ཝཱར་ཎ་བློ་བཟང་ཆོས་གྲགས།
གང་ཞིག་རྣ་བའི་བུ་གར་ལྷུང་ཚེ་ལུས་ཀུན་གཡོ་ཞིང་མཆི་མ་འཛགས།།
གང་ཚེ་འདྲེན་བྱེད་མིག་གི་རིག་ན་དྲན་ཤེས་ཚོར་འདུ་ཀུན་ནས་བརླག།
ཞུགས་ལ་བསྒྲོན་པའི་རྒྱལ་སྲས་དཔལ་བོའི་མཛད་པའི་བརྟུལ་བཞུགས་རླབས་པོ་ཆེ།།
སྐྱོ་བའི་ངག་གི་དབྱངས་སུ་བཀུག་ནས་རྗེས་དྲན་གུས་འདུད་སྙིང་ནས་ཞུ།།
ལ་རྒྱའི་ཁུ་ཚུར་མཁའ་ལ་བསྒྲེངས་ཤིང་སྙིང་སྟོབས་བྲང་ཁས་མེ་མདའ་གཟེད།།
རང་དབང་འབོད་སྒྲས་གནམ་ས་མགུལ་ཞིང་ཤ་དང་རུས་པ་མེ་ལ་བཏབ།།
རྩ་བའི་བླ་མ་བོད་དུ་ཕེབས་ཞེས་སྐྱོ་བའི་ངུ་ངག་དབྱངས་སུ་འཐེན།།
མེ་ལྕེ་འདི་དག་ཞི་བདེའི་མེ་ལྕེ་ངོ་མཚར་རི་མོ་བསུབ་ཐབས་མེད།།
བཙན་གནོན་མུན་ནག་ཇི་ཙམ་སྟུག་ཀྱང་སེམས་ཤུགས་འོད་སྣང་རུབ་མ་མྱོང་།།
མནར་གཅོད་སྟོང་གིས་ལུས་ལ་བཙེས་ཀྱང་བློ་སྟོབས་ནམ་ཡང་ཞུམ་མ་མྱོང་།།
ལུས་སྲོག་དམར་པོ་མེ་ལ་བསྲེགས་ཀྱང་ཁ་ནས་སྨྲེང་སྐད་གདོན་མ་མྱོང་།།
མེ་ལྕེ་འདི་དག་ཚེ་སྲོག་མེ་ལྕེ་རིན་ཐང་སུ་ཡིས་གཞལ་བར་དཀའ།།
འགྲོ་བ་མི་ཡི་ཐོབ་ཐང་ཟེར་བ་ཁྱེད་ཚོའི་སྟེང་དུ་རི་བོང་རྭ།།
མི་རིགས་ཡོད་ཚད་འདྲ་མཉམ་ཟེར་བ་ཁྱེད་ཚོའི་སྟེང་དུ་རུས་སྦལ་སྤུ།།
རང་དབང་མང་གཙོའི་ཁ་གཡང་སྙན་མོ་ཁྱེད་ཚོའི་སྟེང་དུ་སྟོང་པ་ཉིད།།
མེ་ལྕེ་འདི་དག་འུ་ཐུག་མེ་ལྕེ་གྱེན་དུ་འཕྱོ་བའི་མེ་ལྕེ་ཡིན།།
མདོག་དམར་ཚང་གི་སྐྱིད་སྡུག་ཆེད་དུ་ཚ་བའི་ཟུག་གཟེར་སྤོབས་པས་མྱངས།།
ཆོལ་གསུམ་ཞིང་དུ་རང་དབང་འདྲེན་སླད་དཀའ་སྤྱད་སྡུག་ཁུར་ཕྲག་ཏུ་བླངས།།
ལན་གཅིག་རྙེད་པའི་དལ་འབྱོར་བརྟེན་བཟང་སྤྱི་པའི་དོན་དུ་བློས་རེ་བཏང་།།
མེ་ལྕེ་འདི་དག་རླབས་ཆེན་མེ་ལྕེ་གཟི་བརྗིད་འོད་མདངས་འཇིག་པ་མེད།།
