ཀ་ཁའི་རྫི་བོ།
མེ་འཁོར་ཞེས་པའི་ལྕགས་སྒམ་རིང་མོའི་ནང་།།
སྐུ་དྲག་དག་གིས་ཀོ་སྒམ་ཆུང་ཆུང་རེ།།
ཁུར་ནས་ང་རྒྱལ་མགོ་བོ་འགྱོགས་ཐབས་སུ།།
རྐུབ་བཀྱགས་རིང་པོ་སྒང་ཚང་ལེབས་སེ་འཛིན།།
ཁྱིམ་བདག་ཕྱུག་པོས་འཁོར་གཡོག་མང་པོ་ཁྲིད།།
ཆུང་མས་བཟའ་བཅའ་བཏུང་བ་ལག་འགྲེམ་བྱེད།།
ལང་ཤོར་བྱིས་པའི་དོན་མེད་ངུ་རྒྱངས་ཀྱིས།།
བུ་རྫིའི་སེམས་ལ་བྲེད་ཤ་སློང་བྱེད་གྱུར།།
ཚོང་བའི་མིང་ཙམ་ཐོགས་པ་ལ་ལ་ཡིས།།
མགོ་བོར་ཚོང་རྫས་ཙག་ཙིག་ལྗིད་ཏིག་གེར།།
རྔུལ་ཆུ་འདོམ་གང་དྲུད་ནས་ཚོང་བཤད་རྒྱག།
འཚང་ཁའི་བར་ནས་མིག་ཟུར་ལྟ་མཁན་དཀོན།།
ད་དུང་རིད་ཅིང་ཤི་མདོག་བབས་པ་རེས།།
ཚ་བའི་ནང་ནས་ཉན་འདོད་མེད་པའི་ཚིག།
ཇ་དང་ཁོ་ཧྥེ་ཚ་བོ་ཚ་བོ་ཞེས།།
རྣ་བ་འོན་རག་བར་དུ་འཛེར་སྐད་རྒྱག།
རྐུན་མྱིག་བབས་པའི་ཕོ་གསར་སྐོར་ཅིག་གིས།།
མེ་འཁོར་མཐུད་མཚམས་གསང་སྤྱོད་སྒོ་བཟུང་སྟེ།།
མགྲོན་པོ་ཀུན་ལ་མིག་གིས་གྲུང་གྲུང་ལྟ།།
གོ་སྐབས་བྱུང་ན་ལྷམ་གོག་ཚུན་ཆད་བརྐུ།།
ཕོ་གདོང་མོ་ཡི་ཆ་ལུགས་ཅན་དག་གིས།།
ཐལ་མོ་རྡེབ་ཚེ་ལག་གདུབ་འཐབ་པའི་སྒྲས།།
རྣམ་རྟོག་ཚ་བའི་མི་བུ་ཅང་མེད་ཀྱི།།
རུམ་ནས་སྒོར་རྡོག་བཅུ་ལོར་ཤར་སེ་བཏོན།།
རྒས་ཤིང་འཁོགས་པའི་ལག་ཆད་རྐང་རྡུམ་རེ།།
འཁོར་སྒམ་སྲང་བར་མགོ་ནས་མཇུག་བར་དུ།།
ནུར་མ་གོག་གིས་ཞུ་བ་འཐེན་བྱེད་ཀྱང་།།
ན་གཞོན་ཕལ་ཆེར་རང་གི་སྣ་འགེབ་བོ།།
ཞེས་གྲོགས་པོ་རྙིང་བ་ཞིག་མེ་འཁོར་ནང་འགྲོ་བཞིན་པ་ལ་བཞད་གད་སློང་བྱེད་དུ་བྲིས།