སྤྱི་བཤད།
གཅིག་བྱས་ན་བོད་ཡིག་ནང་དུ་བོད་མིའི་མེར་བསྲེགས་ཞི་རྒོལ་སྐོར་ལབ་གླེང་བྱེད་པ་ནི་དགོས་མེད་ཅིག་ཡིན་སྲིད། གུས་པས་རང་བསྲེགས་ཞི་རྒོལ་ཐད་བསམ་ཚུལ་གྱི་རྩོམ་ཡིག་ཁ་ཤས་བྲིས་ཤིང་། དེ་དག་ལས་<< མིག་ཆུ་འདི་རླབས་རྩེའི་མེ་ཏོག་ཡིན་འོས་ >>ཞེས་པ་དང་། <<གངས་ལྷ་མེ་ཏོག་གི་གསར་བརྗེ་ཇི་ལྟར་འབྱུང་ཐུབ་ཀྱི་རེད་>>ཟེར་བ་འདི་གཉིས་ཟླ་ ༤ པའི་ནང་དྲ་ཐོག་ཏུ་སྤེལ་རྗེས་མེ་ལྕེའི་ཁྲོད་འཐིམས་བཞིན་པའི་ཚེ་སྲོག་གི་གྲངས་ཀ་བརྩིས་ནས་བསྡད་པ་ཡིན། བལྟས་བལྟས་རིག་རིག་ལ་མི་གྲངས་བཅུ་ཕྲག་ནས་བཅུ་ཕྲག་ཏུ་འཕར་ཞིང་། དེ་དག་ལས་མང་ཆེ་ཤོས་གྲོངས་ཡོད་ནའང་། ད་དུང་ཁག་ཅིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཏེ་རྨ་ཤུལ་གྱི་སྟེང་དུ་རྨ་ཤུལ་བཟོ་བཞིན་ཡོད།
གུས་པའི་རྩོམ་ཡིག་སྔོན་མའི་ནང་དུ་རང་བསྲེགས་ངོ་རྒོལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གདུང་སེམས་མཉམ་སྐྱེད་དང་སྙིང་རྗེའི་སེམས་འཁུར་གྱི་རྣམ་པའི་ཆ་ནས་བོད་ལ་ལག་ཡོང་གང་འཚམས་ཐོབ་ཡོད་ཀྱང་། ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་མེད་པར་བཤད་ཡོད་ཅིང་། ལྡི་ལིར་རང་བསྲེགས་ངོ་རྒོལ་གྱིས་གྲོངས་ཟིན་པའི་སློབ་གྲོགས་འཇམ་དཔལ་ཡེ་ཤེས་ལགས་དམ་པ་དེ་ནས་རང་བསྲེགས་ངོ་རྒོལ་གྱི་འཐབ་རྩོད་འདི་མཇུག་བསྡུ་ཐུབ་ན་བསམ་ཡོད་ལ། རྩོམ་ཡིག་གི་ཁ་བྱང་གཤམ་དུའང་ “མགོ་བརྩམས་ས་ནས་མཇུག་བསྡུ་ཐུབ་པར་སྨོན་” ཞེས་བྲིས་ཡོད། དེ་ཡི་རྒྱུ་མཚན་ནི་རང་རེའི་རང་བསྲེགས་ངོ་རྒོལ་ཀྱིས་རྒྱ་ནག་གཞུང་ལ་ཁ་མཆུ་རྒྱག་པའི་མ་རྩ་ཆ་ཚང་བཙུགས་ཚར་ཡོད་པས་ཡིན།
འོན་ཀྱང་། རང་བསྲེགས་ངོ་རྒོལ་མཚམས་མ་ཆད་པར་སླེབས་ཤིང་། གུས་པས་རྒྱུས་ལོན་བྱས་པ་ལྟར་ན་བོད་ནང་གི་མིའི་སེམས་ཁོངས་སུ་ “བསམ་ཚུལ་གྱི་རྩོམ་ཡིག་བྲིས་ན་འཛིན་བཟུང་བྱེད་ཀྱི་འདུག རེ་འདོད་ཆེད་སྐད་འབོད་བྱས་ན་འཛིན་བཟུང་བྱེད་ཀྱི་འདུག འཛིན་བཟུང་འདི་ནི་དམྱལ་བའི་མནར་གཅོད་དང་གདོང་གཏད་དེ་ཚེ་སྲོག་གི་བཟོད་བསྲན་རྒྱུན་འཁྱོངས་ཐུབ་མིན་ལ་ཐུག་ཡོད་པ་ཞིག་ཡིན་པས། ངོ་རྒོལ་བྱེད་པར་རང་བསྲེགས་ལས་ལམ་ཁ་ཅི་ཞིག་ལྷག་ཡོད་དམ།” ཞེས་པའི་དྲི་བ་ཞིག་ཡོད། དྲི་བ་འདི་ལྟ་བུ་ནི་འཛམ་གླིང་སྟེང་ཁྲིམས་ལུགས་གང་གིས་ཀྱང་སྲུང་སྐྱོབ་མེད་པའི་བོད་མི་ལྟ་བུ་ལས་སུ་ཞིག་གིས་དུས་རབས་ཉེར་གཅིག་པའི་ནང་དགོས་གལ་ཡོད་པར་མཐོང་སྲིད་དམ།
རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་སྐད་འབོད་འདུ་འཛོམས་བྱེད་པ་རང་དབང་། ཡིག་ཆེན་ཚགས་པར་སྦྱར་བ་རང་དབང་། ཚོགས་པ་འཛུགས་པ་རང་དབང་། དཔེ་བསྐྲུན་རང་དབང་[1] སོགས་ལས་ཀྱི་རྣམ་གྲངས་མང་པོ་ཞིག་གི་ཐད་ཧ་ཅང་དཀྱེལ་ཡངས་ཀྱི་ངོ་གདོང་ཞིག་ང་ཚོར་བསྟན་ཡོད་ནའང་། རང་དབང་འདི་དག་ནི་གཅིག་སྡུད་དབང་འཛིན་པའི་བློ་མིག་དོག་པོ་དེ་ལས་ངེས་པར་བརྒྱུད་དེ་ཐོབ་དགོས་པ་ཞིག་ཡིན་ཞིང་། ཆོག་མཆན་འདི་ཐོབ་དང་མི་ཐོབ་ལ་ཚད་གཞི་འཛིན་ས་གང་ཡང་མེད་པ་མ་ཟད། དབང་འཛིན་སྡེ་ཚོགས་ཀྱིས་སུ་ལའང་འགན་འཁུར་དགོས་ཀྱི་ཡོད་པ་མ་རེད། དེའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་དུས་སྲིད་གཞུང་རིམ་པར་སྙན་སེང་ཞུས་མྱོང་མེད་ལ། སྙན་སེང་ཞུ་བ་ནི་བྱ་སྤྱོད་ཅི་ཡང་མ་སྤེལ་བར་རང་འགུལ་གྱིས་བཙོན་ཁང་དུ་འཛུལ་བ་དང་ཁྱད་པར་མེད།
