དགེ་འདུན་རབ་གསལ།
རབ་བྱུང་དང་པོའི་མེ་ཕོ་སྤྲེལ་གྱི་ལོ།།
ཕྱི་ལོ་ཆིག་སྟོང་བརྒྱ་མེད་ང་དྲུག་ཡིན།།
རྭ་སྒྲེང་དགོན་པ་བཏབ་ཅེས་གཏམ་རྒྱུད་སྣང་།།
ཞི་འོད་རབ་བྱུང་མཛད་ཅེས་དུང་དཀར་གསུངས།།
ཪབ་བྱུང་གཉིས་པའི་མེ་སྤྲེལ་ལོ་དེ་ནི།།
ཕྱི་ལོ་ཆིག་སྟོང་བརྒྱ་དང་བཅུ་དྲུག་ཡིན།།
འབྲོག་མིའི་སློབ་མ་སེ་སྟོན་འཁྲུངས་ཞེས་བཤད།།
རྒྱལ་བ་ཡེ་གྲགས་ས་དམར་པ་ཡང་འཁྲུངས།།
རབ་བྱུང་གསུམ་པའི་མེ་སྤྲེལ་ལོ་དེ་ལ།།
ཁྱུང་ཚང་ཡེ་ཤེས་བླ་མ་འདས་པ་དང་།།
ཅོག་རོ་ཆོས་ཀྱི་རྒྱལ་མཚན་འདས་ཞེས་གསལ།།
དུས་མཁྱེན་སློབ་མ་ཆོས་རྗེ་སྒང་པ་འཁྲུངས།།
རབ་བྱུང་བཞི་པའི་མེ་སྤྲེལ་ལོ་དེ་ནི།།
ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་སོ་དྲུག་ཡིན།།
འགྲོ་མགོན་ཏི་ཤྲི་རས་པ་གཤེགས་ཞེས་གསལ།།
སངས་རྒྱས་ཡར་བྱོན་ཁྲི་ལ་ཕེབས་སོ་ལོ།།
ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་གོ་དྲུག་ལོར།།
ཀློང་ཆེན་རབ་འབྱམས་འཁྲུངས་ཞེས་ཁ་ཅིག་གསུངས།།
སེ་ཆེན་རྒྱལ་པོ་དེ་ཡང་འདས་སོ་ལོ།།
སངས་རྒྱས་དབོན་གྲགས་སྒམ་སྙི་ཇོ་སྲས་འདས།།
རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་གྱི་ལོར།།
རྟོགས་ལྡན་འཇམ་རྒྱམ་དང་ནི་སྤྱན་སྔ་བ།།
གྲགས་པ་བྱང་ཆུབ་འཁྲུངས་ཞེས་ཚེ་ཏན་གསུངས།།
རིན་ཆེན་རྣམ་རྒྱལ་ཞ་ལུའི་ཁྲིར་ཕེབས་སོ།།
ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བཅུ་དྲུག་ལོར།།
འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་བཏབ།།
སྒམ་པོ་བསོད་རིན་ཀརྨ་དྲུག་པ་དང་།།
རྟོགས་ལྡན་བྱང་ཆུབ་བཟང་པོ་འཁྲུངས་ཞེས་བཤད།།
རབ་བྱུང་བརྒྱད་པའི་མེ་ཕོ་སྤྲེལ་གྱི་ལོར།།
རྒྱལ་བ་དགེ་འདུན་རྒྱ་མཚོ་འཁྲུངས་ཞེས་སྨྲ།།
འགོས་ལོས་དེབ་སྔོན་རྩོམ་པའི་དབུ་བཙུགས་སྐད།།
བོད་ལ་འབྲུམ་ནད་འཕེལ་ཞེས་དུང་དཀར་གསུངས།།
ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་སོ་དྲུག་ལོར།།
གཙུག་ལག་ཕྲེང་བས་བསྟན་རྩིས་བརྩམས་པ་དང་།།
སྐྱོགས་ལོས་ལི་ཤིའི་གུར་ཁང་མཛད་ཅེས་གསལ།།
སྟག་ལུང་ཆོས་རྗེ་ཀུན་བཀྲ་འཁྲུངས་པར་བཤད།།
རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་གྱི་ལོར།།
ཆོས་རྗེ་སངས་རིན་དགའ་ལྡན་ཁྲི་ལ་ཕེབས།།
གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཡི།།
སྲས་ཆེ་ཏཱ་ཡན་བྱ་བ་འཁྲུངས་ཞེས་གསལ།།
ཕྱི་ལོ་ཆིག་སྟོང་དྲུག་བརྒྱ་ལྔ་དྲུག་ལོར།།
འབྲི་གུང་དཀོན་མཆོག་འཕྲིན་ལས་བཟང་པོ་དང་།།
ཀིརྟི་བློ་བཟང་འཇམ་དབྱངས་ལ་སོགས་འཁྲུངས།།
གོང་ས་ལྔ་པས་རྩིས་ཀྱི་དྲིས་ལན་མཛད།།
རབ་བྱུང་བཅུ་གཉིས་མེ་ཕོ་སྤྲེལ་གྱི་ལོར།།
ཀུན་མཁྱེན་ཞབས་ཀྱིས་རྒྱུད་གྲྭ་བཙུགས་ཞེས་གསལ།།
བྱ་ཁྱུང་ལ་ཡང་རྒྱུད་སྨད་གྲྭ་ཚང་བཙུགས།།
སྨིན་གླིང་ལོ་ཆེན་རྩིས་གཞུང་རྩོམ་ལ་འབད།།
ཕྱི་ལོ་ཆིག་སྟོང་བདུན་བརྒྱ་དོན་དྲུག་ལོར།།
ཀུན་མཁྱེན་གཉིས་པས་ལྕང་རོལ་རྣམ་ཐར་བརྩམས།།
གོང་མས་པཎ་ཆེན་གདན་འདྲེན་ཡི་གེ་བཏང་།།
ཨ་རིའི་རང་བཙན་བསྒྲགས་པའི་ལོ་རྒྱུས་སྣང་།།
རབ་བྱུང་བཅུ་བཞིའི་མེ་ཕོ་སྤྲེལ་གྱི་ལོར།།
ཞབས་དཀར་བླ་མས་རོང་པོའི་གདན་ས་རུ།།
བདེ་གསང་དབང་ཞུས་གཙོས་ཁྲི་རྒྱལ་སེང་གིས།།
སུམ་འགྲེལ་བརྩམས་ཞེས་དུང་དཀར་བླ་མ་གསུངས།།
ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གོ་དྲུག་ལོར།།
སྟག་ཚང་ལྷ་མོར་དུས་འཁོར་གྲྭ་ཚང་ཚུགས།།
ཀོང་པོ་དང་ནི་རྒྱལ་རོང་ས་ཁུལ་དུ།།
ས་ཡོམ་ཆེན་པོ་བྱུང་ཞེས་ཡི་གེར་བཏབ།།
རབ་བྱུང་བཅུ་དྲུག་མེ་ཕོ་སྤྲེལ་གྱི་ལོར།།
རྒྱལ་བ་པཎ་ཆེན་རྒྱ་གར་ཡུལ་དུ་ཕེབས།།
སངས་རྒྱས་འདས་ལོ་ཉིས་སྟོང་ལྔ་བརྒྱར་བཤད།།
ཚེ་ཏན་བླ་མས་དན་ཏིག་དཀར་ཆག་བརྩམས།།
ཕྱི་ལོ་ཉིས་སྟོང་བཅུ་དྲུག་གསར་དུ་བཞད།།