ཕྱོགས་ཞེན་མུན་པའི་ཁུང་བུར་ཉལ་ལ་མེ་ལྕེ་དམར་པོས་རྟོགས་པ་སད།།
ནང་དམེ་དཔལ་བོ་གླེན་པའི་རིགས་ལ་དོན་ལྡན་དཔལ་བོའི་དཔེར་བརྗོད་བཞག།
དམར་པོའི་རྒྱུགས་ཁྱི་མགོ་གཉིས་མ་ཚོར་མེ་ལྕེ་དམར་པོས་ཟབ་སྦྱོང་སྤྲད།།
མེ་ལྕེ་འདི་དག་མཐུན་སྒྲིལ་མེ་ལྕེ་ལ་རྒྱའི་ཚ་རླབས་ཞི་ཐབས་མེད།།
ཚ་དམྱལ་མེ་ལྕེ་ཇི་ཙམ་ཚ་ཡང་དེ་ལས་ཚ་བསྲེགས་ཆེ་བཟོ་མེད།།
སྡུག་བསྔལ་གསུམ་པོ་ཇི་ཙམ་དཀའ་ཡང་དེ་ལས་དཀའ་ཚེགས་ཆེ་བཟོ་མེད།།
མེ་སྟག་ཙམ་ཞིག་ལུས་ལ་ཕོག་ཀྱང་ཚ་བའི་ཟུག་གཟེར་ཀུན་ལ་འདུག།
མེ་ལྕེ་འདི་དག་བཟོད་པའི་མེ་ལྕེ་རྨད་བྱུང་དཀའ་ཐུབ་སུ་ཡི་ཟླ།།
ཁྲོ་བའི་སེམས་ཙམ་ཡིད་ལ་མ་འཁོེར་སྙིང་རྗེའི་སེམས་བསྐྱེད་བློ་རུ་གཏད།།
ཞེ་ནས་སྡང་བའི་ཚིག་ངན་མ་བོར་བདེན་དོན་སྒྲོག་ལ་བློ་མ་ཞུམ།།
གཞན་གྱི་སྲོག་ལ་ཏིལ་ཙམ་མི་རྒོལ་རང་ཉིད་མར་མེའི་ཚུལ་དུ་འབར།།
མེ་ལྕེ་འདི་དག་འཚེ་མེད་མེ་ལྕེ་བྱམས་དང་བརྩེ་བའི་མེ་ལྕེ་ཡིན།།
གཏི་མུག་བླང་དོར་གནས་ལ་རྨོངས་ནས་རང་ལུས་མེ་རུ་བསྲེགས་པ་མིན།།
གང་བྱུང་སྨྱོན་པའི་རྟུལ་བཞུགས་འཆང་ནས་མེ་ལ་རྩེད་མོ་རྩེས་པ་མིན།།
རྐུ་འཕྲོག་ཇག་བཅོམ་ཉེས་པར་སྐྲག་ནས་རང་སྲོག་མེ་ལ་ལྕེབས་པ་མིན།།
བཙན་པོའི་རྒྱལ་ཁབ་སླར་གསོའི་སླད་དུ་སྐུ་སྲོག་མཆོད་མེར་ཕུལ་བ་ཡིན།།
ཁྱེད་ཚོའི་མེ་ལྕེའི་ཟེགས་མ་རེ་ལ་འཚེ་མེད་ཞི་བའི་འོད་སྣང་རེ།།
ཁྱེད་ཚོའི་མེ་ལྕེའི་རྩེ་མོ་རེ་ལ་དྲང་བདེན་རྩོད་པའི་སྤོབས་པ་རེ།།
ཁྱེད་ཚོའི་མེ་ལྕེའི་རླབས་རྒྱུན་རེ་ལ་གསེར་གྱི་ལོ་རྒྱུས་ཤོག་ལྷེ་རེ།།
ཁྱེད་ཚོའི་མེ་ལྕེ་དོན་མེད་མ་ཡིན་རང་དབང་ཉི་མའི་སྐྱ་རེངས་ཡིན།།