རང་བསྲེགས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་ཡོང་རྒྱུ་ཡིན་འདུག་པ་དང་། འདི་ནི་རྩོམ་ཡིག་གཞན་དག་ཏུ་བཀོད་ཡོད་པ་ལྟར་བོད་མི་རྣམས་ཀྱིས་མཚམས་འཇོག་དཀའ་བའི་ལས་འགུལ་ཞིག་ཏུ་གྱུར་འདུག འོན་ཀྱང་། ལས་འགུལ་ལ་ངོས་འཛིན་ཐད་ནས་ང་ཚོས་ད་བར་རྩོད་གླེང་བྱས་པ་ནི་འཚེ་བ་ཡིན་མིན་གྱི་སྐད་ཆ་ཕྲན་བུ་འདི་ལས་རང་སྟོབས་རང་སྤེལ་གྱི་གོ་དོན་ཡོད་པའི་མི་ཆོས་ཀྱི་ཕྱོགས་ནས་འགྲེལ་བཤད་ཕལ་ཆེར་སྐྱོན་མེད། གཅིག་བྱས་ན་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུས་འཚེ་བ་ཟེར་བ་འདི་རང་ཉིད་ཀྱིས་སྤེལ་ཆོག་པ་ལས་གཞན་གྱིས་སྤེལ་ན་འཇིག་རྟེན་སྟེང་སྙིགས་རོར་ཕུད་ཀྱི་ཡོད་པས་ཡིན་སྲིད། ཁྱད་པར་གང་ཡང་མི་འདུག འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མེས་པོ་གན་དྷིས་ཀྱང་རང་དབང་ཆེད་རང་ཉིད་བློས་བཏང་མི་ཆོག་པའི་ཐ་ཚིག་གང་ཡང་བསྒྲགས་མྱོང་མེད།
བོད་མི་མེར་བསྲེགས་གནང་མཁན་རྒན་གྲས་ཤིག་གིས་ཞལ་ཆེམས་གནང་དོན་ “བོད་རྒྱལ་ཁབ་ཀྱིས་རང་ས་ཟིན་པའི་དོན་དུ་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།” འདི་ལྟ་བུའི་ཞལ་ཆེམས་ལ་ཉན་དུས་ང་ཚོས་སྲིད་དོན་གྱི་བདག་དབང་གཅིག་པུའི་ཐད་ནས་གོ་བ་བླངས་ན་དེ་ནི་འཁྲུག་ཆ་དོད་པོའི་ཆབ་སྲིད་ཀྱི་གནད་དོན་གཅིག་པུར་འགྱུར་སྲིད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་<< འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་>> སུ་འཁོད་པ་ལྟར་ན་ང་ཚོ་མི་རེ་རེར་རང་ཉིད་ལ་དབང་པའི་རྒྱུ་ནོར་དང་དེའི་བདག་དབང་ཡོད་ཅིང་། རྒྱུ་ནོར་ནི་ས་ཞིང་དང་ཁང་པ་ལྟ་བུ་ཡིན། ཀྲུང་གུང་གི་དབང་འོག་ཏུ་ཡོད་པའི་མི་སེར་སུ་ཞིག་གིས་རང་ཉིད་ཀྱི་འཚོ་བ་རོལ་སྟངས་དང་ས་ཞིང་གི་བདག་དབང་རང་ཉིད་ལ་ཡོད་པར་ཡིད་ཆེས་བྱེད་ཐུབ་བམ། འདི་ལྟ་བུའི་ཨུ་ཚུགས་ཅན་ད་སྔ་བྱུང་མྱོང་ཡང་། བྱ་བ་ལམ་འགྲོ་བྱུང་བའི་མི་གཅིག་ཀྱང་མེད། དེའི་རྐྱེན་གྱིས་རང་གིས་མྱོང་བའི་དཀའ་ངལ་ལ་བརྟེན་ནས་གཞན་དག་གི་ཆེད་དུ་རང་སྲོག་བློས་གཏོང་བ་འདི་ནི་ཆབ་སྲིད་ཀྱི་ལྟ་གྲུབ་དང་། རྒྱལ་གཅེས་དཔའ་བོ། ཆོས་ལུགས་ཀྱི་དད་མོས་ཙམ་གྱི་གནས་བབ་ལས་བསྐྱུར་མི་རུང་བ་མ་ཟད། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིན་མིན་ཡང་དགོས་གལ་ཆེན་པོ་མེད་པ་རེད། ཁྱོད་ཀྱིས་བསམ་བློ་བཏང་མེད་པའང་སྲིད། རང་བསྲེགས་ངོ་རྒོལ་གནང་མཁན་གྱིས་བཟོད་བསྲན་དཀའ་བའི་ན་ཟུག་མང་པོ་རང་གི་ལས་དོན་ལ་བལྟོས་པས་ཆུང་ཆུང་ཞིག་ཏུ་སྒོམ་པ་ལས་མེ་ཡིས་འཚིག་པ་དེ་ངུ་འབོད་དང་མཉམ་དུ་ཡོང་ངེས་ཡིན།
དང་པོ། རང་བསྲེགས་ངོ་རྒོལ་གྱི་གོ་དོན།
༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་པའི་ཆོས་ཀྱི་དགོངས་དོན་ལྟར་ན། རང་བསྲེགས་གནང་བ་འཚེ་བ་ཡིན་དང་མིན་གང་ཟག་སོ་སོའི་ཀུན་སློང་ལ་རག་ལས་ཡོད་པས་དེ་སུས་ཀྱང་བཤད་མི་ཐུབ་པའི་བཀའ་སློབ་གནང་ཡོད། འོན་ཀྱང་། མེ་ལྕེའི་གཟི་འོད་མ་བཟོད་པའི་མི་མང་པོ་ཞིག་གི་ཁ་རུ་ཡ་ཆུང་ནས་འཚང་ཁ་རྒྱབ་ནས་ཕྱིར་ཐོན་པའི་སྙན་ཚིག་ནི་འདི་ལྟ་དེ། “རྒྱལ་སྲས་བྱང་ཆུབ་སེམས་དཔའ། གཞན་དོན་དུ་གཅེས་སྲོག་གཏོང་མཁན།”ཚིག་འདི་གཉིས་ཆོས་གཞུང་གི་བླ་མེད་ཀྱི་གོ་ཐོབ་ཞིག་ཡིན་སྲིད་ཀྱང་། གུས་པའི་ཤེས་ཚོད་ལྟར་ན་གཞན་དོན་དུ་གཅེས་སྲོག་བཏང་བ་ཁོ་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རུ་འགྱུར་མི་ཐུབ་པ་དང་། ཀུན་སློང་ལ་གཙོ་བོར་བལྟ་དགོས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སུ་ཞིག་གིས་འདི་རུ་ཚོར་སོང་བ་ལྟ་བུའི་གཏམ་གླེང་ལའང་སྙིང་བོ་ཆེར་མི་འདུག