མེ་ཕོ་སྤྲེལ་གྱི་ལོ་སར་ཤིས་པ་སྒྲོག།
རབ་བྱུང་ལུགས་ཀྱི་མེ་སྤྲེལ་གཏམ་རྒྱུད་ཕྲེང་།།
བཏུས་ཏེ་ཚིག་འགའ་བསྡེབས་པ་འདི་ལྟར་ལགས།།
འདི་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་བསྟན་རྩིས་དང་དུང་དཀར་ཚིག་མཛོད་དུ་གསལ་བའི་མེ་སྤྲེལ་ལོའི་བྱུང་བ་ལས་བཏུས་ཏེ་བཀོད་པ་ཡིན། བཀྲ་ཤིས་པར་ཤོག
ལོ་རྒྱུས་ཁུང་ཐུབ་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ་།མ
ཁྱེད་རྣམ་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།།
སྤྲེལ་ལོའི་ལོ་སར་ཚེས་གཅིག།
ང་ལ་ཟླ་འདི་ལོ་སར་མེད།།
ཐེ་ཁང་ཞིག་ནས་མི་དམངས་ཤི།།
རྒྱ་གར་ས་ཡོམ་བལ་ཡུལ་ལ།།
བསམ་ཚེ་ཁྱིམ་ཚེས་རྒྱལ་ཁབ་དྲན།།
བྱ་བྲལ་རྩེ་སྤྲུལ་དགོངས་པ་རྫོགས།།
མཁན་ཆེན་ཐུབ་ཤེར་དགོངས་པ་རྫོགས།།
གོང་ས་མཆོག་ཀྱང་སྨན་ཁང་བཞུགས།།
གང་ལ་བསམ་ཡང་སྡུག་སར་རེད།།
རང་བཙན་མ་ཁ་ཆུ་ལ་ཤོར།།
དབུ་མ་ནང་འཁོན་དུག་གིས་གང་།།
གཉིས་མེད་བོད་ཀྱི་ལས་ཀ་ལ།།
བསམ་ཚེ་ང་ལ་ལོ་སར་མེད།།
པདྨས་སོ།།
ང་ཚོ་བོད་ཀྱི་ནང་པ་ཚོས། གངས་རིན་པོ་ཆེ་རྟ་ལོར་འཁྲུངས་པ་དང་། སློབ་དཔོན་བཀའ་དྲིན་ཅན་པདྨ་འབྱུང་ནས་ཁོང་སྤྲེལ་ལོར་ཡིན་པ་དད་ལྡན་པ་ཚོས། འཁྲུངས་སྐར་འཁྲུངས་བརྩི་དང་། དགེ་སྦྱོར་གནང་སྲོལ་ཡོད་པ་ལ།
སངས་རྒྱས་གཞོན་ནུ་དོན་གྲུབ་མཆོག་གི་༸སྐུའི་འཁྲུངས་ཚེས་མི་ཤེས་པའམ། རོབ་རྩིས་ཤེས་ཀྱང་གལ་ཆེན་མི་བརྩི་བ་འདི་ཅི་ཡིན་ནམ། འདི་ལོ་གསར་ཉིན་གྱི་དྲི་བ་དང་། དྲ་གྲོགས་ཡོངས་ལ་མེ་ཕོ་སྤྲེལ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུའོ།།
སློབ་དཔོན་གུ་ར་ུརིན་པོ་ཆེའི་འཁྲུངས་ལོའི་སྐོར་ལ།
https://www.facebook.com/chime.gatsalling/videos/1538424446454851/
སྤྲེལ་ལོའི་དགུང་གསར་ལ་བཀྲ་ཤིས་བདེ་ལེགས་གསུངས་པ།
http://www.rfa.org/tibetan/sargyur/new-years-message-dalai-lama-02052016143122.html
པདྨ་ཀརྡོ་རྣམ་དཔྱོད་གློག་ལྟར་མྱུར།།
འཇིག་རྟེན་ལུགས་ལ་མཁས་པ་གཞན་འགྲན་མེད།།
པདྨའི་སྒོང་རྡོག་ཀརྡོའི་མཚན་མ་གཉིས།།
འཇིག་རྟེན་མཐུན་འཇུག་ལས་ལ་ཤིན་ཏུ་འཚམས།།
ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
གངས་རིན་པོ་ཆེ་ཆོས་ཅན་ ཁྱོད་རྟ་ལོར་འཁྲུངས་བ་མ་ཡིན་དེ རང་བྱུང་ཁམས་ཀྱི་གནས་རི་ཞིག་ཡིན་པའི་ཕྱིར
རེད། གངས་རིན་པོ་ཆེ། བོད་ཧིན་ནང་པ་གསུམ་གྱི་རི་བོ་ཡིན་པ་ཡོངས་གྲགས་རེད། ད་དུང་གར་ཞྭ་དང་ཁུ་ནུ་རི་ལ་ཡང་། གངས་རིན་པོ་ཆེའི་སྐུ་མཆེད་དམ། ཆ་འདྲ་བ་རྩི་མཁན་མང་པོ་འདུག་པས། ཆོས་དད་དང་རྨོངས་དད་དང་། ཡིད་ཆེས་བྱས་པའི་འབྲས་བུ་བཟང་ངན་ག་རེད་ཡོད་མེད་དེ་དྲི་བ་ཅིག་རེད།
#6 ལྷ་སྟོབས་རྒྱལ་ ་ལགས་ཀྱིས་སྤེལ་དོན།:
February 10th, 2016 at 10:31 am
པདྨ་ཀརྡོ་རྣམ་དཔྱོད་གློག་ལྟར་མྱུར།།
འཇིག་རྟེན་ལུགས་ལ་མཁས་པ་གཞན་འགྲན་མེད།།
པདྨའི་སྒོང་རྡོག་ཀརྡོའི་མཚན་མ་གཉིས།།
འཇིག་རྟེན་མཐུན་འཇུག་ལས་ལ་ཤིན་ཏུ་འཚམས།།
ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
ལན་དུ།
པདྨ་ལྷ་སྟོབས་རྣམ་དཔྱོད་གློག་ལྟར་མྱུར།།
འཇིག་རྟེན་ལུགས་ལ་མཁས་པ་གཞན་འགྲན་མེད།།
པདྨ་མ་ནིང་ལྷ་སྟོབས་མཚན་གཉིས་མ།།
འཇིག་རྟེན་མཐུན་འཇུག་ལས་ཀྱང་ག་ལ་ནུས།།
་
མེ་སྤྲེལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ།། །།
སློབ་དཔོན་དགེ་འདུན་གསལ་ལེགས་ཀྱིས་འཚོལ་སྒྲུབ་སྒོ་ནས་བོད་ཀྱི་ལོ་རྒྱུས་ལ་མཁོ་བའི་གཏམ་གླེང་མེ་སྤྲེའུ་ལོ་གསར་གྱི་སྐྱེས་སུ་བཀོད་པར་སྤྲོ་བ་བརྟས་པས་བཀའ་དྲིན་ཆེ་ཞུས།
་
