རྩོམ་པ་པོ། སོ་ལྟ་བ། ཡོང་ཁུངས། ཨ་འཇམ་ལགས་ཀྱི་ངོ་དེབ།
དེ་རིང་ལོ་སར་རེད་ཟེར། ངེད་ཁྱིམ་མི་ཚོས་བདེ་མོ་སྐྱིད་པོའི་ངང་ནས་ལོ་རྙིང་བ་ཕར་སྐྱེལ་མ་བྱས་ནས་ལོ་གསར་བ་ཚུར་འཛུམ་གྱིས་བསུ་རན་སོང་བ་རེད། དེ་བས་ཁྱིམ་མི་ཚོས་དགའ་སྤྲོའི་ངང་ནས་ལོ་སར་ཚེས་གཅིག་གི་ཟ་མ་དང་མགྲོན་པོ་ཚོར་སྡེར་ཁ་ཤོམ་གྱིན་འདུག ཁོ་བོས་ཁྱིམ་མི་ཚོའི་ཁེ་དབང་ལ་བར་ཆད་མ་བཏང་བར་རང་ཉིད་གཅིག་པུ་ཁང་ཆུང་ཞིག་གི་ནང་དུ་འཛུལ་ནས་དྲན་འོས་པའི་བོད་མི་འགའི་རིགས་ཞེན་གྱི་སྙིང་སྟོབས་དང་། བློས་གཏོང་གི་བསམ་བློ་བཅས་དྲན་པ་དང་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་ངས་ཁོ་ཚོར་དྲན་ཐོ་འབྲི་བ་དང་། མཆོད་མེ་བསྒྲོན་པ་བཅས་ཀྱི་ལམ་ནས་ཟླ་ཚེས་ནག་པོ་ཞིག་གི་ཕྱི་ནང་ཉུལ་མགོ་བརྩམས་པ་ཡིན། ལོ་སར་བ་ཚུར་བསླེབས་ཀྱང་ཁོ་བོའི་སེམས་སུ་རྟག་ཏུ་ཡལ་མི་སྲིད་པ་ནི་མེ་ལྕེ་ཞིག ཟུངས་ཁྲག་ཅིག སྐད་འབོད་ཅིག་རེད། ཁོ་བོས་རྒྱུན་པར་དྲན་ཡོང་བ་ནི་མེ་ལྕེའི་འོག་གི་བོད་རེད། མེ་ལྕེ་དང་ལྷན་དུ་བཞུད་སོང་བའི་ཁོ་བོའི་སྤུན་ཟླ་དག་རེད། ཁོ་ཚོའི་མིག་གཉིས་ད་དུང་བདེ་བར་གཟིམས་ཐུབ་མེད། བོད་མིའི་བདེ་སྡུག་དང་། ཐོབ་ཐང་། བོད་མིའི་དད་མོས་བཅས་སྙིང་ལ་བཅངས་ནས་ཁོ་ཚོའི་རྣམ་ཤེས། ཁོ་ཚོའི་བླ་དང་སྲོག བོད་ཡུལ་ལུང་བ་ན་ད་དུང་ལྷག་ཡོད་པ་ངའི་ཚོར་བས་ཟིན་ཡོད།
ཀྱེ་ཀྱེ། ཁོ་ཚོས་རང་གི་ཚོར་ལྡན་གྱི་ཕུང་བོ་མེ་ལ་བསྒྲོན་ནས་རིགས་ཞེན་གྱི་སྒྲོན་མེ་དཔར། ཁོ་ཚོས་མི་རིགས་ཤིག་གིས་མནར་གཅོད་དང་། སྡུག་བསྔལ་མྱོང་བཞིན་པ་དམར་རྗེན་དུ་ཕུད་ནས་མེ་ལྕེ་དང་ལྷན་དུ་ཁ་ཆེམས་བཞག སྐད་འབོད་རྒྱབ། ཁོ་ཚོས“གོང་ས་མཆོག་བོད་ལ་ཕེབ་ཏུ་ཆུག མི་རིགས་ཁ་བྲལ་དུ་མ་གཏོང་།བོད་གཞིས་བྱེས་གཉིས་ཀ་ལྷན་འཛོམ་ཡོང་དུ་ཆུག”ཅེས་སྨྲ་བརྗོད་ཀྱི་དབང་ཆ་བརྩི་སྲུང་བྱས་ཏེ། ཁོ་ཚོ་མེ་ལྕེ་དང་ལྷན་དུ་ཚེ་སྲོག་གིས་ཞབས་རྗེས་གངས་ལ་དཔར་ནས་ང་ཚོ་དང་གྱེས་སོང་། རང་གི་གཉེན་ཉེ་དང་ཕ་མ་ལ་གྱེས་སོང་། ཁོ་ཚོ་དེ་ལྟར་འགྲོ་ཐུབ་ན་ཁོ་ཚོའི་རྐང་རྗེས་དང་ཁ་ཆེམས་དག་ང་ཚོས་ཅིས་ཀྱང་དྲན་དགོས། གླེང་དགོས། ཁོ་ཚོའི་ཚེ་སྲོག་ལ་ཁྲེལ་མེད་བྱ་ག་ལ་འོས། ཁོ་ཚོའི་རེ་སྨོན་དང་རྨི་ལམ་ལ་ང་ཚོས་གས་ཆག་བཟོ་ག་ལ་རིགས།
