རང་ལུས་མཆོད་པས་སྦྱིན་པའི་མེ།།
མེ་ལྕེ་འདི་ཚོར་ཕར་ཕྱིན་དྲུག་དང་ལྡན།།
མེ་འདི་གཞན་གནོད་གཞི་བྲལ་ཞི་བའི་མེ།།
མེ་འདིས་དྲག་གནོན་འཇོམས་པས་ཞི་བའི་མེ།།
མེ་འདིས་ཕ་རོལ་མ་བསྲེགས་ཞི་བའི་མེ།།
མེ་འདི་འཚེ་བ་ཀུན་བསལ་ཞི་བའི་མེ།།
མེ་འདི་སྡུག་བསྔལ་ནག་པོ་བསྲེགས་པའི་མེ།།
མེ་འདི་ཕམ་ཁའི་རྩ་བ་གཅོད་པའི་མེ།།
མེ་འདི་བཙན་རྒྱལ་དམར་པོར་རྒོལ་བའི་མེ།།
མེ་འདི་་བླང་དོར་གནས་ལུགས་སྟོན་པའི་མེ།།
མེ་འདི་རྒྱ་དམར་སྲིད་བྱུས་མཐོང་བྱེད་མེ།།
མེ་འདི་བོད་འབངས་སྡུག་བསྔལ་གསལ་བའི་མེ།།
མེ་འདི་བདེན་རྫུན་གནས་ལུགས་འཇལ་བྱེད་མེ།།
མེ་འདི་བསྟན་སྲིད་རང་དབང་བསྐྱེད་བྱེད་མེ།།
མེ་འདི་བོད་མི་གཉིད་ལ་སློང་བའི་མེ།།
མེ་འདི་རྒྱ་དམར་གོ་བརྡ་སྤྲོད་པའི་མེ།།
མེ་འདི་རྒྱ་མིའི་གཞན་དབང་་སྤོང་བྱེད་མེ།།
མེ་འདི་བོད་རིགས་རང་དབང་ལེན་བྱེད་མེ།།
མེ་འདི་ལྷག་བསམ་ཅན་གྱིསསྤར་བའི་མེ།།
མེ་འདི་སྙིང་སྟོབས་ཅན་གྱིས་སྤར་བའི་མེ།།
མེ་འདི་བློ་གྲོས་ཅན་གྱིས་སྤར་བའི་མེ།།
མེ་འདིའི་རིན་ཐང་སྙུག་གུས་མཚོན་ཐབས་བྲལ།།
མེ་འདི་ལོ་རྒྱུས་ནང་དུ་འགོད་འོས་མེ།།
མེ་འདིབསྔགས་བརྗོད་བྱེ་བ་བྱ་འོས་མེ།།
མེ་འདི་མཆོད་པ་གྲངས་མེད་འབུལ་འོས་མེ།།
མེ་འདི་མི་བརྗེད་སེམས་ལ་འཇོག་འོས་མེ།།
མེ་འདི་སྙན་ངག་པ་ཡི་བརྗོད་བྱ་གྱིས།།
མེ་འདི་གླུ་བ་རྣམས་ཀྱི་དབྱངས་རྟ་གྱིས།།
མེ་འདི་དགེ་འདུན་རྣམས་ཀྱི་བསྔོ་བྱ་གྱིས།།
མེ་འདི་བོད་འབངས་ཀུན་གྱི་དྲན་བརྟེན་གྱིས།།
མེ་ཡིས་རང་མཛུབ་འཚིག་པའི་ན་གཟུགས་དཔེས།།
མེ་ཡིས་གཞན་ལུས་བསྲེགས་པའི་སེམས་ཤུགས་དེ།།
མེ་རུ་མ་བསྲེགས་བསྡད་པའི་རང་རིགས་ཚོགས།།
མེ་འདི་འགྲིག་ནོར་གླེང་འོས་མ་མཆིས་སོ།།
མེ་ལ་བསྲེགསཔའི་་གཞིས་བྱེས་བོད་མི་་ཀུན།།
མེ་ལྕེས་ཕྱི་ཡི་ཕུང་པོ་འབར་ན་ཡང་།།
མེ་ཡིསའཚིག་མེད་ནང་གི་ལྷག་བསམ་དེ།།
མེ་ཟླུམ་ཉི་མ་བཞིན་དུ་གསལ་གྱུར་ཅིག།།
ཡུལ་ཝཱརཱཎཱསིའི་སློབ་དཔོན་ལོ་དང་པོའི་སློབ་གཉེར་བ་ཨཱཅཱརྱ་སོག་རྫོང་བཀྲ་ཤིས་རྒྱལ་པོས་བོད་ཀྱི་རྒྱལ་གཅེས་སྒྲོན་མེ་རྣམས་རང་གི་སེམས་འདིས་བྱས་པ་དྲིན་མེད་དུ་མི་བསྐྱུར་བའི་ཕྱིར་སེར་བྱེས་འབྲིང་རིམ་སློབ་གྲྭའི་་ལས་ཤག་ཏུ་བོད་དགེ་བའི་རྒྱུ་རུ་གྱུར་ཅིག་གོ། བོད་རྒྱལ་ལོ་། བོད་ཀྱི་བདེན་པ་རྒྱལ་ལོ།།