མགོན་པོ་ཀླུ་སྒྲུབ་ཀྱིས་ཚོང་ལས་བྱས་པ་ལ་བརྟེན་ནས་དགོན་པ་ནས་ཕྱིར་ཕུད་གཏོང་དུས་དང་། གང་ཉིད་ཀྱི་མགོ་བོ་རྩྭ་འཇག་མ་གཅིག་གིས་ས་ལ་འཕེན་དུས་སུས་ཀྱང་ཁོང་ཉིད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིན་པ་ཚོར་མེད་ལ། རྒྱལ་སྲས་ཞི་བ་ལྷར་འདུ་ཤེས་གསུམ་པ་ཞེས་པའི་མ་རབས་ཀྱི་ཆོ་ལོ་དེ་སྦྱོར་དུས་ཀྱང་ཁོང་ཉིད་བྱང་ཆུབ་སེམས་དཔའ་ཡིན་པ་སུས་ཀྱང་ཤེས་མེད། དེ་ཡི་རྒྱུ་མཚན་ཅི་ཞིག་རེད་དམ། རྒྱ་གར་ལ་སྐབས་དེར་བོད་པ་ལྟ་བུའི་ནང་པའི་ཆོས་ལ་དད་པ་བྱེད་མཁན་མེད་སོང་བ་རེད་དམ། དེ་ག་ལ་ཡིན། ནང་པའི་ཆོས་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་ “གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ་ཞིང་། ཉམས་པར་འགྱུར་ཏ་རེ།”ཞེས་བཀའ་གནང་ཡོད་ཚོད་དང་། ཤར་སྐལ་ལྡན་རྒྱ་མཚོ་མཆོག་གི་མགུར་མ་རུའང་ “བྱང་ཆུབ་སེམས་དཔའ་གང་དུ་བཞུགས་མི་ཤེས། །མཐོང་མཐོང་ཀུན་ལ་མ་སྨོད་རི་ཁྲོད་པ།།” ཞེས་སོགས་ནང་པའི་ཆོས་པ་རང་གི་གསུང་རྒྱུན་དུ་མང་བས། བྱང་ཆུབ་སེམས་དཔའ་ངོས་འཛིན་བྱེད་པ་ནི་ཧ་ཅང་ལྐོག་གྱུར་གྱི་གཞི་ཞིག་ལ་ལག་པ་འཇུ་བཞིན་ཡོད་པ་གསལ་བོ་ཡིན། འོན་ཀྱང་། འདིར་གསལ་བོ་བཤད་དགོས་པ་ཞིག་ལ་ངས་མེར་བསྲེགས་གནང་མཁན་རྣམས་བྱང་ཆུབ་སེམས་དཔའ་མ་ཡིན་པའི་རྒྱུ་མཚན་ཅི་ཡང་བཤད་ཀྱི་མེད།
ཅིའི་ཕྱིར་མེར་བསྲེགས་གནང་མཁན་ནི་ཆོས་ལུགས་ཀྱི་འཆར་ཡན་ཁྲོད་ཡོད་པའི་མི་སྣ་ཞིག་ཏུ་བཞེངས་བསྐྲུན་བྱེད་དགོས་པ་རེད་དམ། ངས་གནད་དོན་འདི་དག་གི་ཐད་ལ་བསམ་བློ་ཡང་ཡང་འཁོར་གྱི་འདུག་པ་དང་། འདི་ཉིད་ཕན་ནུས་ལྡན་པའི་འཐབ་རྩོད་ཀྱི་བཀའ་མོལ་ཞིག་ཡིན་པ་ལ་ང་རང་དོགས་པ་ཟ་བ་མ་ཟད་ཞན་ཆ་ཞིག་ཏུ་མཐོང་གི་འདུག འདི་ལྟ་བུ་ནི་ང་ཚོས་འདས་པའི་ལོ་རྒྱུས་ལས་རྒྱུན་དུ་ཚོར་ཐུབ་པ་དང་། <<གེ་སར་རྒྱལ་པོའི་སྒྲུང་>>ལྟ་བུའི་ནང་དུའང་གེ་སར་རྒྱལ་པོའི་གཡུལ་འགྱེད་ཀྱི་དགོས་པ་ཆ་ཚང་ཆོས་ཀྱི་དགོངས་དོན་དར་སྤེལ་གཏོང་བའི་ཆེད་གཅིག་པུ་ཡིན་པ་འགྲེལ་བཤད་བྱས་ཡོད། གཅིག་བྱས་ན་སེམས་ཁམས་འདི་ལྟ་བུ་ནི་བོད་ཡིག་ལ་བརྟེན་པའི་སློབ་གསོའི་འབྱུང་ཁུངས་ཆོས་བྱེད་དགེ་འདུན་པའི་སྡེ་གཅིག་པུ་ཡིན་པའི་འདས་པའི་གནས་སྟངས་དེའི་རྐྱེན་གྱིས་ཡིན་ངེས།
ང་ཚོར་དོགས་པ་གཞན་ཞིག་ཡོད་པ་ནི་ད་བར་རང་ལུས་མེར་བསྲེགས་གཏོང་མཁན་ནི་ནང་པའི་ཆོས་གཞུང་གི་མི་སྣ་སྟེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པར་ཉམས་བཞེས་གནང་བའི་ཆེད་དུ་ཡིན་སྲིད་དམ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལས་ཀྱི་བགྱི་བགོ་ལ་ཆབ་སྲིད་ཀྱི་གོ་དོན་དང་། འགྲོ་བ་མིའི་ཐོབ་ཐང་གི་གོ་བ་ཡོད་པའི་འཐབ་རྩོད་དེ་མེད་པ་འདྲ། གལ་སྲིད་འདི་ལྟར་མིན་ཚེ། བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་དང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལྟ་བུའི་ནང་དུ་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་དེ་ཚོས་ཆབ་སྲིད་ཡོངས་སུ་དོར་ནས་དབེན་གནས་སུ་དམ་པའི་ཆོས་ཉམས་སུ་ལེན་པར་སོང་བའི་བྱུང་རབས་དེ་ལྟ་བུ་བསྐྲུན་པའི་དགོས་པ་ཅི་ཡོད། ཆོས་ཀྱི་རྣམ་གཞག་ཁྲོད་དུ་ཁོང་རྣམ་པའི་གཞན་དོན་ལྷག་བསམ་གྱི་བློས་གཏོང་དེ་ལ་དཀར་པོ་དགེ་བའི་འབྲས་བུ་ཡོད་ངེས་ཏེ་ལས་འབྲས་ནི་མི་བསླུ་བ་ཞིག་མ་ཡིན་ནམ། གཞན་དོན་ནི་རྩ་ཆེན་པོ་མིན་ནམ། འོན་ཀྱང་འདི་ནི་འགྲོ་བ་མི་ཞིག་གི་རང་དབང་དང་ཐོབ་ཐང་གི་འཐབ་རྩོད་ཡིན་པས་ངོས་འཛིན་ཡང་དེ་རུ་ཡོད་དགོས་པ་རེད།
རང་བསྲེགས་ངོ་རྒོལ་གནང་མཁན་ནི་ཆོས་ལུགས་ཀྱི་འཆར་ཡན་ཁྲོད་ཀྱི་མི་སྣ་ཞིག་གམ་ཆོས་ཀྱི་ཉམས་ལེན་ཞིག་ཏུ་མཐོང་ཚེ་ང་ཚོའི་འཐབ་རྩོད་ནི་རྒྱ་གཞུང་གི་སྲིད་ཇུས་མ་འགྲིག་པའམ་འདྲ་མཉམ་མིན་པའི་གནས་སྟངས། འགྲོ་བ་མིའི་ཐོབ་ཐང་སོགས་གང་ལའང་འབྲེལ་བ་ཆགས་ཀྱི་མིན་ཞིང་། དེ་ནི་ཕྱི་རོལ་མུ་སྟེགས་པ་ཞེས་ཆོས་ལུགས་ཀྱི་ལྟ་གྲུབ་ནང་འབྱུང་བའི་མདུང་རྩེ་ལྔར་མཆོངས་ཏེ་རང་སྲོག་གཅོད་མཁན་དང་། མེ་ལྔ་བསྟེན་པ་ཟེར་བ་དེ་དག་དང་གྲུབ་མཐའི་ཁྱད་པར་ཙམ་ལས་གཞན་ཅི་ཞིག་འབྱུང་ཐུབ། དོན་དངོས་བཤད་ན་བོད་མི་རྣམས་ཀྱིས་རང་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་འདི་ནི་འཚོ་བ་དང་འདོད་མོས་ཀྱི་བདག་དང་འབྲེལ་བ་ཡོད་པ་ཞིག་ལས་ཆོས་ཀྱི་ཉམས་ལེན་སྟེང་གི་སྐད་ཆ་ཅི་ཡང་དགོས་མཁོ་མེད་པ་རེད། དེའི་རྐྱེན་གྱིས་རང་ལུས་མེ་ལྕེའི་དམར་པོའི་ཀློང་དུ་དྲངས་ཏེ་རང་དབང་གི་འབོད་སྒྲ་བསྒྲགས་པ་འདི་ལ་རང་ལུས་མཆོད་མེར་ཕུལ་བའི་གོ་དོན་ཡང་ཁྱོན་ནས་མེད་པ་རེད།