མི་སེམས་ཡོད་མཁན་ཞིག་ཡིན་ན། ཚོར་བ་བདེ་སྡུག་གིས་ཟིན་ཡོད་མཁན་ཞིག་ཡིན་ན། ཁོ་ཚོ་གང་ལ་བཞུད་སོང་བ། ཅི་ཞིག་གི་ཆེད་དུ་བཞུད་སོང་བ། ལོ་ཁར་ལོ་བརྩེགས་ཀྱང་ང་ཚོ་ཤུལ་དུ་ལུས་པ་ཚོས་བརྗེད་མི་རུང་བའི་ཟླ་ཚེས་ཤིག་ཡོད་རེད། དེ་ལྟར་བསམ་བློ་བཏང་ན་བོད་མི་སྤྱི་བོས་ལོ་སར་ཚད་བརྒལ་འདྲ་བྱས་ནས་མགོ་འཕང་མཐོན་པོ་བྱས་ཏེ་དྲྭ་ཐོག་དང་། ས་གནས་ཆེ་ཆུང་། མི་སྒེར་ཀུན་གྱིས་ལོ་སར་འུར་གྱིས་སྤུར་བ་ནི་ང་ལ་མཚོན་ན་སྤྲོ་བ་མི་འདུག ང་ལ་སྤྲོ་བ་མེད་པ་ནི་མི་སྒེར་ཞིག་རེད། སྒེར་ཞིག་ལ་སྤྲོ་བ་མེད་སོང་བ་རེད། ཡིན་ཡང་ང་སྒེར་གྱིས་མེ་ལྕེའི་འོག་གི་འདས་སོང་བའི་བོད་མི་དག་ལ་གདུང་སེམས་མཉམ་བསྐྱེད་ཙམ་བྱེད་ན་འདོད་སོང་།
ངས་མེ་ལྕེའི་འོག་གི་བོད་གླེང་བ་ནི་རང་ཉིད་བོད་ཀྱི་ཡི་གེ་བ་ཚོའི་གྲལ་དུ་འཚང་མཁན་ཞིག་ཡིན་པས་རེད། རྒྱུན་དུ་དེ་ཕྱོགས་སུ་ཁ་ལག་གཉིས་ཀ་བསྲིངས་ཅི་ཐུབ་བྱས་པ་ཡིན། རང་གིས་སྔ་གཞུག་ཀུན་ལ་བསམ་བློ་བཏང་ནས་མེ་ལྕེ་དང་ལྷན་དུ་བཞུད་སོང་བའི་སྤུན་ཟླ་དག་ད་ལྟའི་བོད་ལ་མཚོན་ན་མི་གླེང་མི་ཐུ་མེད་ཅིག་ཏུ་ཆགས་འདུག་སྙམ་ཡོད། ང་ཚོས་བསམ་བློ་ཞིག་བཏང་ན། ཚོར་ལྡན་གྱི་ཕུང་བོ་མེ་ལ་བསྒྲོན་པ་ནི་ལས་སླ་བོ་ཞིག་མིན་པ་ཀུན་གྱིས་རྟོགས་ངེས་རེད། དེ་འདྲའི་རིགས་ཀྱི་དཔའ་བོ་དག་ང་ཚོས་མི་གླེང་སུས་གླེང་། གླེང་དགོས་པ་དང་གླེང་རིན་ཡོད་པའི་རིགས་སུ་ཐེ་བས་ང་ཚོས་རང་ལྕོགས་ཀྱིས་མི་རིགས་དང་རྒྱལ་ཁབ། ས་གནས་དང་ཁྱིམ་ཚང་། མི་སྒེར་བཅས་ཀྱིས་ཧ་གོ་བ་དང་། དོན་རྟོགས་པ་ཞིག་ཅིས་ཀྱང་བྱ་དགོས་པ་རེད། རིགས་ཀྱི་དཔའ་བོ་ཚོ་ལོ་རྙིང་བ་དང་མཉམ་དུ་དུར་ལ་སྦས་མི་རུང་ལ། ལོ་གསར་བ་དང་མཉམ་དུ་ཁོ་ཚོའི་རིགས་ཞེན་དང་། སྙིང་སྟོབས། ཁ་ཆེམས་དང་། ཚེ་སྲོག་བཅས་གསར་བརྗེས་བྱས་ཏེ་ཟླ་ཚེས་ཤིག་བརྗེད་ག་ལ་རིགས། རིགས་ཀྱི་དཔའ་བོ་དག་གི་རྒྱབ་རི་དང་དཔུང་རོགས་ཤིག་ང་ཚོས་ཅིས་ཀྱང་བྱེད་དགོས། ཁོ་ཚོའི་རིགས་ཞེན་གྱི་འདང་དང་། སྙིང་སྟོབས། བདེན་ལུགས་ཀྱིས་དར་ཆ་མཐོ་རུ་བསྒྲེངས་ནས་མེ་ལྕེ་དང་མཉམ་དུ་བཞུད་ཤུལ་ནས་ཁོ་ཚོ་དྲན་དགོས། གླེང་དགོས། དེའི་ཕྱིར་དེ་རིང་ལོ་རྙིང་བ་ཕར་བསྐྱལ་ནས་ལོ་གསར་བ་ཚུར་བསུ་ཉིན། ཁོ་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཙམ་གྱི་དོད་དུ་ངས་ཁོ་ཚོ་ལ་མཚོད་མེ་རྐང་གཅིག་བསྒྲོན་ནས་དྲན་པར་བྱེད་ཀི་ཡོད།