གྲོགས་པོ་བཀྲ་ཤེས་རྒྱལ་པོ་ལགས། རྩོམ་འདི་ཡག་པོ་བྲིས་འདུག་ཨཱ།
རྒྱལ་པོའི་རྒྱགས་བཤད་འདི་ལེགས་པོ་འཁྱོངས་འདུག་པས་དགའ་བསུ་ཞུ། དྲ་རྒྱའི་འཇིག་རྟེན་འདིར་ཕེབས་ཏེ་བསམ་ཚུལ་གང་མང་བརྗོད་རྒྱུའི་རེ་བ་ཆེ།
མེ་ཡིས་བདེན་པ་གསལ་བཤད་བྱས།།
མེ་འདི་མི་རིགས་སྐྱོབ་པའི་མེ།།
མེ་ཡི་ཆོད་སེམས་གསལ་བའི་མེ།།
མེ་འདིས་ཁ་ནས་ཞི་བདེ་སྐྱུག།
མེ་དང་མེ་ཡིས་མི་རིགས་བསྐྲུན།།
མེ་ཟླུམ་དཔའ་བོས་གད་རྒྱངས་དག།
མེ་ཡིས་སྲེག་ཀྱང་སླར་ཡང་འབར།།
མེ་ལྷའི་གཟུགས་སྤྲུལ་རྩ་གསུམ་ལ་བཏུད་ནས། །
མེ་ཡིས་རང་ལུས་བསྲེགས་ཤིང་སྲོག་མེར་སྒྲོན། །
མེ་ཡིས་མེ་མདོག་སྐར་ཅན་རྒྱལ་དར་བསྲེགས། །
མེ་ཡིས་དྲང་བདེན་ནོར་བུ་དགའ་འཁྱིལ་འབར། །
མེ་འོད་འོད་ཀྱིས་མ་རིག་མུན་པ་བསལ། །
མེ་དྲོད་དྲོད་ཀྱིས་སྡུག་བསྔལ་འཁྱག་པ་བཞུར། །
མེ་སེམས་སེམས་ཀྱིས་རང་གི་སེམས་ཤུགས་སྤར། །
མེ་ལྷ་ལྷ་ཡིས་བོད་དོན་གྲོགས་མཛོད་ཅིག །
མེ་ཏོག་པ་ཏྲའི་ལས་འགུལ་སྒྲུབ་དཀའ་ལ། །
མེ་རྒོལ་རང་སྲོག་གཏོང་བ་དེ་བས་ཀྱང་། །
མེ་གོར་འཕུར་འདོད་མཁན་ཚོས་སྲིད་མཐའ་ཙམ། །
མེ་ལོང་ནང་ལ་བལྟས་པ་བཞིན་དུ་གསལ། །
མེ་སྟག་ཙམ་གྱི་ཚ་སྲེག་བཟོད་དཀའ་མོད། །
མེ་མདའི་ཁ་རུ་བདེན་པའི་གད་རྒྱངས་ཀྱིས། །
མེ་ལྕེའི་ཀློང་དུ་ཚེ་སྲོག་མཆོད་པ་དེས། །
མེ་འཁྱེར་ལྟ་བུའི་འགྲན་སེམས་ཅན་དག་བཀོང་། །
སྐུ་ཉིད་གྲགས་མེད་འགུལ་མེད་དུ་གྱུར་ནས་རིང་ཞིག་འདས་པས་ཅི་ཡིན་ནམ་སྙམ་ཡང་། དེ་རིང་མེ་སོན་ཞིག་འཁྱེར་ནས་ཕེབས་པར་དགའ་ཡོད།
མེ་ཡི་འབྱུང་བ་གོ་ལའི་དཀྱིལ་ན་འབར་བའི་མེ།
མེ་ཡི་གྲོགས་ཀྱིས་གོ་ལ་དང་པོར་ཆགས་བྱེད་མེ།
མེ་དང་མཚུངས་པར་འབར་བའི་གངས་ཅན་རིག་གཞུང་མེ།
མེ་དེས་ཛམ་གླིང་ཡོངས་ལ་བོད་རིགས་ཡོངས་ལྷམ་མེ།།
མེ་རྩོམ་འདིས་དོན་གནད་གལ་ཆེན་འགའ་གླེང་འདུག་པས་་་་་མངོན་པར་བསྟོད་དོ།
༄༅།། མེ་རྩོམ་ཕུལ་དུ་བྱུང་བ་བྲིས་གནང་འདུག་པར་མངོན་པར་བསྟོད་ཅིང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་འོས་པའི་རྒྱུ་ཆ་མཚན་ལྡན་ཞིག་ཀྱང་ངོ་།
རྒྱ་ནག་ལ་གནའ་སྔ་མོར་མི་གཅིག་གིས་སྙན་ངག་ཤློོ་ཀ་རེ་བརྩམས་པའི་མཇུག་མི་གཞན་པ་དག་གིས་སྐྱོང་སྲོལ་ཡོད་པ་བཞིན་བོད་ཀྱི་རང་ལུས་མེ་སྲེག་གི་ལས་འགུལ་ལ་གྲུབ་འབྲས་མ་ཐོན་བར་དུ་རྩོམ་པ་པོ་དག་གིས་མེ་རྩོམ་རྒྱུན་འཁྱོངས་བྱ་བར་འབད་རིགས་སོ། །