ཨ་རིག་དགེ་མཐོང་།
གུང་བྲན་ཏང་གི་དར་དམར་འོག་ནས་སྒེར་གཅོད་དུག་མཚོ་གནམ་ལ་འཕྱུར། །
གཟི་བྱིན་ཅན་གྱི་པོ་ཏ་ལ་ཡའི་གསེར་ཞལ་དེ་ཡང་བསྒྲིབས་ནས་ཐལ། །
ཇོ་ཁང་མདུན་གྱི་བསང་ཁྲི་དག་ལ་བཅོས་བསྒྱུར་སྣ་ཚོགས་ལན་བརྒྱར་བཏངས། །
འགྱིག་གིས་བཟོས་པའི་མེ་ཏོག་དག་ནི་རིག་ན་བོད་པར་སུན་སྣང་ལྕི། །
པོ་ཏ་ལ་ཡི་ནང་རྟེན་དག་ནི་ངོ་ལྐོག་ཟུང་ནས་བཙན་ཁྱེར་བྱས། །
བདག་གཉེར་བྱེད་པའི་དགེ་འདུན་རྣམས་ལ་མི་མཛའ་རྒྱ་ཡི་ཆས་གོས་བསྐོན། །
རྭ་མོ་ཆེ་ཡི་རང་བྱུང་སྐུ་ལ་རྒྱ་དཔོན་དམར་པོས་ལག་པ་བསྲིངས། །
རང་དབང་མེད་པའི་ཉི་མ་ལྷ་ས་ལྕགས་དྲྭར་ཚུད་པའི་བྱེ་འུ་བཞིན། །
ཨ་མདོའི་ཡུལ་ནས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་བཙན་གྱིས་བཏོད། །
མི་སེར་རང་ལུགས་སྤེལ་སྟངས་འདི་ནི་ཨེ་ཙི་ན་ཚ་ཅི་བཞིན་དུ། །
འགོག་པའི་ཐབས་ལམ་ལྷ་ཡིས་མ་རྙེད་མི་ལ་དེ་བས་མ་མཆིས་པས། །
ལྷ་ཡིས་མ་འཇོན་མི་ཡིས་མ་ནུས་ཐོལ་གྱིས་ཡོང་ནས་བོད་ས་འཕྲོགས། །
རྫུན་གཏམ་ཚིག་གི་འཁོར་ལོ་བསྐོར་ལ་བྱང་ཆ་ཤིན་ཏུ་ཆེ་བ་དང་། །
བདེན་དོན་འོ་མའི་མར་ལོ་མཐོང་ན་སྣ་གཉེར་བྱས་ཏེ་བྲོས་ནས་འགྲོ། །
གུང་བྲན་ཏང་གི་སྲིད་བྱུས་འདི་ནི་གོ་ལྡོག་གོ་རིམ་གསར་བ་ཞིག །
མི་འདོད་རང་གི་མི་རིགས་ཡོངས་ཀྱི་གཉའ་ལ་བཙན་གྱིས་བཞག་པའོ། །
ཞི་བདེའི་འོད་སྣང་ཕྱོགས་བཞིར་འཕྲོས་ཏེ་ནང་བསྟན་རིག་གཞུང་ཡར་ལ་ལངས། །
སྟོན་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་ངེས་དོན་རིས་མེད་གྲུབ་མཐའ་བཙུགས། །
ས་སྟེང་འཛམ་གླིང་ཤར་ནུབ་ཡོད་ཚད་བདེན་གཏམ་བདུད་རྩི་འཐུང་བར་བྲེལ། །
ཁྭ་ཏའི་དཔེ་ཟླ་དམར་པོ་གཞུང་གིས་ད་དུང་ཁོང་ལ་སྒྲོ་བསྐུར་བྱས། །
མི་ལོ་ལྔ་བཅུའི་བརྒྱུད་རིམ་ཁྲོད་ནས་བོད་མི་ཁྲི་ཕྲག་དམར་གསོད་བཏངས། །