ཁོ་བོས་དོ་ནུབ་པཎ་ཆེན་མཆོག་གི་སྐུ་པར་ཞིག་གི་མདུན་དུ་མཆོད་མེ་རྐང་གཅིག་བསྒྲོན་ནས་མེ་ལྕེའི་འོག་གི་འདས་སོང་བ་དང་། རིགས་ཀྱི་ཆེད་དུ་སྐུ་གཤེགས་སོང་བའི་འདས་པོ་དག་དྲན་པར་བྱ། འདས་པོ་ཚོའི་མིང་ནས་འབོད། ཡིད་ལ་དྲན་པར་བྱ། འདས་དོན་ལ་བསམ་བློ་འཁོར། དེ་འདྲའི་ཆོ་ག་ཞིག་གི་ངོ་གདོང་ནས་དོ་ནུབ་ཁོ་བོའི་ཚོར་བས་ཟིན་ཙམ་སྣེ་ནས་མེ་ལྕེའི་འོག་གི་འདས་སོང་བའི་རིགས་ཀྱི་དཔའ་བོ་དཔའ་མོ་ཚོ་དང་མཉམ་དུ་སྒྲོན་མེ་ཆུང་ཆུང་ཞིག་གི་འོད་ངོགས་ན་རིགས་ཞེན་གྱི་དཔའ་དང་།བདེན་པའི་སྟོབས། མི་ཚེའི་སྙིང་བོ་བཅས་མཉམ་འུར་བྱེད་ཐུབ་པའི་སྣང་བ་ཞིག་བསྒོམས། སྣང་བ་དེ་ནི་སྙིང་སྟོབས་ཤིག་ཡིན། སྣང་བ་དེའི་ངོ་གདོང་ནས་རང་ཉིད་ལ་ཐོབ་པ་ནི་འོད་སྣང་ཞིག འོད་སྣང་དེ་ནི་རིགས་ཀྱི་ཆེད་དུ་འདས་སོང་བའི་རིགས་ཀྱི་དཔའ་བོ་དག་གིས་ང་ལ་གནང་བའི་ལོ་སར་ལག་སྐྱེས་ཤིག་ཏུ་བསྒོམས་ནས་ངས་ཀྱང་ཆོ་ག་དེར་མཇུག་རྫོགས་པར་བྱེད། མདོར་ན་མེ་ལྕེའི་འོག་གི་བོད། མེ་ལྕེའི་འོག་གི་འདས་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ། ཉིས་སྟོང་བཅུ་དྲུག་གི་ལོ་སར་ལ་ངས་མཆོད་མེ་རྐང་གཅིག་བསྒྲོན་ཡོད། དེའི་འོད་སྣང་ཆུང་ཆུང་དེ་རིགས་ཀྱི་འདས་པོ་ཚོས་ཀྱང་རྙེད་པར་སྨོན། རྙེད་ནས་ཀྱང་ལོ་སར་ལ་ལག་སྐྱེས་ཤིག་ཏུ་རུང་བར་སྨོན། བཀྲ་ཤིས་བདེ་ལེགས།
སྤྱི་ཟླ 2016/2/8 བོད་ཟླ 2016/1/1 ཉིན་སོ་ལྟ་བས།
འགྲོ་ཞོར་ལམ་གྱི་ཟིན་ཐོ།
དེ་རིང་ནུབ་བྱང་གི་སློབ་ཁུལ་གསར་བ་གཡུ་གྲོང་དུ་ཐོན་ཡོད། ཕྱི་དྲོ་ཞིག་ལ་སློབ་གྲོགས་ཤིག་དང་འགྲོགས་ནས་སློབ་གྲྭའི་ཁོར་ཡུག་ལ་ལྟ་ཞོར་འཁྱམ་འཁྱམ་དུ་སོང་བ་ཡིན། ང་ནི་བོད་ཀྱི་གཞི་རིམ་སློབ་ཆུང་ཞིག་ནས་ཡུན་རིང་བསྡད་ནས་ཡོང་བ་ཡིན་པས་འདི་གའི་ཁོར་ཡུག་ཆུང་སྐྱིད་སྣང་འདྲ་ཤར་སོང་། དེ་ནས་ང་རང་གཅིག་པུ་ནུབ་བྱང་ཚང་གི་དཔེ་ཀློག་ཁང་དུ་བལྟ་རུ་སོང་། ཁང་བརྩེགས་དང་བོ་ནས་བཞི་བའི་བར་དུ་བལྟ་རུ་སོང་། དཔེ་ཀློག་ཁང་དུ་སློབ་སྦྱོང་བྱེད་མཁན་མང་བོ་འདུག