སེར་ཤུལ་རིན་ཆེན་དོན་གྲུབ།
སྤྱི་ལོ་༢༠༡༡ དང་ ༢༠༡༢། ལོ་གསར་བ་དང་ལོ་རྙིང་བ། ལོ་འདི་གཉིས་ཀྱི་ནང་དུ་ཚེ་སྲོག་གི་སྡོང་པོ་ཉི་ཤུ་ལྷག་ང་ཚོས་རིག་ས་མཐོང་ས་ནས་མེ་ལྕེའི་འོད་ངོགས་སུ་ཞུ་ཞིང་། མེ་ལྕེའི་འོད་རླབས་སུ་འབར། དཔའ་བོ། སྐྱེས་བུ་དམ་པ། མི་རིགས་ཀྱི་རླབས་ཆེན་དབུ་འཁྲིད། བོད་མི་རིགས་ཀྱི་སྣེ་འདྲེན་དཔའ་རྟུལ། ཁྱེད་རྣམ་པ་འདི་ལྟར་ཤ་རུས་དང་། ལྷུ་ཚིགས་རེ་རེ་གཅིག་རེ་གཅིག་རེ་བྱས་ནས་མེ་ལྕེའི་འོད་དུ་བཞུར་དུས་ཡང་སྙིང་ཁོང་དང་ཁོང་ཚོར་ཁྲག་རྒྱུན་གཅིག་པའི་ང་ཚོར་ཅི་ཞིག་གི་འབོད་ཟླ་གཏོང་གི་ཡོད། ཅི་ཞིག་གི་དྲན་གསོ་གཏོང་གི་ཡོད། རང་དབང་གི་ཡུལ་གྲུར་འཚོ་བའི་ང་དང་ཁྱེད་ཚོར་ཅི་ཞིག་གི་རེ་སྨོན་ཟློ་བཞིན་ཡོད། ཙིར་ཙིར་གྱི་མེ་ལྕེའི་སྒྲ་སྐད་དེ་ཁྱེད་ཅག་གིས་བཟོད་པར་ནུས་སམ། ལྷང་ལྷང་གི་རེ་བའི་གདུང་འབོད་དེ་མེ་རླབས་དང་མཉམ་དུ་འཇོག་པར་ནུས་སམ། ཤ་དང་། ཁྲག ད་དུང་རུས་རྒྱུད་དང་གདུང་རྒྱུད་གཅིག་པའི་བོད་པ་ཚོ། མེ་ལྕེའི་འོད་ངོགས་སུ་གཤེགས་པའི་ཁོང་ཚོའི་རོ་བདག་དེ་ཅིས་ཀྱང་ང་ཚོ་ཡིན་འོས།
དམིགས་འདུན་གཅིག་དང་། ཐོབ་རེ་གཅིག་གི་ཆེད་དུ་འབར་བཞིན་པའི་ཚེ་སྲོག་དག་གིས་རྣམ་ཤེས་ཀྱིས་ང་ཚོར་མིག་གདངས་ནས་བལྟས་ཡོད། ང་ཚོ་དང། ཁོང་ཚོ། ཤ་དང་རུས་རྒྱུད་ཀྱིས་ཚེ་སྲོག་རྒྱུས་པའི་བོད་པ་ཡོད་དོ་ཅོག ཁྱེད་ཅག་གིས་ད་ནི་བོད་དང་བོད་ཀྱི་ཆེད་དུ་རང་རང་གི་ནུས་ཤུགས་འདོན་རན་སོང་། མེ་ལྕེས་བཞུར་བཞིན་པའི་ཚེ་སྲོག་དག་གི་ཁ་ཆེམས་གྱི་ཆེད་དུ་དམ་བཅའ་འཇོག་རན་སོང་། ད་ནི་ཡོད་ཚད་བློ་གཅིག་སེམས་གཅིག་གིས་སྤུན་ཟླ་དག་གི་ཚེ་སྲོག་གི་གཤེད་དུ་ལངས་བའི་འདྲེ་ཚོགས་དེར་རྒོལ་ལན་སྤྲོད་རན་སོང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བདེན་དོན་རྩོད་པའི་འོས་འགན་རང་ཤུགས་ཀྱིས་ཕྲག་པར་བབས་ཡོད་ལ་ཤ་དང་རུས་པའི་ཁྲག་རྒྱུན་འབྲེལ་བའི་སྤུན་ཟླ་དག་གཅིག་རེ་གཅིག་རེ་བྱས་ནས་མེ་རུ་འབར་དུས་ང་ཚོ་རང་དགར་སྡོད་པ་ནི་འགན་འཁྲི་མ་ཁུར་པ་ཞིག་དང་ལ་རྒྱ་མེད་པ་ཞིག་ཀྱང་ཅིས་མ་ཡིན། ང་ཚོ་ལངས་དགོས་པ་མ་ཟད་རང་ནུས་ཡོད་ཚད་ཀྱིས་ཚེ་སྲོག་བློས་གཏོང་གིས་དཔའ་བོའི་གད་རྒྱངས་བསྒྲགས་པའི་ལམ་ཕྱོགས་འདི་ནས་ལངས་དགོས། འོན་ཀྱང་ལངས་དགོས་ཞེས་བརྗོད་སྐབས་མར་མེ་ཁྲོམ་སྐོར་དང་། ངོ་རྒོལ་སྐད་འབོད་ཙམ་ལ་གོ་དགོས་པ་ཞིག་མིན། ངས་འདིར་བརྗོད་འདོད་པ་ནི་འགན་འཁྲི་དང་བསམ་བློའི་ལངས་སྟངས་སྐོར་ཡིན། བོད་མི་ཞིག་ཡིན་ཕྱིན་བོད་མི་རིགས་ཛ་དྲག་གི་སྐབས་འདིར་ངེས་པར་དུ་རང་ཉིད་ལ་འགན་འཁྲི་ཞིག་ཡོད། འགན་འཁྲི་ཡོད་པ་དེ་ངེས་པར་དུ་ཤེས་དགོས། འདི་ནི་བསམ་བློའི་ལངས་སྟངས་ཀྱི་རྩ་བའི་སྒྲོམ་གཞི་ཡིན། རྩ་བའི་སྒྲོམ་གཞི་འདིའི་བསམ་བློའི་ས་བོན་བོད་མི་རེ་རེའི་སེམས་ཀྱི་ཟབ་སར་འདེབས་ཐུབ་དགོས། དེ་ནི་བོད་དོན་འཐབ་རྩོད་ཀྱི་རྩ་བའི་རྩ་བར་འབྲེལ་ཡོད།
འདིའི་ཕྱོགས་ལ་ངེས་པར་དུ་གོང་འོག་ཚང་མས་ནུས་ཤུགས་འདོན་དགོས། བསམ་བློའི་ས་བོན་འདི་སེམས་པའི་དཀྱིལ་སྙིང་དུ་འདེབས་ཚར་བའི་རྗེས་ལ་འགན་འཁྲིའི་ལངས་སྟངས་འདི་གཙོ་གནད་དུ་བཟུང་དགོས། དེ་ནི་རང་རང་གི་ལས་དོན་དང་འཚོ་བའི་དགོས་མཁོ་སྒྲུབ་པའི་ཞར་ལ་རང་གི་ནུས་ཤུགས་དང་འཚམ་པའི་བོད་དོན་སྒྲུབ་སྟངས་ཀྱི་སྐོར་ཡིན། ཁྱེད་ཀྱིས་རང་ཉིད་བོད་པ་ཞིག་ཡིན་པ་དང་། རང་གི་ཕྲག་སྟེང་ན་བོད་དོན་སྒྲུབ་པའི་ནུས་པ་ཞིག་དང་འགན་ཁུར་ཞིག་ཡོད་པ་བརྗེད་མི་རུང་། བསམ་བློ་འདི་ཡོད་ན་ཁྱེད་རང་ལ་བོད་དོན་བསྒྲུབ་པའི་གོ་སྐབས་ངེས་པར་དུ་ཡོད་ངེས། ཁྱེད་ཀྱིས་རང་ནུས་ཀྱིས་བོད་པའི་ཆོས་རིག་སྲུང་སྐྱོབ་བྱས་ན་བོད་དོན་བསྒྲུབས་པ་ཡིན། ཁྱེད་ཀྱིས་རང་ནུས་ཀྱིས་བོད་ཡིག་དང་བོད་ཀྱི་བཟང་སྤྱོད་དར་སྤེལ་བྱས་ན་བོད་དོན་བསྒྲུབས་པ་ཡིན། ཁྱེད་ཀྱིས་རང་ནུས་ཀྱི་བོད་དོན་ཁྱབ་བསྒྲགས་བྱས་ན་བོད་དོན་བསྒྲུབས་པ་ཡིན། ཁྱེད་ཀྱིས་རང་ནུས་ཀྱི་བོད་པའི་ཁོར་ཡུག་སྲུང་ན་བོད་དོན་བསྒྲུབས་པ་ཡིན། ཁྱེད་ཀྱིས་རང་ནུས་ཀྱིས་བོད་པའི་རིག་གཞུང་བསླབས་ན་བོད་དོན་བསྒྲུབས་པ་ཡིན། ཁྱེད་ཀྱིས་རང་ནུས་ཀྱིས་གོམ་བགྲོད་ལས་འགུལ་སྤེལ་ན་བོད་བསྒྲུབས་པ་ཡིན། ཁྱེད་ཀྱིས་རང་ནུས་ཀྱིས་བོད་པའི་བཟང་སྤྱོད་སྲུང་ན་བོད་དོན་བསྒྲུབས་པ་ཡིན། དེ་ལ་སོགས་པའི་ཁྱེད་ཀྱི་ཉེ་ས་ཐུབ་ས་ན་བོད་དོན་སྒྲུབ་སྟངས་མང་པོ་མང་པོ་ཞིག་ཡོད་པ་བརྗེད་མི་ཉན། འདི་ནི་ཞི་བདེའི་དུས་རབས་ཀྱི་བོད་པ་ལངས་སྟངས་ཤིག་ཡིན་ལ་རྩ་དོན་ལ་ཕན་ནུས་ཐོན་པའི་བོད་པ་ལངས་སྟངས་ངོ་མ་ཞིག་ཀྱང་ཡིན། ༢༠༡༢/༢/༢༧ལ་རྒྱ་གར་གྱི་རྒྱལ་ས་ལྡི་ནས་བྲིས།