གཉིས་པ། རང་བསྲེགས་གནང་མཁན་གྱི་“བདག་”སྣང་མེད་དུ་བཏང་བར་དགག་པ།
རང་བསྲེགས་ངོ་རྒོལ་ནི་ཆོས་ཀྱི་ཉམས་ལེན་མ་ཡིན་པར་འཇིག་རྟེན་གྱི་ལོག་ལམ་ལ་དགག་པ་ཡིན། དེའི་རྐྱེན་གྱིས་ངོ་རྒོལ་གནང་མཁན་གྱིས་ “ང་ཚོར་རང་དབང་དགོས་དང་། བོད་རང་བཙན་ཡིན། བོད་རྒྱལ་ཁབ་ཀྱིས་རང་ས་འཛིན་ཐུབ་པའི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་ཡིན་”ཟེར་གྱི་ཡོད། བོད་མི་རྣམས་ཀྱིས་དད་མོས་མངོན་འདོད་ཀྱི་མཚོན་རྟགས་ལ་བརྟེན་ནས་རང་དབང་དང་ཐོབ་ཐང་རེ་སྙེག་བྱེད་ཀྱི་ཡོད། ཅིའི་ཕྱིར་རང་བསྲེགས་ངོ་རྒོལ་གནང་མཁན་རྣམས་གཙོ་བྱས་པའི་བོད་མི་རྣམས་ཀྱིས་ “ ༸གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས་” པའི་རེ་འབོད་བྱེད་ཀྱི་ཡོད་པ་རེད་དམ། ཁོང་ནི་བོད་མི་རིགས་ལ་མཚོན་ན་རང་དབང་དང་ཐོབ་ཐང་གི་འབྱུང་རྩ་ཡིན་པས་རེད། ང་ཚོར་དོ་སྣང་འབྱུང་དགོས་པ་ཞིག་ལ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཁྲོད་དུ་ཐ་སྙད་ཉེ་བ་ལ་འཇུག་པ་ཞིག་དང་། རིང་པ་ལ་འཇུག་པ་གཉིས་ཀྱི་ཁྱད་པར་བཤད་ཀྱི་ཡོད། དེ་ནི་ “འདི་” ཞེས་པ་དང་ “ དེ་”ཞེས་པ་འདི་གཉིས་ཡིན། ཐ་སྙད་ཉེ་རིང་གི་འཇུག་པའི་གནད་དོན་འདིས་ང་ཚོར་གོ་བ་མ་འདྲ་བ་ཞིག་སྤྲོད་ཀྱི་ཡོད། ང་ཚོས་འདི་ལྟ་བུ་ལ་བརྟེན་ནས་༸གོང་ས་མཆོག་ཇི་ལྟར་བོད་ཀྱི་རང་དབང་དང་ཐོབ་ཐང་གི་འབྱུང་རྩ་ཡིན་པའི་རྒྱུ་མཚན་རྙེད་ཐུབ་ཅིང་། ཁོང་གི་བཀའ་སློབ་དུ་ཉིན་མ་རེ་རེ་དང་། དུས་ཚོད་རེ་རེའི་རང་དབང་དང་བདེ་སྐྱིད་གསུངས་ཡོད། དེ་ནི་ང་ཚོ་དང་ཧ་ཅང་ཉེ་བའི་ཚེ་ “འདི་” རེད།
ང་ཚོས་ཚེ་འདི་དང་ལོ་ཟླ་ཉིན་མ་རེ་རེའི་རང་དབང་དང་། ཐོབ་ཐང་གི་ཆེད་དུ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཀྱི་ཡོད་ལ། རང་ཉིད་གང་ལ་གོམས་པའི་སྐད་དང་ཡི་གེ་ལས་འཚོ་བ་རོལ་ཆོག་པའི་མཐུན་རྐྱེན་ལའང་འབད་བརྩོན་བྱེད་ཀྱི་ཡོད། གནད་དོན་འདི་ནི་རང་རེའི་སྤྱི་ཚོགས་ཁྲོད་དུ་ཁ་གསལ་གྱིས་བཤད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཁྲོད་དུ་དེ་སྔ་གླེང་མྱོང་ཞིང་། རིམ་པས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འདི་དག་ནི་“དཀའ་ངལ་” དང་ “རྔམ་སྟོན་ཁྲོམ་སྐོར་” གྱི་སྐད་ཆ་རུ་གྱུར་ཡོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༡༡ ཟླ་ ༧ པའི་ནང་བོད་མི་ཞི་རྒོལ་བ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་གཞིི་རྩའི་རང་དབང་ཆེད་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་གི་ཡོད་པར་ངོས་འཛིན་གྱིས་བསྒྲགས་གཏམ་སྤེལ་ཡོད།[2] འདི་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་ཡིན།
རྡ་རམ་ས་ལའི་ཆབ་སྲིད་ཀྱི་བཀའ་མོལ་གནང་ཕྱོགས་དང་བརྗོད་ཚིག་གི་འགྱུར་བ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་གྱི་ངོ་བོར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནས་འུ་ཐུག་ཐབས་ཟད་ཀྱི་སྐད་ཆར་འགྱུར་བའི་གོ་རིམ་ཀྱང་རྡ་རམ་ས་ལ་ནས་རིམ་བཞིན་མཆེད་ཀྱི་ཡོད། ངོས་འཛིན་འདི་བརྒྱུད་ནས་རྒྱལ་སྤྱིའི་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནད་དོན་འདི་ལྟར་གླེང་ཡོད་དེ། “བོད་མི་སྐྱ་སེར་དེ་དག་འུ་ཐུག་ཐབས་ཟད་པའི་གནས་སྟངས་ཆགས་པའི་རྐྱེན་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་ཐུག་པ་རེད”[3] ཅེས་ཟེར། འདིའི་ནང་དུ་གནད་དོན་གང་ཞིག་གིས་འུ་ཐུག་ཐབས་ཟད་ཆགས་པའི་གཞི་རྩ་གླེང་མེད་ཅིང་། ང་ཚོའི་རང་བསྲེགས་གནང་མཁན་གྱི་མངོན་འདོད་དམ་ “བདག་” ཀྱང་འུ་ཐུག་ཐབས་ཟད་ཀྱི་ངོས་འཛིན་ཙམ་དུ་གྱུར་ཡོད། ཟླ་ངོ་རེ་ཟུང་བར་གྱི་འགྱུར་བ་འདི་ལ་བོད་ཀྱི་ནུས་པའི་ཚོད་འཛིན་བྱེད་ཐུབ་པ་དཀའ་ནའང་ཤུགས་རྐྱེན་ངེས་པར་ཡོད་པ་རེད།
