བཛྲ་རཏྣ།
བོད་ནང་རང་སྲེག་གི་དོན་རྐྱེན་རེ་རེའི་སྐབས་གནས་ཚུལ་བྱུང་ཡུལ་ས་གནས་ས་ཐོག་གི་དྲ་ཚིགས་དང་། ཁ་པར་གྱི་བརྒྱུད་ལམ་ཡོད་ཚད་བཀག་འགོག་གིས་ཕྱི་མི་ནང་ལ་མི་ཚུད་ཅིང་ནང་མི་ཕྱི་ལ་མི་ཐར་བའི་བཀག་རྒྱ་དམ་པོ་བྱས་ཏེ། འཛམ་གླིང་མི་དམངས་ལ་བོད་ཀྱི་དོན་དངོས་ཤེས་སུ་འཇུག་མི་འདོད་པའི་སྲིད་བྱུས་དེ་པེ་ཅིང་སྲིད་གཞུང་སྔར་ལྟར་ཡིན་ནའང་། བར་སྐབས་ཤིག་ནས་བོད་མིའི་རང་སྲེག་གི་རྒྱུ་རྐྱེན་ཁག་ཅིག་བཟའ་ཚང་བར་གྱི་འགལ་ཟླར་བརྟེན་ནས་བྱུང་ཚུལ་དང་། ཡང་ཁག་ཅིག་རྒྱན་ཤོར་གྱིས་རང་སྡུག་མ་ཐེག་པའི་ཡིན་པར་ངོས་ལེན་ཡོང་ཐབས་དང་། དེ་བཞིན་བོད་ཤར་ཕྱོགས་མདོ་སྨད་རེབ་གོང་ཁུལ་གྱི་སྐྱ་སེར་ཚོས་རང་སྲེག་མི་བྱེད་རྒྱུར་ཁག་ཐེག་མཛུབ་ཐེལ་རྒྱག་པ་བཅས་ཀྱི་ཐད་ཞི་དྲག་གིས་བྱེད་ཐབས་ཅི་རིགས་སྤྱོད་བཞིན་པ་ནི། བོད་མིའི་རང་སྲེག་གི་དམིགས་འདུན་དེ་ཚད་མཐོ་བར་བསླེབས་པའི་མངོན་རྟགས་ཤིག་ཏུ་མ་ཟད། པེ་ཅིང་སྲིད་གཞུང་ཡང་གནད་དོན་དེར་གཡོལ་ཅི་ཐུབ་ཀྱི་ཚད་དུ་ལྷུང་བའི་རྟགས་མཚན་ཞིག་ཀྱང་རེད།
བོད་མིས་འཚེ་མེད་ཞི་བའི་ལྟ་གྲུབ་རྨང་གཞིར་བཞག་སྟེ་རང་གི་མངོན་འདོད་རྩོད་ལེན་བྱ་རྒྱུ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད། ཆོད་སེམས་ཅི་བས་ཆེ་ན། པེ་ཅིང་སྲིད་གཞུང་གིས་དེ་ལ་བཟོད་སྒོམ་མི་ཐུབ་པ་ནི། ང་ཚོས་འདས་པའི་ཉམས་མྱོང་རིམ་པ་ནས་ཚོད་བགམ་ཐུབ་ཅིང་། ཉེ་བའི་ཐད་ནས་ཀྱང་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧོང་ལིས་ ‘‘ཏཱ་ལའི་བླ་མས་རང་སྲོག་བློས་གཏོང་བྱེད་མཁན་ཚོར་སྐྱོན་བརྗོད་གཏིང་ཟབ་བྱ་རྒྱུའི་ཚབ་ཏུ། བོད་རང་བཙན་གྱི་དམིགས་ཡུལ་འགྲུབ་སླད་གཞན་གྱི་ལུས་སྲོག་བློས་གཏོང་དགོས་རྒྱུར་སྐུལ་མ་བྱེད་བཞིན་ཡོད་པ་རེད་’’ཅེས་དང་། ‘‘ཏཱ་ལའི་བླ་མས་བོད་རང་བཙན་གྱི་དམིགས་ཡུལ་འགྲུབ་ཐབས་སུ་ཉི་ཧོང་ནང་གཏམ་བཤད་སྤེལ་བ་བརྒྱུད་རྒྱ་ནག་ལ་མི་དགའ་མཁན་ཉི་ཧོང་གཡས་ཐལ་སྡེ་ཁག་དང་མཉམ་འབྲེལ་ཐབས་ཤེས་བྱེད་བཞིན་ཡོད་པ་རེད་’’ཅེས་དངོས་ཡོད་གནས་ཚུལ་ལ་བསྙོན་འཛུགས་དང་། རྫུན་གཏམ་ཆེན་པོ་བཤད་དེ་རྒྱ་རིགས་ཀྱིས་མཚོན་འཛམ་གླིང་མི་དམངས་ལ་མངོན་སུམ་འཛེམ་མེད་ཀྱིས་དབུ་སྐོར་འདི་ལྟར་གཏོང་ཕོད་པ་ནི། པེ་ཅིང་སྲིད་གཞུང་གིས་བོད་མིའི་རང་སྲེག་གི་དོན་དངོས་ལ་གཏན་ནས་བཟོད་སྒོམ་ཐུབ་ཀྱི་མེད་པའི་རང་མཚང་ཕྱིར་མངོན་ཡོད།
