མི་རིགས་དང་རིག་གཞུང་གི་ཆེད་དུ་སྐུ་ལུས་མེ་མཆོད་དུ་ཕུལ་བའི་གངས་ཅན་པའི་དཔའ་རྒོད་རྣམས་ཕུལ་བ།
སེར་ཤུལ་རིན་ཆེན་དོན་གྲུབ།
མེ་ལྕེའི་རེག་བྱ་ཚ་བོ་དེ་ལ་སུ་ཡིས་བཟོད་བསྲན་བྱེད་པར་ནུས།།
ལྷུ་ཚིགས་རེ་རེ་མེ་ཡིས་སྲེག་དུས་ཅི་འདྲའི་སྡུག་བསྔལ་ལྕི་མོ་ཞིག།།
མེ་རླབས་རེ་རེ་རླུང་གིས་སྐྱོད་དུས་ཚ་གཟེར་སྟོང་ཕྲག་སུ་ཡིས་བཟོད།།
ཅི་ཡི་ཆེད་དུ་བདག་གི་སྤུན་ཟླ་སྡུག་བསྔལ་འདི་ལ་འཕྲད་དགོས་བྱུང་།།
གཅེས་སྲོག་ཕངས་མེད་སྲོག་ལྡན་སྐྱེ་བོ་འཇིག་རྟེན་ཁམས་འདིར་ག་ལ་མཆིས།།
གཉེན་ཉེར་བྲལ་བའི་སྡུག་བསྔལ་དྲག་པོ་ཐོབ་འདོད་སྐྱེ་བོ་སུ་ལ་ཡོད།།
འོན་ཀྱང་་བདག་གི་རིགས་མཐུན་སྤུན་ཟླ་འདི་ལྟར་གཅེས་སྲོག་བློས་བཏང་ནས།།
བརྩེ་བའི་གཉེན་དང་ཉེ་དུར་བྲལ་བ་གང་གིས་བྱས་སམ་ཅི་ཡིས་ནོངས།།
ཁྱེད་ཅག་བཞུད་པའི་མེ་རླབས་རེ་རེས་དམར་པོའི་གཞུང་ལ་འཇིགས་སླངས་ཞིང་།།
ཁྱེད་ཀྱི་སྙིང་སྟོབས་སྤོབས་པ་སྟོང་གིས་གདོང་དམར་བོད་པའི་མཚན་བཏེགས་མོད།།
ཁྱེད་ཀྱིས་མྱོང་བའི་རེག་བྱ་རྒོད་པོ་སེམས་པའི་ཟུར་ལ་འཁོར་ཐེངས་རེར།།
ང་ཚོའི་སེམས་ལ་རྨ་ཁ་མེད་པའི་ན་ཟུག་སྟོང་ཁྲག་ཐོལ་གྱིས་འཕྱུར།།
ཁྱེད་ཀྱིས་སྐུ་སྲོག་མེ་ལ་ཕུལ་ནས་མི་རིགས་བདེན་དོན་བླ་མེད་བརྩད།།
ཁྱེད་ཀྱིས་ཞི་བདེའི་ཁ་གཡང་འབོད་ནས་རྒྱལ་སྤྱིའི་མིག་ཟུང་བོད་ལ་བསུས།།
ཁྱེད་ཀྱིས་བདེན་པའི་ང་རོ་བསྒྲགས་ནས་རྒྱལ་ཚོགས་རྣ་བ་སྟོང་དུ་རལ།།
ཁྱེད་ཀྱི་ཞི་བའི་ཐབས་མཆོག་འདི་ལ་བློ་སྤོབས་མི་སྐྱེ་དཔྱོད་ལྡན་སུ།།
རེད་དེ་ཁྱེད་ཀྱི་དཀའ་སྡུག་སྟོང་ཕྲག་འཇིག་རྟེན་ཁམས་ནས་སུ་ཡིས་བསལ།།