འགྱུར་བ་ཇི་ལྟར་སོང་ཡོད་མེད་ལ་མ་ལྟོས་པར་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་བསྲེགས་གནང་མཁན་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱས་པའི་གནད་དོན་ཐད་ལ་རྒྱ་ནག་གཞུང་གིས་ཧ་ཅང་དགོད་བྲོ་བའི་སྐད་ཆ་བཤད་ཀྱི་ཡོད། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ལས་ཁུངས་ CCTV བརྙན་འཕྲིན་ཁང་གིས་བསྒྲིགས་པའི་བརྙན་འཕྲིན་ཞིག་གི་ནང་བོད་མི་རྣམས་ཀྱིས་མེར་བསྲེགས་གནང་བ་ནི། རང་དབང་དང་ཐོབ་ཐང་གི་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཡིན་པར། མི་སྒེར་གྱི་མཚན་སྙན་གྲགས་ཆེད་ཡིན་པར་འཁྱོག་བཤད་བྱས་ཡོད། འདི་ནི་ཧ་ཅང་དགོད་བྲོ་བ་ཞིག་ཡིན་པ་མ་ཟད། མིའི་ཀུན་སྤྱོད་ཅི་ཡང་མེད་པའི་དམའ་འབེབ་བྱས་ཡོད། མེར་བསྲེགས་ཀྱིས་འདས་གྲོངས་སོང་བ་རྣམས་ལ་དཔའ་བོའི་མཚན་བྱང་ཞིག་གིས་ཅི་ཞིག་ཕན་གྱི་རེད་དམ། ཞིབ་ཏུ་དཔྱད་ན་ཁོང་ཚོའི་ཁྲོད་དུ་འདི་འདྲའི་གླེན་སྤྱོད་ཅན་ཡོད་པའི་རྒྱུ་མཚན་ཅི་ཡང་མི་འདུག
རྒྱ་ནག་གཞུང་གིས་མེར་བསྲེགས་ངོ་རྒོལ་བྱེད་མཁན་རེ་རེ་ལ་གཟུགས་བརྙན་མ་འདྲ་བ་རེ་རེ་བཞེངས་བསྐྲུན་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། འབད་བརྩོན་དེ་ནི་མི་སྒེར་གྱི་དཀའ་ངལ་ཕྲན་བུའི་རིགས་ཏེ་ཁྱིམ་ཚང་ནང་ཁུལ་གྱི་དཀའ་ངལ་དང་བཟའ་ཟླའི་ཁ་རྩོད། ཡིག་ཚད་མ་ལོན་པའི་སློབ་མ་ཡིན་པ་སོགས་བཤད་དེ་འཚོ་བ་རོལ་བའི་སྙིང་སྟོབས་མེད་པར་རང་སྲོག་བཅད་པ་ལྟ་བུར་བཟོ་བཞིན་ཡོད། བཤད་སྟངས་འདི་རྒྱ་ནག་ནང་ཁུལ་དུ་འཇུག་བདེ་བོ་ཡོད་སྲིད། བསམ་བློའི་རྒྱབ་རྟེན་མེད་པ་ལ་བརྟེན་ནས་རྒྱ་ནག་གི་སྤྱི་ཚོགས་ནང་དུ་རང་སྲོག་གཅོད་པའི་གནད་དོན་མང་པོ་སླེབས་ཀྱི་ཡོད། འོན་ཀྱང་། ནང་པའི་ཆོས་ཀྱིས་སེམས་པ་ཡོངས་སུ་ཟིན་པའི་བོད་མི་རྣམས་ཇི་ལྟར་འདི་དང་བསྡུར་བ་བྱེད་ཐུབ། སྤྲོ་འཛུམ་གྱིས་ཡོངས་སུ་ཁེངས་པའི་འདས་པོ་རྣམས་ཀྱི་སྐུ་པར་ལས་རྒྱ་གཞུང་གི་ཁྱབ་བསྒྲགས་དེ་ནི་རྒྱུས་མེད་བབ་ཅོལ་རང་ཡིན་པ་གསལ་བོ་ཤེས་ཐུབ་ཅིང་། གལ་སྲིད་རྒྱ་གཞུང་གི་བཤད་ཕྱོགས་ལྟར་ཡིན་ཚེ་འདས་པོ་རྣམས་ཀྱིས་ཚེ་མཇུག་གི་ཚད་མེད་པའི་སྡུག་བསྔལ་དེ་མྱང་དགོས་དོན་ཅི་ཡང་མི་འདུག ཁོང་ཚོ་ཧ་ཅང་ལྷོད་ལྷོད་དང་ཁ་ཁུ་སིམ་པོའི་ངང་འཇིག་རྟེན་ལ་ཁ་བྲལ་ཆོག་ལ། འཁོར་བའི་སྡུག་བསྔལ་དང་ཁ་བྲལ་ནས་རི་ཁྲོད་དབེན་གནས་སུ་ཆོས་ཉམས་ལེན་བྱེད་པར་བསྐྱོད་ཀྱང་ཆོག དབེན་གནས་སུ་ཕེབས་པའི་བོད་མི་སྔོན་བྱོན་པའི་གཏམ་རྒྱུད་ཀྱིས་བོད་ཀྱི་དམངས་ཁྲོད་དུ་ཡོངས་སུ་ཁྱབ་ཡོད་ཅིང་། དེ་ནི་ཆེས་ཕུལ་དུ་བྱུང་བའི་སྙིང་སྟོབས་ལའང་ངོས་འཛིན་བྱེད་པ་རེད།
ང་ཚོས་གསལ་བོར་ཤེས་པ་ནི་རྒྱ་ནག་གཞུང་ལ་རང་བསྲེགས་ངོ་རྒོལ་གནང་མཁན་རྣམས་ཀྱིས་རང་ཉིད་ཡོངས་སུ་བློས་བཏང་ནས་འགྲོ་བ་མིའི་རིགས་ལ་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་པར་བློ་ཐག་བཅད་ཡོད། བློས་གཏོང་འདིས་ནི་རང་དབང་དང་ཐོབ་ཐང་ལ་རེ་སྙེག་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ཧ་ཅང་གསལ་ཞིང་། མ་མཐའ་ཡང་བོད་ཀྱི་རང་བསྲེགས་ངོ་རྒོལ་གྱི་དམིགས་གཏད་འདིའི་ཐད་དུ་ཡོད། གང་ཡིན་ཟེར་ན། རང་བསྲེགས་གནང་མཁན་གྱི་སྐད་འབོད་དང་། ཁ་ཆེམས་ཡི་གེའི་ནང་དུ་དེ་སྔའི་ “རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་” ལྟ་བུའི་བརྗོད་ཚིག་མེད་ཅིང་། བོད་ལ་རང་དབང་དགོས་པའི་སྐད་འབོད་དེ་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་སྟེ་དད་མོས་དང་། རང་ཉིད་ཀྱི་འཚོ་བའི་ཁོར་ཡུག རང་ཐག་རང་གཅོད་བཅས་ཀྱི་གནད་དོན་སྟེང་དུ་ཡོད་པ་རེད།
