རེབ་ཐོག་མདའ།
ཁོ་མོ་མིག་ནས་བོར་བའི་སྔ་གཞུག་ཏུ།།
བདག་གི་རེ་བ་ད་དུང་ལྷག་ནས་ཡོད།།
འཇིག་རྟེན་སྣང་བ་ཞིག་གི་ལས་འཕྲོ་སྟེ།།
བླ་མ་མཁྱེན་དཔྱོད་ཅན་གྱིས་བརླགས་དང་ཐལ།།
དུངས་སེམས་གཅིག་ལ་འདྲེས་པ་བདེན་པ་ཡིན།།
བརྩེ་བའི་མེ་ཏོག་ད་དུང་མ་བཞད་ཐལ།།
ཕ་མའི་དབང་གིས་མནན་པའི་བོད་ཁམས་ན།།
ན་ཆུང་ཟུང་ལ་སྡུག་གི་མུན་པ་ཞིག །
མཆི་མས་གདོང་བ་བརླན་པའི་གྱེས་བྲལ་འདི།།
བརྩེ་བར་གས་ཆག་ཤོར་བའི་སྔ་ལྟས་ཡིན།།
ན་ཟུག་ཁ་ནས་ཤོར་བའི་དབུགས་རིང་འདི།།
དཀར་ངོགས་ཟླ་བར་བཞག་པའི་སེམས་པ་ཡིན།།
ཉི་མའི་ཁུགས་ན་ནམ་ཟླ་གྲང་མོ་ཞིག །
ཟླ་བའི་འོག་ན་ལས་དབང་སྐྱུར་མོ་ཞིག །
གནམ་འོག་འདི་ན་བརྩེ་བ་བཅོས་མ་ཞིག །
ང་ལ་དབང་བའི་འཇིག་རྟེན་ཆ་མེད་ཅིག །
རི་བོའི་རྒྱབ་ནས་སྨིན་པའི་བརྩེ་བ་འདི།།
གཙང་བོའི་འགྲམ་ནས་བཞད་པའི་མེ་ཏོག་ཡིན།།
དུས་བཞིའི་ངོགས་ནས་འཛུམ་པའི་བརྩེ་བ་འདི།།
ད་ལོ་ཙག་གིས་བསྡམས་པས་གྲང་ཤུར་ཤུར།།
ཕ་ལོས་བཙན་གྱིས་གཏོར་བའི་བརྩེ་བ་འདི།།
མ་ལོ་ངུས་ཏེ་བཞུས་པའི་བརྩེ་བ་འདི།།
བླ་མའི་ཕྱག་ནས་བོར་བའི་བརྩེ་བ་འདི།།
ལྷད་མེད་སེམས་པ་ཞིག་གི་མྱ་ངན་ཡིན།།
རྨོངས་པའི་མི་རིགས་འདི་ཡི་མྱི་གྲལ་ན།།
ཡོད་ཚད་བླ་མར་བཅོལ་བའི་སྲོལ་ངན་ཞིག །
མི་ཚེ་ཁོ་མོར་བཅོལ་བའི་ལས་འབྲས་ཡིས།།
ཁེར་རྐྱང་བུ་ངའི་སེམས་པ་མེ་ལ་བསྲེགས།།
སྙན་མོ་ཞིག་བྲིས་ཡོད་ཀི། ཕར་བལྟས་ཚོད་ཀྱི་ཕ་ཡུལ་ན་ཡོད་པ་འདྲ།