ཧ་ཅང་ལྷིང་འཇགས་སུ་གནས་པའི་དཔེ་ཀློག་ཁང་རེ་རེ་བལྟ་རུ་སོང་དུས་ང་ཅུང་ཙམ་མི་བདེ་བའི་ཚོར་བ་ཞིག་བྱུང་སོང་། དེ་ནི་ངས་རང་གི་རྐང་མགོའི་ལྷམ་དེར་སྒྲ་ཆེན་པོ་ཞིག་ཡོང་སྣང་ཤར་ཏེ་ང་རང་ཅུང་ཙམ་དོགས་མི་བདེ་བའི་ངང་ནས་ཁང་བརྩེགས་བཞི་བ་ལས་མ་བལྟས་པར་ཕྱིར་ཡོང་བ་ཡིན། ཧ་ཅང་མ་གོམས་པའི་དཔེ་ཀློག་ཁང་དེར་ཐོན་དུས་ངས་རང་གི་རྐང་མགོ་ན་ཡང་སྒྲ་ལྷག་མ་ཞིག་ཡོད་པ་ཐོས་སོང་།
ཕྱི་ཉིན་ངས་དཔེ་ཆ་ཞིག་བཟུང་ནས་དཔེ་ཀློག་ཁང་ལྔ་བ་ན་རོགས་པ་ཞིག་གིས་འདུག་ས་བླངས་ཡོད་ཟེར། དེར་སོང་བ་ཡིན། ལྷིང་འཇགས་སུ་གནས་པའི་དཔེ་ཀློག་ཁང་ཐོག་བརྩེགས་ལྔ་བའི་ནང་དུ་མི་ཡང་མང་གི། འདུག་སྟེགས་ཕལ་ཆེར་སུམ་བརྒྱ་འདྲ་ཞིག་ཡོད་ཀི། ང་འདུག་ས་དེར་ཐོན་མ་ཐག་ང་ལ་སྐད་འཕྲིན་ཞིག་སླེབས་སོང་། སྐད་འཕྲིན་སོགས་ཡོང་དུས་ཁ་པར་ནང་གི་སྒྲ་ཧ་ཅང་ཆེ་བོ་ཞིག་གི་ཐོག་ཏུ་བཞག་ཡོད་པས་དཔེ་ཀློག་ཁང་གི་མི་རྣམས་ཀྱིས་མགོ་བོ་དཀྲོག་དཀྲོག་བྱས་ནས་ང་སར་བལྟས་རྐྱེན་ངས་ཀྱང་དོགས་མི་བདེ་བའི་ངང་ནས་ཁ་པར་སྒྲ་མེད་པ་དེའི་ཐོག་ཏུ་བཞག་ནས་ངས་ཀྱང་དཔེ་ཆ་ཀློག་འགོ་བརྩམས་པ་ཡིན། ངས་དཔེ་ཆ་ཀློག་སྐབས་ངས་དཔེ་ཆའི་ལྡེབ་མ་གཅིག་རེ་བསྒྱུར་ན་ཡང་སྒྲ་ལྷག་མ་ཞིག་ཡོད་སྣང་འདྲ་ཤར་ཡོང་གི། དུས་ཚོད་དང་སྐར་མ་རེ་རེ་སོང་གིན་སོང་གིན་ངས་དཔེ་ཆའི་ལྡེབ་མ་བསྒྱུར་བའི་སྒྲ་ལས་ལྷག་པའི་ལྐོག་ཤུབ་བྱེད་པའི་སྒྲ་དང་རྐུབ་སྟེགས་ཀྱི་སྒྲ། ཁ་པར་བཅས་ཀྱི་སྒྲ་མང་ཙམ་ཐོས་རྐྱེན་ང་ཡང་ཁོར་ཡུག་དེར་ལོབས་སོང་བ་འདྲ། སྔོན་གྱི་དོགས་སྣང་ཚང་མ་མེད་པར་གྱུར་ནས་རང་བཞིན་དུ་གནས་ཏེ་དཔེ་ཀློག་བྱས་པ་དེའོ།།
༢༠༡༨ ༥ ༢༡ ཉིན་བྲིས།
༈ ཞོགས་ལྗང་ལྟ་བུ་ད་ལྟའི་བོད་ལ་མཁོ།
C YEGAIWA 3月11日
ཞོགས་ལྗང་ལྟ་བུའི་རང་དབང་ལ་སྨོན་པའི་སྐྱ་བོ་ཁར་ཁེར་ཞིག་ཡོད་པ་ནི་ང་ཚོ་བོད་དོན་སྤྱི་བསམ་མཁན་ཚོའི་མིག་ནང་ན་ཡོད་དགོས་པ་ཞིག་རེད། ཡིན་ཡང་བོད་ཀྱི་བསམ་ཤེས་བཅའ་མཁན་འགའི་ཕྱོགས་ལྷུང་ཉི་ཚེ་བ་ཞིག་གི་ཁ་གཏད་ནས། ད་ལྟའི་བོད་ཀྱི་གནས་སྟངས་དངོས་བསམས་ཏེ་བོད་མིའི་ལུས་སྟེང་ན་ཡོད་ངེས་པའི་ཐོབ་ཐང་དང་རང་དབང་བཅས་ལ་གཟས་ནས་ཁ་གྲག་མཁན་ཞིག་མིག་ནང་ལ་མི་འཇོག་པ་ནི་བོད་དོན་གླེང་མཁན་དང་། བསམ་ཤེས་བཅའ་མཁན་ཚོའི་སྒེར་སྐྱོན་གྱོང་བོ་ཞིག་ལས་མ་འདས། དེ་བས་ང་ཚོ་སུ་ཡིན་ཡང་ཁ་ནས་བཤད་ན“དཔུང་བ་མཉམ་གཤིབ”དང“མཐུན་པ”སོགས་མགྲིན་གཅིག་གིས་གླེང་བར་ཧ་ཅང་སྤྲོ།
