རེབ་ཐོག་མདའ།
བརྩེ་བ་དེ
གྱང་ངོས་སུ་བཤངས་པའི་མེ་ལོང་དེ་ཡིན་ན
ཁྱོད་ཀྱི་དྭངས་གཙང་གི་སེམས་པ
མེ་ལོང་ཇི་བཞིན
བདག་གི་སེམས་ཁོང་དུ་ལན་གཅིག་འཆར་ན་སྙམ་ཡོད
མེ་ལོང་ལས
བདག་གིས་འཛུམ་མདངས་ཤིག་འཚོལ་ཀྱིན་ཡོད
སྤང་ཐང་གི་མེ་ཏོག་བཞད་འདྲའི་འཛུམ་ཆུང་ཞིག
འོན་ཀྱང་མེ་ལོང་ལས
ངོ་གདོང་གཞན་ཞིག་གི་འཛུམ་མདངས་ལས
ཁྱོད་རང་འཆར་མ་ཐུབ
དེར་བརྟེན་བདག་གིས
ཁྱོད་ཀྱི་གཟུགས་བརྙན་མེ་ལོང་ནང་དུ་ཐེངས་གཅིག་འབྲི་ན་སྙམ་ཡོད
མེ་ལོང་དེ
སུས་ཀྱང་མི་རྟོགས་པར
ངེད་གཉིས་ཁོ་ན་ལ་དབང་བའི་འཇིག་རྟེན་དེ་ཡིན་ན
བདག་གིས་མེ་ལོང་ལས་ཁྱོད་ཁོ་ན་གླེང་སྲིད་ལ
ཁྱོད་ཁོ་ན་དྲན་སྲིད
ད་དུང་། མེ་ལོང་ངོགས་སུ
འཇིག་རྟེན་འདིའི་རྒྱ་ཁྱོན་ལྟ་བུའི་བརྩེ་བ་ཞིག
རྒྱ་མཚོ་འདིའི་དཔག་ཚད་ལྟ་བུའི་དུངས་བ་ཞིག
དུས་གཏན་དུ་ཁྱོད་ཀྱི་བྲང་གཞུང་ལ་འདེབས་སྲིད
དེར་བརྟེན
ཁྱོད་ཀྱི་ལྷད་མེད་གཤིས་ཀ་དེའི་ཆེད་དུ
ཁྱེད་ཀྱི་ངང་རྒྱུད་ཟབ་མོ་དེའི་དོན་དུ
བདག་གིས་
ཁྱོད་ཁོ་ན་འཆར་བའི་མེ་ལོང་ཞིག་འཚོལ་བཞིན་ཡོད
མེ་ལོང་དེ
ལོ་ཟླའི་ཧྲག་བར་ནས
སེམས་པ་ཞིག་གི་ནང་རོལ་ཏུ་སྨིན་པས
བརྩེ་བ་ཞིག་གི་སྒོ་ལག་རྡུང་མཁན་དེ་ཡིན་ལ
ལས་དབང་ཞིག་གི་ཁུགས་སོ་མཚར་བའི
འཚོ་བ་ཟབ་མོ་ཞིག་གི་ཁ་དོག་ཡང་ཡིན།
ཕྱི་ལོ ༢༠༡༣ ཟླ ༦ ཚེས ༩ ཞོགས་པ་རང་ཤག་ནས་བྲིས།