རིག་གནས་གསར་བརྗེའི་ཁ་གཡང་འོག་ནས་ཁ་བ་ཅན་ལ་གྱོང་ཞིག་སྤྲད། །
སྐྱབས་མགོན་རྒྱལ་མཆོག་ཡབ་སྲས་ཟུང་ལ་གཡོ་སྒྱུའི་ཐབས་བཀོད་སྣ་ཚོགས་འཐེན། །
བསམ་བཞིན་མ་སོང་སའི་གོལ་སྟེང་དུ་ཞབས་རྗེས་དཀར་པོའི་འོད་ཟེར་འཕྲོས། །
གངས་རིའི་ལྗོངས་ཀྱི་རྟ་ནོར་ལུག་གསུམ་རང་གི་ལག་ནས་འཕྲོགས་པ་དང་། །
རི་ཆུ་ནགས་གསུམ་རང་བྱུང་དག་ལ་བཙན་གྱིས་ཁྲིམས་ཤིག་གསར་དུ་བཟོས། །
གཏེར་ཁ་བསྔོག་འདོན་སྨན་རྩ་བརྐོ་པའི་རྒྱ་རིགས་བོད་ས་ཡོངས་ལ་མངགས། །
སྲོང་བཙན་སྒམ་པོའི་ཤུལ་ལྷག་འདི་ཚོ་ཇི་འདྲའི་ལས་ངན་ཡིན་པ་ལ། །
གཅིག་དགུ་བརྒྱད་ཅུའི་སྒེར་ལངས་ཆེན་མོ་མེ་སྒྱོགས་འོག་ནས་མོག་མོག་གྱུར། །
བོད་པ་བསད་པའི་ཟུངས་ཁྲག་དེ་ཡིས་ཡར་ཀློང་གཙང་བོའི་ཁ་མདོག་བསྒྱུར། །
ཉི་མ་ལྷ་སའི་ལྷ་རྟེན་ཡོད་ཚད་མེ་བསྲེགས་ཆུ་ལ་བསྐུར་བ་དང་། །
མདོ་ཁམས་ཡུལ་གྱི་རོང་འབྲོག་རྣམས་ཀྱང་བཙོན་བཅུགས་བསད་ནས་རྫོགས་ལ་ཉེ། །
དགོན་སྡེ་དྲུག་སྟོང་རྩ་མེད་བཏངས་ཏེ་ཤུལ་ན་གྱང་ཆགས་ཐེད་པོ་རེ། །
གྲྭ་བཙུན་ཡོངས་ལ་གྲི་བཙུགས་བྱས་ཏེ་ཕལ་ཆེར་བཙན་གྱིས་སྐྱ་སར་དེད། །
ཕྲུ་གུ་རྣམས་ཀྱིས་དྲིན་ཆེན་ཕ་མར་གཅར་རྡུང་དགོས་པའི་ཁྲིམས་ཤིག་བཞག །
ཕྱུགས་བདག་གྲལ་རིམ་འབོད་པའི་མིང་ཚིག་བོད་མིའི་རྣ་བར་ཐོས་ན་སྐྲག །
ཉིས་སྟོང་བརྒྱད་ཀྱི་ཞི་བའི་སྒེར་ལངས་བོད་ས་ཡོངས་ནས་འོད་དུ་འཚེར། །
ཉིས་སྟོང་བཅུ་ནས་ད་ལྟའི་བར་གྱི་རང་ལུས་མེ་བསྲེགས་བསྒྲོན་མེ་སྤར། །
ཉིས་སྟོང་ལོ་ཡི་ཡར་སྔོན་ཞིག་གི་སྟོན་པའི་ལྟ་གྲུབ་གཙང་མ་དེ། །
འཚེ་མེད་སྟག་མོ་ལུས་སྦྱིན་སོགས་ཀྱི་དཔེ་མཚོན་སླར་ཡང་བོད་ནས་རྙེད། །
གྲྭ་བཙུན་འགའ་རེས་རང་ལུས་བསྲེགས་ཏེ་དགེ་སྒྲུབ་རང་དབང་མཁོ་བར་བསྒྲུབས། །