གཉིས། བཟོད་སྒོམ་མི་ཐུབ་པའི་རྒྱུ་མཚན་བཙལ་བ།
པེ་ཅིང་གིས་ད་རབས་དམིགས་བསལ་བཟོད་སྒོམ་ཐུབ་ཀྱི་མེད་པའི་རྒྱུ་མཚན་གཙོ་བོ་དེ། ད་བར་ཁོང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་བོད་ཡུལ་གསར་བ་ཞེས་པའི་དར་ཆ་མཐོན་པོར་སྒྲེང་བའི་ནང་སྙིང་། དུམ་བུར་བགོས་པའི་སི་ཁྲོན་ཁོངས་ཀྱི་བོད་ཁུལ་དང་། ཀན་སུའུ། མཚོ་སྔོན། བོད་རང་སྐྱོང་ལྗོངས་བཅས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་གཅིག་གྱུར་གྱི་འབོད་ཚིག་འོག་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དོན་དྲུག་གིས་རང་ལུས་གསོན་པོ་མེ་རུ་བསྲེགས་ནས་རང་གི་མངོན་འདོད་རྩོད་ལེན་བྱས་པ་དེས་རྫུན་ཁུང་ཡོངས་སུ་བརྡོལ་བ་དང་དུས་མཚུངས། གནད་དོན་དེས་འཛམ་གླིང་མི་དམངས་ཧང་སང་དུ་བཅུག་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་། ཨ་རིའི་གཞུང་ཚབ་དང་། འཇར་མན་གཞུང་། ཡོ་རོབ་གྲོས་ཚོགས། ཧྥ་རན་སིའི་གྲོས་ཚོགས། ཌན་མག་གྲོས་ཚོགས། ཉི་ཧོང་གྲོས་ཚོགས་རྣམས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དང། དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་ཁེ་ན་ཌ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྔ་རྗེས་སུ་བོད་མིའི་རང་སྲེག་གི་གནད་དོན་གླེང་སློང་བྱས་པས་མཚོན། བོད་མིས་ཆེས་ཚད་མཐོའི་འཚེ་མེད་ཞི་བའི་རང་སྲེག་གིས་མངོན་འདོད་རྩོད་ལེན་བྱེད་ཤུགས་ཆེ་ཆེར་འགྲོ་བཞིན་ཡོད་པས་རེད།
གསུམ། ང་ཚོའི་རྒྱལ་ཁ་ངོ་མ་ནི་ཕྱིར་འཁོན་མི་སློང་བ་དེ་ཡིན།