གནད་དོན་གྱི་རྩ་བ་འདི་ཉིད་རྒྱ་ནག་གཞུང་གིས་མི་དམངས་ཤོག་སྒོར་ཁྲི་བརྒྱ་ཡིས་ཉོ་རྒྱུ་ཡོད་པར་བསམ་ཡོད། འགྲོ་བ་མིའི་ཐོབ་ཐང་ནི་སྒོར་མོས་ཉོ་ཐུབ་པ་ཡིན་ཚེ་དེ་ནི་མིའི་གཞི་རྩའི་ཐོབ་ཐང་ཆགས་ཐབས་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་<<འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་>>དེ་ཡང་སྟོབས་ཆེན་རྒྱལ་ཁབ་གཅིག་གམ། ཕྱུག་བདག་རེ་ཟུང་ལ་དབང་བར་འགྱུར་ངེས། གནད་དོན་འདི་ནི་རྒྱ་ནག་གཞུང་གིས་མིའི་འདོད་མོས་དང་རང་གཤིས་ལ་རྒྱུས་ལོན་བྱེད་མ་ཐུབ་པའམ་དང་ལེན་བྱེད་མ་ཐུབ་པ་ལས་བྱུང་ཞིང་། འགྲོ་བ་མིའི་རང་དབང་དང་མངོན་འདོད་ལ་བརྩི་བཀུར་མི་བྱེད་པར་དམའ་འབེབ་བྱེད་པའི་སྤོབས་པའང་དེ་ལྟ་བུའི་གོ་མེད་ཚོར་མེད་ངང་འབྱུང་གི་ཡོད།
གསུམ་པ། དགའ་སྐྱོ་ཆགས་སྡང་གི་མི་ཚེ་མཇུག་བསྡུས་པའི་རྗེས་འབྲས།
བོད་མི་རྣམས། བྱེ་བྲག་གིས་བཤད་ཚེ་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་སྐྱེས་པའི་བོད་མི་རྣམས་ཀྱིས་འདྲ་མཉམ་དང་། རང་དབང་གི་ཚོར་བ་ཇི་འདྲ་ཞིག་ཡིན་པ་བཤད་མི་ཤེས། གཅིག་བྱས་ན། རང་དབང་གི་དགོས་གལ་རང་བཞིན་དེ་རང་དབང་ཅན་གྱི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་མི་རྣམས་ཀྱིས་ང་ཚོ་ལས་ལྷག་ཤེས་ཀྱང་། རང་དབང་མེད་པའི་ཚོར་སྣང་དེ་ཁོ་ཚོས་གསལ་བོ་བཤད་ཐུབ་ཀྱི་མ་རེད། བོད་མི་རྣམས་ཀྱིས་ལོ་ངོ་ལྔ་བཅུ་ང་གྲངས་སམ། ཡང་ན། དེ་ལས་མང་པོའི་རིང་རང་ཉིད་ཀྱིས་བྱེད་འདོད་ཡོད་པའི་ལས་ཀ་ཅི་ཡང་བྱས་མྱོང་མེད་ཅིང་། དེ་ལས་ཀྱང་རང་གི་གོ་རྟོགས་སྐྱེ་སའི་མི་རིགས་ཀྱི་སེམས་ཁམས་རང་བཞིན་གྱི་གསར་གཏོད་ཅི་ཡང་བྱེད་ཐུབ་མེད།
ཕྱི་ལོ་ ༡༩༥༩ ནས་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་འཐོར་མགོ་བརྩམས་ཡོད་པ་དང་། དེ་ནས་བཟུང་བོད་ལ་ཕྱི་ནང་གཉིས་ཀྱི་དབྱེ་བ་བྱུང་ཡོད། ལྟོས་བཅོས་ཀྱིས་བྱེས་ཀྱི་བོད་མི་རྣམས་ལ་རང་དབང་གི་འཚོ་བ་ཉམས་སུ་མྱོང་བའི་གོ་སྐབས་རག་ཡོད་ཀྱང་། བོད་ཀྱི་རྩ་དོན་དང་མི་སྒེར་གྱི་གསར་གཏོད་ཀྱི་རིགས་གང་ཡིན་ཡང་ཧ་ཅང་གི་གཞན་བརྟེན་གྱི་ངོ་བོར་གནས་ཡོད་པ་རེད། འདིའི་དོན་ནི་དཔལ་འབྱོར་གྱི་མཐུན་རྐྱེན་ཁོ་ན་མ་ཡིན་པར་ཡོངས་ཁྱབ་སྲིད་ཇུས་ཀྱི་ངོས་ནས་བཤད་ཀྱི་ཡོད། ལྷག་པར་ཏུ། བོད་ནང་དུ་བཞུགས་པའི་བོད་མི་རྣམས་ནི་རང་དབང་མེད་པའི་གནས་བབ་ཀྱི་སྟེང་དུ་མི་རིགས་དབྱེ་འབྱེད་ཀྱི་གྲལ་རིམ་ནང་ལྷུང་ནས་འདྲ་མཉམ་གྱི་གོ་སྐབས་ཀྱང་མེད་པ་རེད། གནས་བབ་འདི་ནི་བོད་མི་རྣམས་ཀྱིས་འཇིག་རྟེན་སྟེང་ངོ་མཚར་ཆེ་བའི་གསར་གཏོད་ཀྱི་ལག་རྗེས་འཇོག་པའི་ལམ་ཁ་བཀག་པ་དང་ཁྱད་པར་ཅི་ཞིག་ཡོད། གུ་ཡངས་མོས་བཤད་ན་འདི་ནི་ལས་རིགས་ཐད་ཀྱི་གནད་དོན་ཡིན་པར་བཤད་ཆོག་ཀྱང་། བོད་མི་རྣམས་ལ་འདི་ལས་ཀྱང་སྐྱི་གཡའ་བའི་གནས་བབ་ཡོད་པ་རེད།