ཁྱེད་དང་ཁྱེད་ཀྱི་རྒྱལ་ཁའི་འབོད་སྐད་དྲག་གཞུང་རྣ་བར་ཇི་ལྟར་འགྲོ།།
ཁྱེད་ཀྱི་རེ་བའི་མིག་འབིར་དྲག་པོ་ང་དང་ཕྱི་སྡོད་བོད་ལ་ཅེར།།
ད་ནི་ཁྱེད་ཀྱི་ཞལ་ཆེམས་དྲོན་མོ་ང་དང་བོད་ཀྱིས་དྲན་པར་རིགས།།
དེ་ལྟ་ན་ཡང་ཁྱེད་ཀྱི་འབོད་སྐད་དྲང་བདེན་རྣ་བས་ཉན་བཞིན་ཡོད།།
ཁྱེད་ཀྱིས་སྐུ་ལུས་མེ་མཆོད་བྱས་པ་གཟུ་བོའི་མིག་གིས་མཐོང་བཞིན་ཡོད།།
ཁྱེད་ཀྱིས་སྤོབས་པའི་སྙིང་སྟོབས་བསྒྲགས་པ་རྒྱལ་སྤྱིའི་ཁྲོམ་ན་བསྟོད་བཞིན་ཡོད།།
ཁྱེད་ཀྱི་དཔའ་བོའི་མཚན་སྙན་སྟོང་གིས་ང་ཚོའི་སྙིང་སྟོབས་རྒྱས་བཞིན་ཡོད།།
ཁྲག་རྒྱུན་རྒྱུ་བ་གཅིག་ཏུ་འདྲེས་པའི་རིགས་གཅིག་གངས་ཅན་སྤུན་ཟླ་ཚོ།།
མེ་ལྕེའི་ངོགས་ཀྱི་འབོད་སྐད་རེ་རེ་ཁྱེད་ཀྱིས་ཡང་ཡང་ཉན་པར་རིགས།།
ལྷུ་ལག་རེ་རེ་ཚིག་པའི་ཙག་སྒྲར་ཉན་ཤེས་དབང་པོ་ཕྱོགས་པར་འཚལ།།
མེ་ལྕེ་དམར་བོའི་རྒྱབ་ཀྱི་གཏམ་རྒྱུད་ཡང་དང་ཡང་དུ་སློག་པར་འོས།།
ལོ་རྒྱུས་བྲག་ལ་གཏན་དུ་བརྐོས་པའི་གཟི་བརྗིད་སྙན་པ་མཐོ་ན་ཡང་།།
མཛད་རྗེས་འདེགས་པའི་ཤུལ་འཛིན་མེད་ན་མཇུག་འབྲས་བཟང་པོ་ཇི་ལྟར་ཐོབ།།
དེའི་ཕྱིར་གངས་ཅན་བུ་ཚ་དག་གིས་བློ་དང་སྤོབས་པའི་གོ་ཆ་ཡིས།།
མཛད་རྗེས་སྐྱོང་བའི་ལས་རིམ་བསྒྲིག་པར་བདག་གིས་སྙིང་དང་རུས་པས་འབོད།།
བདག་ནི་ཤེས་པའི་རྒྱ་ཁྱོན་དོག་ཅིང་ལ་རྒྱའི་སྤོབས་པ་དེ་བས་དམའ།།
འོན་ཀྱང་ཁྱེད་ཀྱི་མཛད་རྗེས་རྒོད་པོས་སྙིང་ལ་ཟུག་ངུ་བསླངས་གྱུར་བས།།
སྙིང་གི་ཁུང་ནས་དྲག་ཏུ་འཕྱུར་བའི་རླབས་ཕྲེང་ཚིག་ཏུ་རྒྱུས་བྱས་ཏེ།།
ཡིད་སྨོན་བསྟོད་ཚིག་འདི་ཙམ་བྲིས་པ་འཇོན་པའི་ལས་བྱ་ཟུར་ཙམ་མོ།།
༢༠༡༢/༢/༡༧ ལ་བྲིས།