ལག་ལེན་དངོས་ལ་ཐུག་དུས་ཕྱོགས་སུ་ལྷུང་སྟེ“ང་བསྐུར་དགོས”ངའི“བྱ་བར་ཡར་སྐུལ་བྱ་དགོས” “ང་ལ་མཐུན་དགོས”ཟེར་བའི་སྐད་ཆ་རྡོག་རྡོག་དེ་རེད། དེ་མ་གཏོགས་ཞོགས་ལྗང་ལྟ་བུའི་བོད་ཀྱི་གནས་སྟངས་དངོས་ལ་གཟས་ཏེ་ཁ་གྲག་མཁན་དག་ལ་སེམས་ཁུར་དང་རྒྱབ་སྐྱོར་མི་བྱེད་དོན་ཅི་རེད། ཁོ་ཚོའི་མི་ཚེའི་རིན་ཐང་དང་། རིགས་ཞེན་གྱི་དཔའ་གདེང་། ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ད་ལྟའི་བོད་ལ་མཁོ་གལ་ཆེ་ཞིག་མ་རེད་དམ།
ཉེ་སྔོན་ཁ་བ་སྙིང་ལྕགས་ཀྱིས་རང་གཅེས་ཁོ་ན་སྤངས་ནས་ཚེ་སྲོག་འདྲ་མཉམ་ཟེར་བ་དེ་ཁ་ནས་གླེང་བ་ཙམ་མ་ཡིན་པར་གཞན་གྱི་ཚེ་སྲོག་སྐྱོབ་ཆེད་དུ་ཡུལ་དངོས་ལ་ཞུགས་ནས་མི་ཡུལ་འདི་དང་གྱེས་སོང་བའི་ཐད་ནས་ཀྱང་ཁ་ཁུ་སིམ་མེར་བསྡད་པའི་བོད་མི་མང་ཙམ་ཡོད། ད་དུང་གནས་ཚུལ་དེའི་འོག་ནས་ཁ་ཁུ་སིམ་མེར་འདུག་མཁན་དག་ནི་ཚེ་སྲོག་འདྲ་མཉམ་ཟེར་ནས་ནམ་ནམ་ཁ་ནས་མ་ཎི་འདོན་འདོན་བྱེད་མྱོང་བ་དག་རེད། ཁ་བ་སྙིང་ལྕགས་ཀྱིས་གཞན་གྱི་ཚེ་སྲོག་སྐྱོབ་ཆེད་རང་གི་ཚེ་སྲོག་ཤོར་བ་ལ་རྗེས་དྲན་མི་བྱེད་པ། མི་གླེང་བ། མ་རིག་ཁུལ་བྱས་ཏེ་སྡོད་པ་དེ་ཅི་ཞིག་ལན་པ་རེད། སུས་མཐུན་སྒྲིལ་མ་བྱས་པ་རེད།
དེ་ལྟར་བོད་ཀྱི་ན་གཞོན་རེ་བ་ཅན་ཚོའི་མི་ཚེ་དང་། ཚེ་སྲོག་གི་རིན་ཐང་དེ་མིག་ནང་ལ་མ་བཞག་ན་ང་ཚོ་བོད་ཀྱི་བསམ་ཤེས་བཅའ་མཁན་ཚོའི་ཕྱོགས་ལྷུང་གི་སེམས་གཤིས་གྱོང་བོ་དེའི་ངན་མཚང་ཕྱི་ལ་ཤོར་ནས་ཁེ་ཕན་ཉི་ཚེ་བ་ཞིག་གི་ཨོང་ཤ་མཐོང་ཡོང་བ་ཞིག་མ་ཡིན་ནམ།
འགྲོ་བ་མི་ཞིག་གི་ལུས་སྟེང་ན་ཡོད་པའི་ཐོང་ཐང་དང་རང་དབང་། འདྲ་མཉམ་བཅས་ལ་སྨོན་པ་དང་རྩོད་ལེན་བྱེད་པ་ནི་ང་ཚོ་འགྲོ་བ་མི་ཡོངས་ཀྱིས་འགན་ཁུར་དགོས་པ་ཞིག་དང་འགྲོ་བ་མི་ཡོངས་ལ་ཡོད་འོས་པའི་དབང་ཆ་ཞིག་རེད། དེ་བརྩི་སྲུང་དང་ཐེ་གཏོགས་བྱེད་པ་ནི་ཁྲིམས་འགལ་ཞིག་མིན་པ་བོད་མི