སྐབས་འདིར་ང་ཚོས་གཟབ་ནན་དགོས་པ་ཞིག་ནི། པེ་ཅིང་སྲིད་གཞུང་གི་མུན་སྒམ་སྦུབས་ཀྱི་དམག་ཇུས་དེ་བོད་མིས་འཚེ་མེད་ཞི་བའི་ངང་རང་སྲེག་གིས་མངོན་འདོད་རྩོད་ལེན་ཀྱི་རྣམ་པ་ཡོད་ཚད་ཁ་ཕྱོགས་གཞན་ལ་བསྒྱུར་ཏེ། མདའ་གཅིག་གིས་གླ་བ་གཉིས་གསོད་པའི་བྱེད་ཐབས་སྤྱོད་ཉེན་ཡོད་པ་དེ་རེད། དེའི་ཐད་ཀྱི་ཉེ་བའི་དཔེ་མཚོན་ཞིག་ནི། ཕྱི་ཟླ་ ༡༠ ཚེས་ ༢༤ ནས་བཟུང་རྒྱ་གཞུང་གིས་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཞང་སོ་སོའི་ནང་དྲག་རྡུང་ལས་འགུལ་སྤེལ་མགོ་བརྩམས་ཤིང་། དེའི་ཁྲོད་བོད་མི་ལོ་ ༡༥ ཡན་ནས་ ༦༥ མན་གྱི་སྐྱེས་པ་ཡོངས་རྫོགས་ཞུགས་པར་བཙན་བཀའ་བཏང་བའི་དྲག་རྡུང་ལས་འགུལ་དེ་ནང་བོད་མི་ཁག་ཅིག་ལ་རྨས་སྐྱོན་ཆེན་པོ་བཟོས་ཚུལ་གསར་ལམ་ཁག་ཏུ་ཐོན་ཡོད།
བོད་མིའི་ཁ་དཔེར། ཁྱི་ཁུག་ལ་བཀར་དྲགས་ན། མཆེ་བ་མི་འདོན་ཀ་མེད། ཅེས་པའི་དཔེ་ལྟར། རྒྱུ་རྐྱེན་འདི་ཡིན་ཟེར་རྒྱུ་མེད་པར་རང་དགར་གཅར་རྡུང་དེ་ལྟར་བྱས་ན་བོད་མི་འུ་ཐུག་ནས་དྲག་སྤྱོད་སྤེལ་སྲིད་པ་དང་། གལ་སྲིད་བོད་མིས་དྲག་སྤྱོད་སྤེལ་བ་ཡིན་ན། གཅིག་ནས་བོད་མིའི་རང་སྲེག་ལས་འགུལ་འདིའི་སྣེ་མོ་དྲག་སྤྱོད་པར་བསྒྱུར་པ་དང་། དེ་ལ་བརྟེན་ནས་བོད་མིར་དྲག་གནོན་ཡ་ང་བ་ཞིག་བྱས་ཏེ། རྒྱལ་སྤྱིའི་ཐོག་ལའང་འགྲེལ་བཤད་སྟབས་བདེ་ཞིག་བརྒྱག་ཉེན་ཡོད་པ་རེད། ཕྱོགས་གཅིག་ནས་གནད་དོན་དེས་རྒྱ་རིགས་མི་དམངས་ཁོང་ཁྲོ་ལངས་གཞི་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་སྣོན་བྱེད་པའི་ལག་ཆ་ཞིག་ལའང་བསྒྱུར་སྲིད་སྟབས། སྐབས་འདི་ནས་བོད་མི་ཚོས་ཅིས་ཀྱང་རྣམ་རིག་གྲུང་བོའི་ངང་མེ་མདས་དྲག་ཆར་ཕབ་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཁྱོངས་དགོས་པ་ལས། ཕ་རོལ་གྱི་གཡོ་འོག་ཏུ་ཚུད་དེ་དྲག་སྤྱོད་མངོན་དུ་གྱུར་པ་ཡིན་ན། ཕ་རོལ་ལ་དགོས་རྒྱུ་དེ་བསྒྲུབས་པ་རེད་ལ། གཞི་ལུས་བོད་མི་དོན་དྲུག་གིས་འཚེ་མེད་ཞི་བའི་ངང་རང་སྲེག་གིས་མངོན་འདོད་རྩོད་ལེན་བྱས་པ་རྣམས་ཀྱང་ཆུད་ཟོས་སུ་བཏང་བ་རེད།
བཞི། རྒྱབ་ཕྱོགས་ལ་ཉན་འཇོག་དགོས།
གནད་དོན་གང་ཞིག་ཡིན་ཡང་བཟང་ཕྱོགས་ཀྱི་ཆ་དང་ལྡོག་ཕྱོགས་ཀྱི་ཆ་གཉིས་ཡོད་པ་ལྟར། ང་ཚོས་ངེས་པར་རང་སྲེག་གི་རྒྱབ་གཟུགས་ལ་ཟློག་ཕྱོགས་ཀྱི་ཆ་ནས་ཉན་འཇོག་དགོས། དེ་ཐད་འཐུས་ཤོར་གྱི་དཔེ་མཚོན་ཞིག་ལོ་རབས་བརྒྱད་ཅུའི་མཇུག་ཏུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དངོས་སུ་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༢ ནས་ལྷ་སར་བསྐྱར་དུ་བོད་མིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱེན་ལངས་སྐབས། ས་གནས་དཔོན་རིགས་གཙོ་གྲས་ཁག་ཅིག་གིས་ཀྱང་ཤེས་ཚོར་གཏན་ནས་མེད་པར། ཕྱི་ཟླ་ ༣ ཚེས་ ༥ ཉིན་བོད་སྡོད་ཉེན་རྟོག་དྲག་ཆས་དམག་དཔུང་ལ་པེ་ཅིང་དབུས་གཞུང་ཉེན་རྟོག་བཀའ་བཀོད་ཁང་གིས་དམག་རྒྱག་སྐུལ་སློང་གི་བཀའ་བརྒྱ་འབྱོར་རྗེས། འཕྲལ་དུ་དམག་རྒྱག་འཆར་བཀོད་སྒྲིག་པའི་གོ་རིམ་ཡོད་ཚད་ཆེས་འཇིགས་སྣང་ཡོང་གཞི་ཤ་སྟག་ཡིན་ཞིང་། དེའི་དོན་ཚན་བཞི་བར་ནང་གསེས་དོན་ཚན་བདུན་ཅན་གྱི་གསང་ཇུས་ཡོད་པའི་ཆ་ཤས་ཤིག ‘‘ གསང་ཉུལ་ཡན་ལག་རུ་ཁག་ནས་མི་སུམ་བརྒྱ་སྐོར་ཞིག་མི་མང་དང་། གྲྭ་བའི་ནང་འཛུལ་ནས་ཚེས་ལྔ་ཉིན་གྱི་ཞོགས་པ་བར་སྐོར་ནང་དང་། ལྷ་སའི་ཟིང་ཆ་ཡོད་སའི་ས་གནས་ཁག་ལ་བསྐྱོད་དེ་སྤྱི་བདེ་ཐིང་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཀྱུས་ཆས་སྤྲོས་པའི་ཉེན་རྟོག་པར་རམ་འདེགས་བྱས་ནས་ཆེད་མངགས་རྣམ་པ་ཟང་ཟིང་བཟོ་རྒྱུའི་ལས་འགན་སྒྲུབ་དགོས། གཙུག་ལག་ཁང་གི་བྱང་ཤར་ཕྱོགས་སུ་ཡོད་པའི་དགའ་ལྡན་དར་སྨྱོན་དང་། ཤར་སྐྱ་རེངས་དར་ཆེན་མེར་སྲེག་གཏོང་རྒྱུ། ལྷ་སའི་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲུ་རིགས་ཚོང་ཁང་གཏོར་བཅོམ་བྱས་ནས་གྲོང་མི་ཚོ་མཉམ་དུ་འབྲུ་རིགས་བརྐུ་རྒྱག་བྱེད་འཇུག་རྒྱུ་དང་ཆབས་ཅིག་བོད་དང་ཀན་སུ་ཟུང་སྦྲེལ་གྱིས་གཉེར་བའི་ཚོང་ཁང་ཆེན་མོར་དཀྲོག་རྐྱེན་གཏོར་བཅོམ་བྱས་ཏེ་གྲོང་ཁྱེར་མི་ཚོར་ཚོང་ཟོག་བརྐུ་རྒྱག་བྱེད་རྒྱུའི་ངན་སྐུལ་བྱེད་རྒྱུ། ’’ཞེས་སོགས་ཞིབ་ཚགས་པའི་གསང་ཇུས་བཀོད་སྒྲིག་འདི་ལྟར་བྱས་ཡོད་ལ། གསང་ཇུས་འདི་བཞིན་པེ་ཅིང་དབུས་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་རྒྱལ་ས་ལྷ་སར་རྒྱ་མིས་བོད་ཆས་གྱོན་ཏེ་གྲི་ནམ་མཁར་འཕྱར་བའི་གནས་ཚུལ་དངོས་སུ་བྱུང་ཡོད་པ་མིན་ནམ།
མཇུག་གི་རེ་སྐུལ།