ད་ནི་མཉམ་སྦྲེལ་རྒྱལ་ཚོགས་ཟེར་བ་ལོང་བ་མིན་ན་བལྟ་རན་རེད།།
ད་ནི་ལྷ་དང་སྲུང་མ་ཟེར་བ་མཐུ་རྩལ་ཡོད་ན་ངོམས་རན་རེད།།
ད་ནི་ལས་དང་རྒྱུ་འབྲས་ཟེར་བ་བསླུ་བ་མེད་ན་འཁོར་རན་རེད།།
ད་ནི་སྒེར་སྤྱོད་ཀླ་ཀློའི་རིང་ལུགས་རྫོགས་ཚིག་བཞི་བཤད་བཀོད་རན་རེད།།
ཟླུམ་གཟུགས་གོ་ལར་ཞི་བདེ་འདྲེན་ཞིང་གང་ལྗོངས་བསྟན་དང་ཆབ་སྲིད་སླད།།
གཅིག་ནས་གཉིས་སུ་རིམ་གྱིས་མཆེད་ཅིང་མེ་ལྕེར་ཕུལ་བའི་དཔལ་རྟུལ་དག།
གྲུ་འཛིན་མགོན་པོས་བརྩེ་བའི་ཕྱག་གིས་རྟག་ཏུ་བྲལ་མེད་རྗེས་འཛིན་གྱིས།།
སླར་ཡང་གངས་ལྗོངས་ས་ཡི་ཐིག་ལེར་རང་དབང་དཔལ་ལ་སྤྱོད་པར་ཤོག།
བོད་རྒྱལ་ལོ།།
ཤིན་ཏུ་ནས་ལེགས་སོ་བློ་བཟང་ཆོས་གྲགས་ལགས་མུད་མཐུས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་བསྟོད་པ་འབུལ་རོག་གནང་ཕ་བཟང་གི་བུ་།
༈དཔེ་ཡག་པོ་གསུངས་འདུག ཐུགས་རྗེ་ཆེ་ཞེས་ལེགས་འབུལ་་ཡོད།
གནས་ལུགས་ཤེས་པའི་མི་ཞིག་རེད། དགའ་བསུ་ཞུ།
མེ་ལྕེ་དམར་པོ་ག་ཚོད་འབར་ཡང་དོན་ཕན་ལྡན་པ་མ་བྱུང་ཁར། །
གངས་ལྗོང་བོད་དུ་ཤ་རུས་སྤུན་ཟླ་སྡུག་ལ་སྦྱོར་བའི་ལག་ཆར་སོང་། །
གནས་ཡུལ་རྒྱ་གར་གཞི་ཆགས་ཁག་ནས་བོད་ལ་མེར་བསྲེགས་གཏམ་གོ་དུས། །
རྙོག་དྲ་ཚ་པོའི་ལས་ལ་བརྩིས་ནས་མར་མེའི་ཁྲོམ་སྐོར་འགྲོ་བར་ཉོག །
ང་ཡི་སྙིང་གི་སྤུན་ཟླ། །གངས་ཅན་ལྗོངས་ཀྱི་བུ་ཕྲུག །
གཅེས་པའི་ལུས་སྲོག་དེ་ནི། །ནམ་ཡང་ཆུད་ཟོས་མ་གཏོང་། །
བདེན་པའི་ང་རོ་ནམ་མཁའི་དབྱིངས་ནས་ལྡིར།།
འཚེ་མེད་མེ་ལྕེས་ས་གཞི་ཀུན་ལ་ཁྱབ།།
ཟླ་མེད་དཔའ་བོ་དཔའ་མོ་ཆས་ཕྱིར་དུ།།
སྡར་མའི་ངུ་ཤུམ་ཆད་པའི་སྐབས་ཤིག་བྲལ།།