བདེ་པོ་འཚོ།
བཅུ་དྲུག་གི་ལང་ཚོ་དར་ལ་བབ་ཅིང
ཤེས་བྱའི་མེ་ཏོག་དཔལ་དུ་རྒྱས་པའི
དམ་པ་ཁྱེད་ཉིད་་་་་་སྤུན་ཆུང་གང་ཉིད
རླུང་དམར་ཧུར་ཧུར་དུ་འཁྲུགས་ཤིང
མེ་ལྕེ་ལྷོག་ལྷོག་ཏུ་འཕྱུར་བའི་ཁྲོད་ནས
འབོད་སྒྲ་ལྷང་ལྷང་དུ
འབར་སོང་ལ་མེ་ལྕེའི་ཀློང་ནས་འབར་སོང་།
མི་རིགས་ཀྱི་ཆགས་འཇིག
རིག་གནས་ཀྱི་སྐྱོ་གར་གླེང་སྟེ
ཚ་ཞིང་སྲེག་པའི་མེ་ལྕེ་རེ་རེ་
ལུས་ཀྱི་བུ་ག་རེ་རེས་མྱོང་བཞིན
དཔའ་སྤོབས་ཀྱི་ཁུ་ཚུར་དགོངས་ལ་བཏེགས་ནས
འབར་སོང་ཡ་དམར་ལྷོག་ལྷོག་ཏུ་འབར་སོང་།
དྲང་བདེན་གྱི་སྒལ་ཚིགས་གྱེན་ཏུ་བསྒྲེངས་ནས
རང་དབང་་་་་་་དགའ་བདེ་་་་་་་་ལྷིང་འཇགས་་་་
དྲང་བདེན་་་་་་་་འདྲ་མཉམ་་་་་མཐུན་སྒྲིལ་་་འཚོལ་བའི་མིག་མདངས
མེ་ལྕེ་རེ་རེའི་གྲུ་ག་ནས་མངོན་བཞིན
དྲག་ཏུ་འབར་སོང་། གཏན་ཏུ་བཞུད་སོང་།
ཉིན་དེ་ནས་བཟུང
འུ་ཚང་གི་ཁྱིམ་ཚང་ལ་བྱུང་མ་མྱོང་བའི་ཆགས་འཇིག་ཅིག་དང
གསུབ་ཏུ་མེད་པའི་ན་ཟུག་ཅིག་སྟེ
དེ་ནི་ཁྱེད་ཉིད་འདི་ལྟར་ང་ཚོ་དང་གཏན་ཏུ་གྱེས་ཟིན་པས།
དེ་ནས་བཟུང
འུ་ཚང་གི་ཁྱིམ་ལ་དགོད་སྒྲ་དབེན་ཞིང
ཨ་ཕའི་གདོང་གི་འཛུམ་མདངས་དང
ཨ་མའི་སྤྲོ་སྣང་གི་ཞལ་རས་དེ་ཡང་ཡེ་ནས་ཡལ་སོང་ཟེར།
སྐབས་དེར
ཨ་ཅེ་ང་ནི་ས་མཐའི་འཚོ་བ་སྐྱུར་མོ་དེ་འགམ་བཞིན
རང་གི་སྤུན་མཆེད་དག་གི་གཏམ་བཟང་ལ་བསྒུགས་ནས་ཡོད
འོན་ཀྱང
ཁྱེད་གྱེས་པའི་གཏམ་ངན་དེ
ས་མཐའི་རླུང་བས་ཁྱེར་ནས་སླེབས་བྱུང
གློ་བུར་དུ་འབྱོར་སོང
དེ་ཐོས་ནས་ངའི་སྙིང་ཁར་གྲི་བཙུགས་པ་བཞིན
ཁྱེད་ཀྱིས་བཞག་པའི་” མཐུན་འབྲེལ་སྒྲིག་སྲུང་” ཞེས་པའི་ཞི་བདེའི་སྐེ་འདོགས་དེར་ལྟ་བཞིན
དྲན་་མེད་དུ་གྱུར་ནས་ས་ལ་འགྱེལ་སོང
དེ་ནས་བཟུང
འཇིག་རྟེན་འདི་ན
དྲང་བདེན་་་ལས་འབྲས་་་་དམངས་གཙོ་་་་་རང་དབང་་་ཟེར་བའི་ཐ་སྙད་དེ་ནི་བྲག་ཆ་བཞིན་ཏུ་སྣང་ངོ།
དེ་རིང་བདག་གི་སྤུན་ཆུང་དམ་པས་ཤུལ་དུ་བཞག་པའི་”མཐུན་འབྲེལ་དང་སྒྲིག་སྲུང་པ་ཞེས་པའི་སྐེ་འདོགས་འདི་མཐོང་བས་ཤར་མར་བྲིས།
༢༠༡༤/༡༡/༦
ཁྱོད་ལ་ཁག་མེད་་་་གདུང་སེམས་དང་བྱ་བ་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།