སྔོན་ཆད་རྒྱ་གར་དུ་ནང་བའི་བསྟན་པར་མཐའ་དམག་གིས་འཇིགས་པ་ཇི་སྙེད་བྱུང་དུས་རྣམས་སུ། སྐབས་དེའི་བསྟན་འཛིན་གྱི་སྐྱེས་མཆོག་གང་མང་ཞིག་གིས་བཟོད་པ་སྒོམ་ནས་རྒྱལ་ཁ་བླངས་པའི་ལོ་རྒྱུས་ཡོད་པ་དང་། བོད་མིའི་ཁ་དཔེ་ལ་ཡང་། འཇམ་པོས་དྲག་པོ་འཇོམས་ཞེས་པ་འདི་བོད་མི་ཀུན་གྱི་སེམས་ལ་ཉར་བའི་སྨོན་འདུན་དྲག་ཏུ་ཞུ་བ་དང་ཆབས་ཅིག དེ་རིང་བོད་དོན་རྒྱབ་སྐྱོར་དམིགས་བསལ་ཚོགས་ཆེན་ཐོག་ཏུའང་བོད་མིའི་སྐྱབས་མགོན་༸གོང་ས་མཆོག་གིས་ ‘‘བོད་པའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་བ་མེད་པའི་འཐབ་རྩོད་ཅིག་དང་། འཚེ་མེད་ཞི་བ་ནི་ནང་སེམས་ཀྱི་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་ཡིན་ལ། དྲག་སྤྱོད་ཀྱི་རིགས་ནི་ཁོང་ཁྲོ་དང་རང་ཉིད་ལ་གདེང་ཚོད་མེད་པའི་དབང་གིས་མཚོན་ཆ་བེད་སྤྱོད་བྱེད་པ་སོགས་འབྱུང་གི་ཡོད་’’ཅེས་པའི་ལམ་སྟོན་འདི་བོད་མི་ཀུན་གྱི་སེམས་ཀྱི་གཏིང་རིམ་ལ་ཉར་དགོས།
མཐའ་དོན་ནན་གྱིས་བརྗོད་འདོད་པ་ཞིག་ལ། མཁས་པ་ཤེས་རབ་ཀྱིས་སྲུང་ན། ། དགྲ་བོ་མང་ཡང་ག་ལ་ཚུགས།། ཞེས་པ་ལྟར། བོད་ནང་ཤིན་ཏུ་ཛ་དྲག་ཏུ་གྱུར་པའི་སྐབས་འདིར། མཁྱེན་དཔྱོད་ཡངས་པའི་བོད་མི་ཤེས་ལྡན་པ་ཚོ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་མི་འཛིན་པར་རང་རང་གི་རྣམ་དཔྱོད་སྤྱད་ནས་བླང་དོར་ལེགས་ཉེས་སྟོན་པའི་བྱ་བར་ཅིས་ཀྱང་འཇུག་དགོས། འདིའི་ཐད་དེ་རིང་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་‘‘ བོད་དང་བོད་མིའི་གལ་ཆེའི་གནད་དོན་ཡོངས་རྫོགས་ཀྱི་ཐོག ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་དཔེ་སྟོན་དང་མདུན་བསྐྱོད་གནང་བའི་རེ་འདུན་ཞུ་བ་ཡིན། ’’ཞེས་གསུངས་ཡོད་པ་མིན་ནམ། །
མྱ་ངམ་བྱེ་མའི་ཐང་དཀྱིལ་དུ་ཚད་པས་གདུང་བའི་མི་ཞིག་ལ་མཚོན་ན། རྩོམ་ཡིག་འདི་ང་ལ་སྐོམ་སེལ་གངས་ཆུ་བསིལ་མ་ལྟ་བུ་བྱུང་། ཡག་བྱུང་།
གཏམ་དེ་ཤིན་ཏུ་སྙན་བོད་མི་རང་སྲེག་བཏང་བའི་སྟོབས་ཀྱིས་འཛམ་གླིང་མི་དམངས་དང་
རྒྱལ་ཁབ་གང་མང་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་ཤིང་དཔའ་བོ་དཔའ་མོ་
རྣམས་ཀྱི་དམིགས་འདུན་རྒྱབ་སྐྱོར་གྱི་རྣམ་པའང་སྟོན་གྱི་ཡོད་པ་རེད།ངས་གོང་ནས་གཏམ་