སེམས་ཁམས་རིག་པ་བ་རྣམས་ཀྱིས་བཤད་རྒྱུར། མི་རྣམས་ལ་ངེས་པར་ཏུ་བསམ་བློའི་རྒྱབ་རྟེན་དགོས་ཤིང་། དེ་ཡང་གཙོ་ཆེ་ཤོས་ཆོས་ལུགས་དང་། དད་མོས་བྱེད་སའི་སྐྱེས་བུ་གང་རུང་གི་ལམ་སྟོན་དང་དགོངས་པ་ལས་བདེ་སྐྱིད་ཀྱི་ཚོར་བ་ལེན་ཐུབ་ཀྱི་ཡོད། མཐར་ཐུག་ན་བཟང་སྤྱོད་དང་ཡ་རབས་ཀྱི་གོམས་གཤིས་སོགས་ནང་སེམས་ཀྱི་བདེ་སྐྱིད་ལས་མི་རྣམས་ཀྱི་འཚོ་བ་ལ་སྤྲོ་སྣང་ཡོང་གི་ཡོད། འོན་ཀྱང་། འདི་དག་ཀྱང་། ངས་བསམ་ན་རང་གཅིག་པུའི་འབད་བརྩོན་ལས་འབྱུང་དཀའ་བ་མ་ཟད། ཕྱི་རོལ་ལ་ལྟོས་མེད་ཀྱིས་རང་སེམས་ཀྱི་བདེ་སྐྱིད་འཚོལ་ཐུབ་མཁན་ཧ་ཅང་དཀའ་མོ་ཡིན། ཆོས་ལུགས་དད་མོས་རང་དབང་གི་ལག་ལེན་ཅན་གྱི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ནང་དུ་མིའི་ནང་སེམས་ལ་འགན་འཁུར་བླངས་ཡོད་པའི་ཆ་གཅིག་འདི་ཡིན་ངེས། བོད་མི་རྣམས་ཀྱིས་ཆོས་ལུགས་དད་མོས་རང་དབང་གི་ལོངས་སྤྱོད་འདི་ཡང་ཉེས་པ་ཞིག་ཏུ་འཁུར་དགོས་པ་མ་ཟད། ཧ་ཅང་ལྗིད་ཁོག་ཆེ་བའི་ཆབ་སྲིད་ཀྱི་རྡུག་རྡེག་ཕོག་གི་ཡོད་ཅིང་། སྤྱི་དམངས་ཀྱི་ཐོབ་ཐང་འཕྲོག་པ་དང་། བཙོན་དུ་འདུག་དགོས་པ་སོགས་ཀྱང་འབྱུང་གི་ཡོད།
བཙན་འཛུལ་རྗེས་སུ་བྱུང་བའི་བོད་ཀྱི་བརྩམས་སྒྲུང་ནང་གི་མི་སྣ་བཞེངས་བསྐྲུན་བྱེད་སྟངས་ཀྱིས་ང་ཚོ་ལ་བོད་མིའི་སེམས་ཁམས་ཀྱི་འགྱུར་བ་སྟོན་ཐུབ་པ་དང་། ལྷག་པར་ཏུ་དེ་ལས་ཀྱང་ཕྱི་ལོ་ ༢༠༠༠ ཡས་མས་ཀྱི་བརྩམས་སྒྲུང་ནང་གི་མི་སྣ་བཞེངས་བསྐྲུན་ལས་ང་ཚོར་སྤྲོ་སྣང་ལྡན་པའི་མི་རིགས་ཤིག་གི་ཉམས་ཆག་རང་བཞིན་གསལ་བོར་སྟོན་པ་རེད། གློག་བརྙན་དང་བརྩམས་སྒྲུང་གང་ཡིན་ཡང་དེའི་ནང་ཡོད་པའི་མི་སྣ་རྣམས་ནི་སྐྱོ་སྣང་དང་ཡིད་ཆད་ཀྱི་རྣམ་པའི་ཡོད་ཅིང་། དཔེར་མཚོན་ཁ་ཤས་བཀོད་ཚེ་<<ཁ་སང་གི་གཏམ་རྒྱུད་>>ཞེས་པའི་གློག་བརྙན་ནང་གི་ཨ་མྱེ་ཉི་མ་དང་། ཉེ་བའི་ཆར་ཐོན་པའི་སྐད་གྲགས་ཅན་གྱི་བོད་ཀྱི་གློག་བརྙན་<<ཁྱི་རྒན་>>ནང་གི་བགྲེས་སོང་ཁོང་ལྟ་བུ་རེད།
ཁོང་གཉིས་ཀྱིས་གློ་བུར་དུ་འགྱུར་བའི་སྤྱི་ཚོགས་ཀྱི་རྣམ་པ་ལ་དང་ལེན་བྱེད་ཐུབ་ཀྱི་མེད་ཅིང་། ཨ་མྱེ་ཉི་མས་སྐྱོ་སྣང་ནི་མདོ་མཛངས་བླུན་དང་། ཡ་རབས་བཟང་སྤྱོད་ལ་སྐུལ་བའི་སྒྲུང་ཉན་མཁན་རྣམས་རིམ་བཞིན་ཁ་འཐོར་བ་དང་། ལོ་ངོ་སྟོང་ཕྲག་རིང་རྩྭ་ས་མཉམ་སྤྱོད་ཀྱི་ལམ་ལུགས་བསྒྱུར་ཏེ་བཅད་བགོས་བྱས་པས་ཁེར་རྐྱང་གི་སུན་སྣང་སླེབས་པ། འཚོ་བའི་གོམས་གཤིས་ལ་འགྱུར་བ་ཐེབས་པ་མ་ཟད་སྦྲ་ནག་གློ་བུར་དུ་ཁང་པར་བསྒྱུར་བའི་སྐྱོ་སྣང་སོགས་ལས་མི་ཚེ་མཇུག་སྒྲིལ་ཡོད་པ་དང་། <<ཁྱི་རྒན་>>གྱི་ནང་དུ་བགྲེས་སོང་ཁོང་གིས་མི་རིགས་ཀྱི་སེམས་ཁམས་རང་བཞིན་གྱིས་གཅེས་པར་ཉར་བའི་སྒོ་ཁྱི་ཡང་ནས་ཡང་དུ་རང་དང་ཁ་བྲལ་དགོས་པ་མ་ཟད། ཁྱི་རྐུ་བ་སོགས་དེ་སྔའི་མ་རུང་ཐན་ལྟོས་ཀྱི་བྱ་བ་རྣམས་དེང་སང་ཕྱུག་པོ་ཆགས་པའི་ལམ་ཁ་རུ་གྱུར་བའི་སྣང་ཚུལ་དེ་སོགས་ལ་སྐྱོ་སྣང་གིས་གློག་བརྙན་གྱི་མགོ་ནས་མཇུག་བར་དུ་བོད་མི་རྣམས་ལ་ཡོད་པའི་འཛུམ་མདངས་རྩ་བ་ནས་མཐོང་རྒྱུ་མེད་པ་རེད།
འདི་ནི་ད་གཟོད་སེམས་ཁམས་ལ་བཙན་འཛུལ་རེད། ཀྲུང་གུང་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་རིམ་བཞིན་འདི་ལྟ་བུའི་སྤྱི་ཚོགས་ཤིག་བོད་ལ་བསྐྲུན་ཡོད་པ་དང་། ད་དུང་བཤད་ནས་རྫོགས་མཐའ་མེད་པའི་བོད་སྤྱི་ཚོགས་ཀྱི་དཀའ་ངལ་ནི་ཅི་ལྟར་བྲིས་ཚར་སྲིད། དེའི་རྐྱེན་གྱིས་ང་ཚོར་སྤྲོ་སྣང་ཉམས་པའི་འཚོ་བ་སླར་གསོ་བྱེད་པའི་དགོས་གལ་ཆེ་ཞིང་། རང་དབང་དང་ཐོབ་ཐང་གི་མངོན་འདོད་ལ་བརྟེན་ནས་འདི་དག་སླར་གསོ་བྱེད་པའི་དགོས་གལ་ལ་བོད་མི་སུ་ཡང་ཐེ་ཚོམ་མེད་པ་ཡིན། ལྷམ་ལྷམ་འབར་བའི་མེ་ལྕེ་ཡིས་ང་ཚོར་འདི་དག་དྲན་གསོ་གཏོང་ཞིང་། མེ་ལྕེ་ཡི་སྒུལ་ཤུགས་ཀྱིས་ང་ཚོའི་རང་དབང་རེ་སྙེག་གི་འདུན་པ་ཧ་ཅང་གསལ་བོ་བཟོས། བརྩེ་ཆེན་སྟོན་པས་ང་ཚོར་གསུངས་རྒྱུར་ “བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་ཏུ་འཛིན། །བདག་ཉིད་བདག་གི་མགོན་གྱུར་བ། །མྱ་ངན་ནང་དུ་གདུང་མི་འགྱུར། །”
བཞི་བ། མཇུག་གཏམ་ཐུང་ཐུང་ཞིག