་སྤྱིས་ཤེས་དགོས་པ་ཞིག་རེད། ཡིན་ཡང་ཁྲིམས་མཐུན་ལས་འཛོལ་ཏེ་གཉའ་གནོན་དང་ཁྲིམས་མེད་ལུགས་མེད་བྱས་ཏེ་མི་རིགས་ཁ་ཐོར་གཏོང་བ་དང་། མི་རིགས་ཀྱི་རིག་གནས་དར་སྤེལ་དང་ས་གནས་རང་སྐྱོང་བཅས་ལ་གཏོར་བརླག་ཚད་མེད་བཏང་བའི་རིགས་ལ་རྒོལ་བ་ནི་ལུགས་དང་མཐུན་པ་ཞིག་ཅི་ལ་མིན།
ཡིན་ཡང་ང་ཚོ་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཞིག་ལུས་སྟེང་ན་ཡོད་དམ། ནམ་ནམ་བཙན་པོ་དང་གཉའ་གནོད་བྱས་བྱས་ལ་ཡོད་པ་ནི་ལུགས་དང་མཐུན་ནམ། དེ་འདྲའི་རིགས་ནི་ཁྲིམས་ལུགས་གང་ལ་མཐུན་པ་རེད། དེ་འདྲའི་གནད་དོན་ནི་བོད་མི་ཀུན་གྱིས་ཤེས་དགོས་པ་དང་བོད་ཀྱི་དམངས་ཚོགས་ལ་ངོ་སྤྲད་དགོས་པའི་གནས་ལུགས་ཤིག་རེད།ང་ཚོ་བོད་ཀྱི་དམངས་ལ་སློབ་གསོ་དང་ལྷག་བསམ་རྫུན་མ་ཞིག་གིས་དམངས་ཀྱི་མགོ་བོ་རྨོངས་སུ་བཅུག་པའི་གནས་སྟངས་ཧ་ཅང་སྐྱོ་བོ་ཞིག་སླེབ་ཀྱིན་པ་ང་ཚོས་ཅིས་ཀྱང་རྟོགས་དགོས་པ་ཞིག་རེད།
དེ་བཞིན་ངེད་ཚང་གི་ཞོགས་ལྗང་ལྟ་བུའི་བོད་ཀྱི་ཡི་གེ་བ་འགས་བོད་ཀྱི་ད་ལྟའི་གནས་སྟངས་དངོས་ལ་གཟས་ནས་མི་རིགས་ཤིག་ལ་ཡོད་འོས་པའི་ས་གནས་དང་། རིག་གནས། འཚོ་བ། དད་མོས་བཅས་ཀྱི་ཁེ་དབང་གཞན་ལ་རྡོག་རོལ་གཏོང་དུ་མ་བཅུག་པར་རྩོད་ལེན་གྱི་སྙིང་སྟོབས་དང་། གནས་ལུགས་ཀྱིས་གཞན་ངོ་མ་བསྲུངས་པར་དཀར་ནག་དབྱེ་འབྱེད་ཀྱི་ལམ་ལ་ཞུགས་ནས་བདེན་པའི་དཔའ་དར་ཡར་བསྒྲེངས་པ་ཙམ་གྱིས་ངེད་ཚང་གི་རིགས་ཀྱི་བུ་དེ་དག་བཙོན་ལ་བཅུག་པ། གཅར་རྡུང་བྱེད་པ། ཁྲིམས་མེད་ལུགས་མེད་ཀྱིས་ཞྭ་མོ་འགེབས་པ། རིགས་ཀྱི་སྨྲ་ལྕེ་ཅན་དེ་དག་བཙན་གྱིས་ཁྲིམས་ལ་བཅུག་པའི་གནས་སྟངས་འོག་ནས་ང་ཚོ་བོད་མི་ཀུན་གྱིས་བོད་དོན་བརྗོད་མཁན་རིགས་ཀྱི་བུ་དེ་དག་བརྗེད་མི་རུང་ལ། མི་བུ་སྤོབས་སེམས་ཅན་དེ་དག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་རིགས་ཞེན་གྱི་ལྷག་བསམ་བཅས་ཤེས་དགོས་པ་དང་དོ་སྣང་བྱ་དགོས་པ་ཞིག་ཏུ་སེམས་ཡོད།
ཞོགས་ལྗང་ཡང་བཙོན་དུ་ཁྲིད་སོང་།