ཕྱི་ལོ་དང་སྤྱི་ལོའི་ཁྱད་པར་དང་བོད་མིང་ཚིག་འགའ་ཞིག་རྟོག་དཔྱོད་དགོས་པར་མཐོང་། དེ་ཡང་ཕྱི་ལོ་ཞེས་པ་སྔར་བོད་ལྗོངས་ཕྱི་ལོགས་རྒྱལ་ཁམས་དང་འབྲེལ་པ་མེད་ཅིང་། ཨིན་ཡུལ་པ་སོགས་ནུབ་ཕྱོགས་པ་ཀུན་ལ་ཕྱི་གླིང་པ་དང་། དེ་དག་གིས་སྤྱི་ལོའི་ངོ་སྤྲོད་བྱས་པ་ན། སྤྱི་ལོ་ལ་ཕྱི་ལོ་ཞེས་བྲིས། དིང་སང་དེ་ལྟར་མ་ཡིན་པར་བོད་ཕྱིའི་ལོགས་ཀྱི་རྒྱལ་ཁམས་དག་དང་འབྲེལ་པ་ཆེ་བས། རྒྱལ་ཁམས་སྤྱི་དང་བསྟུན་དགོས།
་
ལོ་མང་སྔོན་དུ་ཡེ་ཤུའི་འདས་ལོ་ཞེས་འབྲི་སྲོལ་ཡོད་ཀྱང་། ད་ལྟར་དེ་ལྟར་མ་ཡིན་པར་སྤྱི་ལོ། Common Era: བསྡུས་ཡིག་CE. དེས་ན། རྒྱལ་ཁམས་སྤྱིའི་ལོ་ཚིགས་བྱས་ཏེ། སྤྱི་ལོ་ཞེས་བཀོད། རྒྱུ་མཚན་དེས་ན། ཕྱི་ལོའི་ཚབ་ཏུ་སྤྱི་ལོ་ཞེས་དགོས་སོ་སྙམ།
་
མིང་ཚིག་འགའ་ཞིག་གི་དག་ཆ་ལ་རྟོག་དཔྱོད།
་
སྒྲོག་དང་སྒྲོགས། ཞེས་པར་དང་པོ་ལྷམ་སྒྲོག་ལྟ་བུ་སྟེ། སྡོམ་པའི་དོན་དང་། གཉིས་པ་ནི། ཆེར་སྒྲོགས། ཤུགས་ཆེར་འདོན་པའི་དོན་ཏེ། འཇམ་དབྱངས་གང་བློ་མ་ན། འབྲུག་ལྟར་ཆེར་སྒྲོགས། ཞེས་དང་། . ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད། ཅེས་པ་ལྟ་བུའོ།
་
དཔེ་ཆ་རྣམས་སུ་ཕྲེང་བ་དང་འཕྲེང་བ་ཞེས་འ་སྔོན་འཇུག་ཡོད་མེད་གཉིས་སུ་སྣང་ཡང་། ཡོད་མེད་ཀྱི་ནང་ན། ཡོད་པ་གཙོ་ཆེ་བས། འཕྲེང་བ་ཞེས་པ་སྒྲ་དག་པར་འདོད་དོ།
དག་ཆར་ཡོ་སྲང་།
དྲ་གྲོགས་ལ་དྭགས་མཁས་དབང་བློ་བཟང་འཇམ་དཔལ་ཞལ་སྔ་ནས། །
ཐེངས་ཅིག་ལན་ཅིག་དགོང་དྲོ་དགོངས་དྲོར་ས་ཡང་འཇུག །
སྤྱི་ལོ་ཆེར་སྒྲོགས་འཕྲེང་བར་འདྲེན་པ་འ་འཕྲེང་རེད་ཅེས་གསུངས། །
འཇམ་དཔལ་གྱིས།
་
བཀྲིས་བཀྲ་ཤིས་ལོ་སར་ལོ་གསར་ཚེ་ཏན་ཚེ་བརྟན་དག །
ཀརྡོས།
པདྨ་མྱ་ངན་བསངས་པར་སྨོན།
འཁོར་བ་ཁབ་ཀྱི་རྩེ་མོ་ན།
བདེ་བ་ནམ་ཡང་ཡོད་མ་ཡིན།
འོན་ཀྱང་སེམས་བདེའི་ཐབས་ལ་འབད།།
་
ཛམ་གླིང་ས་སྟེང་འདི་ཉིད་ན།
ཀླ་ཀློའི་རྒྱལ་ཁབ་ནང་འཁྲུགས་ཀྱིས།
བྱེ་བར་ལོངས་པའི་མི་ཡི་ཁྱུ།
ནུབ་ཕྱོགས་ལྗོངས་སུ་བྲོས་པ་ཐོས།།
་