ངས་རྩོམ་ཡིག་འདིའི་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་རྒྱུ་མཚན་ཐད་འགྲེལ་བརྗོད་བྱས་པའི་ཁུལ་ཡིན་ཞིང་། མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་རང་དབང་འཐབ་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཞེས་བོས་ཡོད། ལྷག་པར་ཏུ་ཁོང་རྣམ་པའི་ངོ་རྒོལ་ལས་ “མིའི་ཐོབ་ཐང་འཐབ་རྩོད་ཀྱི་ཚུར་མངོན་རང་བཞིན་ལ་ངོས་འཛིན་”བྱེད་ཐུབ་ན་བསམ་པ་བྱུང་ཡོད་ཀྱང་། དེ་ཉིད་གསལ་བོ་ཆགས་ཡོད་མེད་དང་། འདས་པོ་ཐོབ་ཐང་འཐབ་རྩོད་པ་རྣམས་ཀྱི་དགོངས་པ་བཞིན་གྱི་འགྲེལ་བཤད་ཡོང་ཐུབ་མེད་པ་ངས་ཧ་ཅང་གསལ་བོ་ཤེས་ཀྱི་འདུག
ཁོང་རྣམ་པའི་མི་ཚེ་འགྲོ་བ་མི་རྣམས་ཀྱི་རང་དབང་དང་ཐོབ་ཐང་ཆེད་མ་བསྟིམས་པའི་སྔ་རོལ་ཏུ་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དང་འགྲོགས་པའི་སྡུག་བསྔལ་མྱོང་ཡོད། དེ་ཡིན་ཡང་ཁོང་རྣམ་པས་སྡུག་བསྔལ་ནས་སྡུག་བསྔལ་གྱི་ཚོར་བ་དང་ལེན་བྱས་ཤིང་། རང་ཉིད་བློས་གཏོང་གིས་ང་ཚོའི་ཆེད་དུ་རང་དབང་དང་ཐོབ་ཐང་ལ་འབོད་པ་བཏང་།
[1] ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ལས་གསལ།
[2] <<ལྕགས་ཡོས་བཙན་རྒོལ་མེ་ལྕེ་>>ལས་ལེའུ་གསུམ་པའི་བཅུ་བདུན་པར་ “བོད་མི་ཞི་རྒོལ་བ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཆེད་གཞུང་ལམ་དུ་ཐོན་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་ཞུས་དགོས་པའི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་དང་བྱེད་མུས་ཡིན། ”ཞེས་གསལ།
[3] ཕྱི་ལོ་༢༠༡༢ ཟླ་ ༡ ཚེས་ ༡༩ ཉིན་ཕ་རིན་སིའི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་བྷན་ན་ཌི་ཝ་ལི་རོ་མཆོག་གིས་གསར་འགོད་ལྷན་ཚོགས་སྟེང་གསུངས་འདུག <<ལྕགས་ཡོས་བཙན་རྒོལ་མེ་ལྕེ་>>ལ་གསལ།
རས་པ་ལགས་ནས་དངོས་ནས་དཔྱད་རྩོམ་གོ་རིམ་ལྡན་ལ་རྒྱུ་མཚན་ཡོད་པ་ཞིག་བྲིས་གནང་འདུག་པ་འདིས་རྒྱུན་ཏུ་མགོ་ནག་བོད་མི་རིགས་དང་རིག་གཞུང་ལ་སེམས་ཁུར་དང་དགའ་ཞེན་ཡོད་པ་ཤེས་ཐུབ་པས།
རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ
གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་དུ་འཇུག་དགོས་ཞེས་པའི་ཁ་གཡང་འདི་ལ་སྔོན་ཆད་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དུས་ཆབ་སྲིད་ཀྱི་དོན་སྙིང་ཡོད་ན་ཡང་། དེང་སྐབས་ཁོང་ཆབ་སྲིད་ཀྱི་བགྲེས་ཡོལ་ལ་ཕེབས་ཚར་དུས་སུ་ཁ་གཡང་འདི་ལ་ཆོས་ལུགས་ཀྱི་རྒྱབ་ལྗོངས་མ་གཏོགས་ཆབ་སྲིད་ཀྱི་རྒྱབ་ལྗོངས་ག་རེ་ཡོད་དམ། གལ་སྲིད་ཁོང་བོད་ལ་ཕེབས་ན་ཡང་ཆབ་སྲིད་ཀྱི་ཕྱག་ལས་ཅི་ཡང་མེད་པར་ཆོས་ལུགས་ཀྱི་དབང་ལུང་ཁྲིད་གསུམ་གནང་རྒྱུ་དང་། དེང་སྐབས་རྒྱ་གར་ནང་མི་དམངས་ལ་དུས་འཁོར་དབང་ཆེན་གནང་བ་དང་། གཙོ་བོ་དེ་གྲྭ་ས་ཁག་ཏུ་ཕེབས་པ་དང་ཡང་ན་གྲྭ་ས་ཁག་ནས་རྡ་སར་ཕེབས་པའི་གྲྭ་དམངས་ལ་བཀའ་ཆོས་གསུངས་པ་ལྟ་བུའི་ཆོས་ལུགས་ཀྱི་མཛད་སྒོར་མ་གཏོགས་ཕེབས་ཀི་མ་རེད། དེ་བས་གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་ཞེས་པ་འདི་ནི་བོད་མི་མང་པོའི་ཁ་ལ་བྱང་བའི་སྨོན་ལམ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ཞེས་པ་དེ་དང་ཧ་ཅང་འདྲ་བོ་འདུག་པས། འདི་ལས་ལྷག་པའི་ཆོས་ལུགས་ཀྱི་ཁ་གཡང་ཞིག་མེད་པར་འདོད། དེ་བས་ངས་ནི་གོང་ས་མཆོག་བོད་དུ་ཕེབས་འཇུག་ཟེར་ནས་རང་ལུས་མེར་སྲེག་གཏོང་བ་འདི་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་མ་གཏོགས་ཆབ་སྲིད་ཀྱི་གནད་དོན་ཞིག་རེད་མི་འདོད། རྒྱ་ནག་གིས་ལས་དོན་འདི་ཆབ་སྲིད་ཅན་དུ་བསྒྱུར་པ་ནི་ཆབ་སྲིད་ཀྱིས་ཆོས་ལུགས་པའི་ཐོབ་ཐང་གཡོ་འཕྲོག་བྱེད་པའི་གདུག་རྩུབ་ཅན་གྱི་བྱེད་ལས་ཤིག་ཏུ་མཐོང་། ཡིན་ཡང་ཁ་གཡང་དེའི་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་ཡོང་དུས་གཞི་ནས་ཁ་གཡང་དེ་ཆབ་སྲིད་ཅན་དུ་གྱུར་པ་རེད།