མི་སྐྱ་མང་བོས་མི་ལུས་དོར་ནས་མི་ཆོས་སྨྲ་བརྗོད་རང་དབང་གླེང་། །
བླ་སྤྲུལ་གཅིག་གིས་སེམས་བསྐྱེད་བསྒོམ་བཞིན་སྐུ་ཕུང་དམར་པོ་མེ་ལ་བསྲེགས། །
ཤུལ་དུ་བཞག་པའི་བཀའ་ཆེམས་དེ་ལ་རྒྱལ་སྤྱིའི་དོ་སྣང་བྱུང་སོང་ངམ། །
བཙོན་དུ་ཚུད་པའི་བོད་མི་དག་གིས་མནར་གཅོད་མ་བཟོད་ཤི་བར་སྨོན། །
རྔ་བའི་ཡུལ་གྱི་སྐྱ་སེར་ཡོངས་ཀྱིས་སྔ་གཞུག་བརྩད་ནས་འཆི་བར་བྲེལ། །
ཁམས་ཀྱི་ཕྱོགས་ནས་ཁ་རོག་མི་འདུག་ལ་རྒྱའི་དར་ཆ་གྱེན་དུ་བསྒྲེངས། །
ལྷ་སའི་ཡུལ་གྱི་དམ་དྲག་འདི་འདྲ་ད་ལྟ་གང་དུ་མ་མཆིས་སོ། །
བཙན་བྱོལ་གཞུང་སྒེར་ཟུང་གི་སེམས་པ་ཁྱེད་ཚོའི་རྗེས་ན་སྐྱོ་ནས་ཡོད། །
དགོན་སྡེ་རེ་རེའི་དགེ་སྒྲུབ་གྲངས་ཀ་མཛུབ་རྩེར་བགྲང་ན་གྲངས་ཀྱི་དབེན། །
རྒྱལ་བ་དོན་གྱི་བདག་པོ་ཁོང་གི་བརྩེ་བའི་སྤྱན་གྱིས་གཟིགས་དང་གཟིགས། །
ཚོགས་སྡེ་གཞུང་སྒེར་ཟུང་འབྲེལ་བྱས་ཏེ་རྒྱལ་སྤྱིའི་སྒང་ན་བསྒྲགས་ཀྱིན་ཡོད། །
(འདི་ནི་གྲོངས་ཟིན་པ་དང་བཙོན་འོག་ན་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཡོངས་ཀྱི་བདེ་སྔུག་ལ་བསམ་གཞིག་ཐེངས་ཤིག་བཏང་རྗེས་ཀྱི་དྲན་འཆར་ཞིག་ལས་ཁ་བདེ་བ་དང་སེམས་སྐྱིད་སོང་བས་བྲིས་པ་ཞིག་གཏད་ནས་མ་ཡིན་ནོ། །)
ཐུགས་རྗེ་ཆེ་ལགས། དངོས་གནས་ཡག་པོ་ཞེ་དྲག་བྲིས་འདུག
རྩོམ་དེས་བེ་རེའི་དགེ་བཤེས་ལྷམ་མེར་བློ་ཡུལ་དུ་འཆར་བཅུག་གི་འདུག་ག
ཨ་རིག་གིས་བྲིས་པ་དེ་དངོས་གནས་ཡག་པོ་འདུག ཅུང་ཁ་སྐད་དང་འདྲེས་ཆེ་དྲགས་པ་མ་གཏོགས་དངོས་གནས་ཡག་པོ་རེད། མུ་མཐུད་དུ་སྤེལ་བའི་འབོད་སྐུལ་ཞུ།
རྗེས་ཕྱོགས་སུ་ཁྱོད་ཀྱིས་རྩོམ་འདྲི་དུས་དབང་ཕྱུག་ལ་མིག་དཔེ་ལྟ་རོགས་ལོ། ཨ་རིག
དྲ་གྲོགས་དག་ཕེབས་ནས་དགོངས་ཚུལ་དང་སྐུལ་ལྕག་གནང་བ་དགའ་ཡོད།