དོལ་སྨྱོན།
–འཚིག་བཞིན་པའི་སྤུན་ཟླ་དག་ལ་རྗེས་དྲན་དུ་ཕུལ།
མེ་ལྕེ་འདི་ལྟར་འབར་སོང་།
ཆོས་རྭ་ནས་ཆོས་དགོས་རྣམ་གསུམ་སྤྲས་པའི་དགེ་འདུན་པ་འབར་སོང་།
ཁོ་ཚོས་་་ འཁོར་བའི་གནས་ལུགས་དང་ལས་འབྲས་ཀྱི་ལྟ་བ་ལ་བདེན་པ་བརྡར་ཏེ།
དྲང་བདེན་གྱི་ལྟ་བས་(མི་རིགས་དང་རིག་གཞུང་)གི་བདེན་དོན་བརྗོད་ཀྱིན།
མུན་ནག་གི་བཙོན་དོང་དེ་རུ་་་ གནས་ལུགས་ཤིག་རྙེད་པར་འདོད་ནས།
རྒྱུ་འབྲས་ཤིག་ཐོབ་པར་རེ་ནས་་་ དམར་ལམ་ལམ་གྱི་མེ་ལྕེའི་ཀློང་ནས།
དྲང་བདེན་ལ་མིག་ཟུང་ཅེར་བཞིན་ཕེབས་སོང་།
ཞི་བདེ་ཡི་ཁ་གཡང་སྒྲོག་གིན་ཕེབས་སོང་།
མེ་ལྕེ་འདི་ལྟར་འབར་སོང་།
ཤེས་རིག་གི་ལོ་འདབ་རྒྱས་ཤིང་ལང་ཚོའི་མེ་ཏོག་བཞད་པའི་གསར་བུ་དག་འབར་སོང་།
ཁོ་ཚོས་་་ མི་བུའི་ཐོབ་ཐང་དང་མི་རིགས་ཀྱི་འདྲ་མཉམ་ལ་མིག་ཟུང་ཅེར་ཏེ།
ཡང་དག་པའི་སྤོབས་པས་(རང་དབང་དང་འདྲ་མཉམ་)གྱི་འབོད་ཚིག་སྒྲོག་གིན།
ལོག་སྤྱོད་ཀྱི་འདུ་རྭ་དེ་རུ་་་ རང་དབང་ཞིག་ཐོབ་པར་རེ་ནས།
འདྲ་མཉམ་ཞིག་རྙེད་པར་འདོད་ནས་་་ དམར་ལམ་ལམ་གྱི་མེ་ལྕེ་ཡི་ཀློང་ནས།
ནང་མི་དག་རྒྱབ་ཏུ་བསྐྱུར་ནས་ཕེབས་སོང་།
མདུན་ལམ་དག་ཆུ་ལ་གཡུགས་ནས་ཕེབས་སོང་།
མེ་ལྕེ་འདི་ལྟར་འབར་སོང་།
འཚོ་བ་ཡི་གྲུ་ཁ་ན་ལངས་ཤིང་ཡོད་ཚད་ལ་གསོན་ཤུགས་བསྣོན་པའི་ལོ་ལོན་དག་འབར་སོང་།
ཁོ་ཚོས་་་ འདས་ཟིན་པའི་བདེ་སྡུག་དང་འབྱུང་འགྱུར་གྱི་གནས་སྟངས་ལ་མིག་རྒྱང་འཕངས་ཏེ།
བོད་སྐད་དག་མ་ཞིག་གིས་(མུན་ནག་དང་ལོག་སྤྱོད་)ཀྱི་ཐ་ཚིག་སྒྲོག་གིན།
གཉའ་གནོན་གྱི་གྲུ་ཁ་དེ་རུ་་་ ཉི་འོད་ཅིག་འཆར་བར་རེ་ནས།
བསིལ་རླུང་ཞིག་ལྡང་བར་རེ་ནས་་་ དམར་ལམ་ལམ་གྱི་མེ་ལྕེ་ཡི་ཀློང་ནས།
མེས་པོ་ཚོའི་ཞལ་ཆེམས་སེམས་སུ་དྲན་བཞིན་ཕེབས་སོང་།
བྱིས་པ་ཚོའི་བདེ་སྡུག་སེམས་ལ་སྒོམ་བཞིན་ཕེབས་སོང་།
མེ་ལྕེ་དེ་ཁྱོད་ཚོའི་ལུས་ནས་མཆེད་ཅིང་ང་ཡི་སེམས་ནས་བརྒྱུད་དུས།
ང་ཡི་སེམས་ལ་མེ་ཡིས་འཚིག་པའི་ཚོར་མི་འདུག
མེ་ལྕེ་དེ་འབར་ཤུགས་ཆེ་དྲགས་པས།
ང་ཡི་ལུས་ལ་མེ་ཡིས་འཚིག་པའི་ན་ཟུག་མི་འདུག
མེ་ལྕེ་དེ་འབར་ཐེངས་མང་དྲགས་པས།
23.10.2012
ནོར་བཅོས།
ང་ཡི་སེམས་ལ་མེ་ཡིས་འཚིག་པའི་་་ཚོར་མི་འདུག་་་་ཅེས་པར།
ཚོར་བ་མི་འདུག་ཅེས་པར་བཅོས་རོགས་ཞུ།
སང་ཉིན་བཀླག་པར་བྱའོ། །
རིན་ཐང་ཅན་གྱི་རྩོམ་ཞིག་བྲིས་གནང་འདུག
མེ་དཀར་གྱིས་བཀླགས་པའི་རེ་བ་ཡོད།
རིན་ཐང་ཅན་གྱི་རྩོམ་ཞིག་བྲིས་གནང་འདུག རྟེན་འབྲེལ་ཞུ།
འོད་འཆང་མ་ཕེབས་པར་དགའ་བསུ་ཞུ།
མཚན་སྙིང་རྗེ་མོ་ཞིག་འདུག་པས་རྣམ་པ་ཡང་དེ་བཞིན་ཡོད་པའི་སྨོན་པ་ཞུ།
རྗེས་ནས་མང་ཙམ་ཕེབས་རྒྱུ་དང་ལྷག་པར་སྙན་ངག་མ་ཞིག་ཡིན་པའི་རེ་སྨོན་ཞུ།
ཨ་མ་མ། སྨྱོན་པ་ཁྱོད་དང་ང་གཉིས་དེ་འདྲའི་འདྲ་རྒྱུ་་་་་་་་་་་
ཧ་ཧ་ཧ་ བུ་མོ་ལ་དགའ་བ་གཅིག་མཚུངས་རེད་འདུག
ང་ད་དུང་ཤ་དང་ཆང་ལ་ཤིན་ཏུ་དགའ། ཁྱོད་དེ་ལྟར་ཨེ་རེད།