ཉིས་སྟོང་བཅོ་ལྔ་ལོར་ཞོགས་ལྗང་བཙོན་དུ་མ་བཅུག་པའི་སྔོན་ལ《བོད་མིའི་ཆོས་ལུགས་དད་མོས་རང་དབང》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད། དེ་ནི་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་མཇལ་གྱི་ཡུལ་དངོས་ཤིག་བྲིས་ཡོད་པ་དེ་རེད། དད་སེམས་ཡོད་མཁན་གྱི་མཇལ་བ་དང་མེ་མདའ་སོགས་དྲག་ཆས་མང་བོ་བཟུང་ཡོད་པའི་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པའི་འབོར་ཚད་དང་དེས་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་བྱེད་པའི་ཡུལ་དངོས་ཤིག་བྲིས་ཡོད་པ་རེད། དེ་དག་ལ་ང་ཚོས་བསམ་བློ་བཏང་ན་ཐེངས་འདིར་ཆོས་ལུགས་པ་ཚོའི་ཕྲག་སྟེང་དུའང་ཞོགས་ལྗང་མི་གླེང་རང་གླེང་ཞིག་ཏུ་ཆགས་ཡོད་པ་དེ་རེད། རེད་དེ་ནམ་ནམ་དམངས་ཚོགས་ཁྲོད་དུ་ཆོས་འཆད་པར་དགའ་བ་དག་གིས་ཞོགས་ལྗང་ཟེར་བའི་བོད་མི་དེ་མི་གླེང་བར་ཁ་ཁུ་སིམ་མེར་གནས་དོན་ཅི་རེད། མཐུན་སྒྲིལ་དང་དཔུང་བ་མཉམ་གཤིབ་སུའི་རིགས་ཀྱིས་མ་བྱས་པ་རེད།
གནད་དོན་དེ་དག་ལ་ཞིབ་ཕྲ་བྱས་ནས་བལྟས་ན། ང་ཚོ་ཆོས་པ་ཡིན། གནས་ལུགས་རྟོགས་མཁན་ཡིན། བོད་མིའི་ཆོས་སྲིད་གཉིས་ལ་ཞབས་ཕྱི་ཨེ་ཐུབ་ལྟ་མཁན་ཡིན། དེ་འདྲའི་སྐད་ཆ་བཤད་མཁན་དག་གིས་ཆོས་ལུགས་དད་མོས་དང་། རང་དབང་བརྩོན་ལེན་བྱེད་མཁན་ན་གཞོན་ཞོགས་ལྗང་ཅིས་ཀྱང་གླེང་དགོས་པ་ཞིག་ཏུ་སླེབས་མི་འདུག་གམ། ང་ཚོས་ནམ་ནམ་ཁྲི་ལ་བཞུགས་པའི་རིགས་དང་ལྷ་ཁང་གསེར་ཁང་བཞེངས་མཁན་གྱི་རིགས་སུ་མི་གཏོགས་པ་དག་གིས་བདེན་པ་ངག་ནས་བརྗོད། བདེན་དོན་གྱི་ཆེད་དུ་རང་གི་འཚོ་བ། ཁྱིམ་ཚང་། བུ་ཕྲུག་བཅས་ལ་གྱེས་ནས། ལུས་ཀྱི་མནར་གཅོད་མྱོང་གིན་པའི་རིགས་ཀྱི་དཔའ་བོ་དག་ལ་བརྩི་བཀུར་མེད་པ་ནི་ཁོ་ཆད་ས་དང་། ཞེ་མེར་དགོས་ས་ཞིག་མ་ཡིན་ནམ། བོད་མི་ཀུན་གྱིས་ཐུགས་བསམ་བཞེས་རོགས། དོ་སྣང་མཛད་རོགས།
ཞོགས་ལྗང་ལྟ་བུའི་རིགས་ཀྱི་བུ་དེ་དག་ད་ལྟའི་ང་ཚོ་སྟེ། བོད་ལ་མེད་དུ་མི་རུང་བའི་རིགས་ཀྱི་མི་བུ་སྐོར་ཞིག་རེད། ང་ཚོ་ལ་འཐབ་རྩོད་པ་དེ་འདྲའི་རིགས་ནི་ད་ལྟའི་བོད་ལ་ཆེས་མཁོ་བ་དང་ཆེས་གལ་ཆེ་བ་ཞིག་ཏུ་སླེབས་འདུག་པ་མ་རེད་དམ། ནམ་ཞིག་ང་ཚོ་བོད་པ་ཚང་རྒྱ་མཚོའི་ནང་ལ་ཁ་བ་འཐིམ་པ་བཞིན་གཞན་ཞིག་གི་ངོ་བོ་ལ་འཐིམ་ནས་བཟུང་ཆོས་ལུགས་ཀྱིས་སྐྱོབ་མི་ཐུབ་ལ། ཆོས་ལུགས་པས་དེ་བས་ཀྱང་སྐྱོབ་ག་ལ་ཐུབ། དེ་ལྟར་བསམ་བློ་བཏང་ནས་སོང་ན་ང་ཚོའི་ལྕེ་ནི་ཆོས་ཁོ་ན་འཆད་བྱེད་ཀྱི་ལྕེ་ཞིག་ཏུ་འགྱུར་མི་རུང་ལ། ད་ལྟའི་དུས་ལ་ལྷག་ཏུ་ཆོས་ཁོ་ན་འཆད་པའི་ལྕེ་ཞིག་གིས་མི་རིགས་སྐྱོབ་མི་ཐུབ་པ་ཤེས་དགོས་སོ། །