ནུབ་ཕྱོགས་རྒྱལ་ཁམས་མང་པོ་ཡིས།
སྐྱབས་བཅོལ་ཀུན་ལ་གྲོགས་བྱེད་པ།
སེམས་པ་བསངས་པས་བྱེད་པར་ནུས།
བསམ་པ་བཟང་ན་ས་ལམ་བཟང་།།
་
བླ་མ་མཆོག་སྤྲུལ་སུ་ཡིན་ཡང་།
མི་ལ་གྲོགས་མཛད་དོན་དུ་བྱོན།
མཛད་པ་གང་དང་གང་བསྟན་མཛད།
གདུལ་བྱའི་དོན་དུ་ཡིན་པར་ངེས།།
་
དེ་ལྟར་དད་པ་ཡོད་ན་ལེགས།
་
དད་པ་མེད་པའི་མི་རྣམས་ལ།
དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།
ས་བོན་མེ་ཡིས་ཚིག་པ་ལ།
མྱུ་གུ་སྔོན་པོ་ཇི་བཞིན་ནོ།།
་
མེ་སྤྲེའུ་བོད་ཀྱི་ལོ་གསར་ལ།
སྔོན་ལོ་བཟང་ངན་ཅི་ཡིན་འདས།
ལོ་འདི་ཉིད་དང་མ་འོངས་ལོ།
བཟང་པོར་འབྱུང་བ་བསུ་བ་ལེགས།།
ཀ་རྡོ་ཉེར་ཕྱག་པ་མཆོག་གིས།
ཐེངས་ཞེས་བདག་གི་འདོད་ཚུལ་དུ།
གསུངས་པ་ཨེ་ཡིན་སྙམ་པ་བྱུང་།
ཐང་སྒྲ་གྱུར་པས་ཐེངས་ཆགས་སྙམ།།
་
ཁོ་བོའི་ལུང་པའི་ཁ་སྐད་དུ།
ལན་ཞེས་པ་ཡོད་ཐེངས་ཞེས་མེད།
ད་ལྟར་ལ་དྭགས་གསར་ཤོག་ཏུ།
ཐེངས་ཞེས་བཀོད་པ་མཐོང་་བ་ལགས།།
་
དེ་ཡིས་ལན་ཞེས་འབྲི་སྲོལ་ཉམས།
ལན་གཅིག་ལན་གཉིས་ལན་གསུམ་སོགས།
དཔེ་ཆ་དག་ན་ཡོད་ན་ཡང་།
མ་འོངས་པ་ན་དོན་ཤེས་ཉུང་།།
སྔོན་གྱི་མཁས་པ་བོད་པ་ཡིས།
བྲིས་པའི་སྐད་ཀྱི་ཡི་གེ་ཡི།
དག་ཆ་དག་དང་མཐུན་པ་རུ།
བྲིས་ཏེ་བོད་སྲོལ་བཟང་པོ་སྐྱོང་།།
་
་
ཀ་རྡོ་ཉེར་ཕྱག་པ་མཆོག་གིས།
ཐེངས་ཞེས་བདག་གི་འདོད་ཚུལ་དུ།
གསུངས་པ་ཨེ་ཡིན་སྙམ་པ་བྱུང་།
ཐང་སྒྲ་གྱུར་པས་ཐེངས་ཆགས་སྙམ།།
དག་ཆར་ཡོ་སྲང་།
དྲ་གྲོགས་ལ་དྭགས་མཁས་དབང་བློ་བཟང་འཇམ་དཔལ་ཞལ་སྔ་ནས། །
ཐེངས་ཅིག་ལན་ཅིག་དགོང་དྲོ་དགོངས་དྲོར་ས་ཡང་འཇུག །
སྤྱི་ལོ་ཆེར་སྒྲོགས་འཕྲེང་བར་འདྲེན་པ་འ་འཕྲེང་རེད་ཅེས་གསུངས། །
འཇམ་དཔལ་གྱིས།
ཞེས་པའི་རང་འགྲེལ་གསལ་བཤད་ལ།
ཐེངས་གཅིག་ལས་ལན་གཅིག་དག་པ།
དགོང་དྲོ་ལས་དགོངས་དྲོ་དག་པ།
གསུངས་འདུག་ཞུས་པ་ཙམ་ལས། མ་འདས་པས། ཀུན་གྱིས་ཡིད་འཇགས་འཚལ་ལོ།།