ད་རུང་ཕྱོགས་གཞན་ཞིག་ལ་བསམ་བློ་བཏང་ནས་བཤད་ན་ངེད་ཚང་གི་ཆོས་འཆད་མཁན་ཚོས་བོད་མི་དག་ལྷིང་འཇགས་དང་ལྐུགས་པ་ལ་གནས་པའི་མི་རིགས་ཤིག་ཏུ་བསྒྱུར་ཐུབ་ཀི་ཡོད་པ་ལས་རེ་སྨོན་དང་རྨི་ལམ། རེ་བ་ལ་ཕྱོགས་པའི་མི་རིགས་ཤིག་ཏུ་བསྒྱུར་ཐུབ་ཀྱིན་མི་འདུག དེ་ལྟར་སོང་ན་རྒྱ་ནག་ཚང་གི་དགོངས་པ་ཞིག་ཀྱང་འགྲུབ་ཀྱིན་མི་འདུག་གམ། རྒྱ་ནག་ཚང་གིས་ནམ་ནམ“ཁྲོམ་སྐོར། འདུ་འཛོམ། རྔམ་སྟོན། གཏམ་བརྗོད”བཅས་ནི་ཉོག་དྲ་བཟོ་བའི་རིགས་སུ་བགྲངས་ཡོད། དེའི་ཕྱིར་རྒྱ་ནག་གིས་དེའི་རིགས་ཀྱི་ཉོག་དྲ་མི་བཟོ་བར་ལྷིང་འཇགས་སུ་གནས་པར་བོད་ལ་སྐུལ་མ་གཏོང་གི་ཡོད། དེ་ནི་དུས་ཚོད་ལ་འགོར་འགྱངས་བྱས་ནས་མི་རིགས་ཤིག་ལྐོག་ན་ཟ་བཞིན་ཡོད་པ་མཚོན། དེ་ནི་མི་རིགས་ཟ་སྟངས་འཇིགས་སུ་རུང་བ་ཞིག་ཀྱང་ཡིན།
དེ་འདྲའི་ལྐོག་ཟ་བ་དང་མི་རིགས་ཤིག་གཏོར་བརླག་གཏོང་བའི་ཧམ་སེམས་ཅན་དེ་ཚོའི་ཁ་གཏད་ནས་ལང་བཞིན་པའི་བོད་ཀྱི་ན་གཞོན་སྐོར་ཞིག་གིས་རང་གི་འཚོ་བ་དང་ལུས་ཀྱི་མནར་གཅོད་མྱངས་ནས་རིགས་ཀྱི་གནད་དོན་གླེང་བ་ནི་བསམ་གཟས་ནས་ཉེན་ཁ་ཆེ་བ་ཞིག་གི་སྒོ་བརྡུངས་པ་རེད། བསམ་གཟས་ནས་འགྲོ་བ་མི་ཞིག་གི་ལུས་སྟེང་ན་ཡོད་པའི་ཐོབ་ཐང་དང་། རང་དབང་ཞིག་རྩོད་ལེན་བྱེད་ཀྱིན་ཡོད་པ་རེད། ཡིན་ཡང་ན་གཞོན་དེ་དག་གིས་འགྲོ་སྟངས། ལས་སྟངས། བཅའ་སྟངས་དེ་ནི། ཨོང་ཤ་གསེར་ཁྲིའི་སྟེང་ལ་བཞག་ནས་ཆོས་འཆད་མཁན་རེ་ཟུང་གིས་བཅའ་སྟངས།ལས་སྟངས་དང་འདྲ་བོ་ཞིག་གཏན་ནས་མ་རེད།
དེ་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ན་གཞོན་དེ་དག་ལ་སྡང་མིག་བགྲད་པ། ཞེ་སྡང་གིས་མཆེ་བ་བསྲིངས་པ་སོགས་ནི་དགོད་བྲོ་བ་ཞིག་མ་རེད་དམ། དེ་བས་བོད་ཀྱི་གནས་བབ་དངོས་ལ་གཟས་པའི་ན་གཞོན་དེ་དག་གི་རིགས་ཞེན་དང་ །ཆབ་སྲིད་ཀྱི་ལངས་ཕྱོགས། ཚེ་སྲོག་གི་རིན་ཐང་བཅས་ནི་ད་ལྟའི་བོད་ལ་མཁོ་བ་ཞིག་དང་གལ་ཆེ་བ་ཞིག་ཡིན་པར་སེམས་ནས་ཁ་ཞིག་གྲག་པ་ཡིན།
༢༠༡༦/༠༥/༠༧ ཉིན། ཚེར་མས་བྲིས།