དེ་སྙན་ཞེས་ཤོར་བ་ནི་སྤྱིར་བོད་མི་ཚོའི་བདེ་སྡུག་ལ་ལྟོས་ཏེ་སྙན་མོ་ཞིག་མིན་ཀྱང། གོང་བཞིན་
མེར་བསྲེགས་ཀྱི་ནུས་སྟོབས་ཆེ་ཚུལ་བཤད་པའི་གཏམ་བརྗོད་ལ་སྙན་སོང་བ་ཡིན། དེ་སྔོན་རང་
བཙན་དང་རང་དབང་གི་ཐད་ལ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཚུལ་ནི་འདིར་བཙན་བྱོར་
གྱི་བོད་གཞུང་གིས་བསྒྲུབས་རིང་ཤོས་ཀྱི་བྱ་བ་ཞིག་ཡིན་ཡང། དེས་རང་དབང་དང་རང་བཙན་
གྱི་ཐད་ལ་ཕན་འབྲས་ཧ་ཀྱང་བྱུང་བ་བཤད་མི་ཤེས་པ་ཞིག་རེད་སྙམ། ཡིན་ཡང་དེ་རིང་འདིར་
བཤད་ཚུལ་ལྟར་ན་ངོ་མ་ཧ་ལས་པ་བྱུང་ཡོད་བཟོ་རེད། སྔ་མར་ཞི་བའི་སྐད་འབོད་དང་དྲག་
པོ་ལྟ་བུའི་རྣམ་འགྱུར་ཅུང་རིག་པ་ཙམ་གྱི་རྒྱལ་ཁབ་གཞན་འགས་ཀྱང་བོད་གྲང་ཉུང་མི་
རིགས་དུ་སོང་ཙང་རྒྱ་ནག་གིས་ཚང་མ་སྡེབ་གསོད་བྱེད་ཡོང་ཚུལ་འཛམ་གླིང་ཐོག་བསྒྲགས་པ་
ལས་རྒྱབ་སྐྱོར་ནན་མོ་ཞིག་གནང་རབས་ཐོས་མ་མྱོང། དེ་རིང་རྒྱལ་ཁབ་གཞན་གྱིས་
ཀྱང་རྒྱབ་སྐྱོར་དང་འཛམ་གླིང་མི་དམངས་བོད་ཕྱོགས་སུ་ལངས་ཡོད་ན་སྔར་མ་མྱོང་བའི་
བྱ་བ་ཞིག་ཡིན་རྒྱུ་རེད་སྙམ། ད་དུང་མེར་སྲེག་གི་གྲངས་འབོར་ག་ཚོད་མང་ན་དེ་ཚོད་
ཀྱི་ནུས་ཚད་མཐོ་རུ་འགྲོ་གྱི་ཡོད་ན། ད་མེ་སྤར་རྒྱུ་ནི་ཐབས་གཞན་གང་ལས་ལྷག་པ་ཞིག་
ཡིན་ཚོད་འདུག་མོད། བསམ་ཚུལ་བཤད་ན་འཚེ་མེད་ཞི་བའི་ལས་འགུལ་ཡུན་ཚད་དེ་ཙམ་
སྤེལ་རུང་བོད་མི་རྣམས་ཀྱི་འཚོ་བའམ་བདེ་སྡུག་ལ་ཕན་འདྲ་བྱུང་ཡོད་ན་གཏོགས་བོད་རང་
དབང་རང་བཙན་ལ་ཕན་པའི་བྱ་བ་འདི་བྱུང་བ་རེད་ཅེས་བཤད་དགོས་ན་སྟོན་རྒྱུ་ཆེས་མེད་
ལྟ་བུ་རེད། དེ་རྟེན་ད་དུང་མེར་བསྲེག་རང་གཏང་ན་ཕན་ནུས་གསར་བ་ཞིག་ཡོང་ཐུབ་ཀྱི་
མ་རེད་སྙམ། དེའི་མ་ཚད་གལ་ཏེ་བོད་ཀྱི་འདོད་དོན་གྲུབ་པའི་ཉིན་ཞིག་ཚེས་དུས་ཡང་
རང་བསྲེགས་ཀྱི་སྟོབས་ཀྱིས་རྒྱལ་ཁ་བླང་པ་ཞིག་ཤིན་ཏུ་ནས་དཀའ་བར་སེམས། ཡང་རང་
སྲེག་རྒྱལ་ཁའི་ཆེད་མ་ཡིན་པར་བོད་མི་ཆིག་སྒྲིལ་དང་ཞོར་བྱུང་གི་རྣམ་པ་ཙམ་ཡིན་ན་
མིའི་སྲོག་ལས་རྩ་ཆེ་བ་ནི་འཇིག་རྟེན་མི་ཡུལ་འདིར་དངོས་རྫས་གང་ཡང་མེད་སྡད་དུས་
དེ་དག་དེ་ཙམ་གྱི་ཆེད་དུ་རིན་བྲལ་གྱི་ཚེ་སྲོག་མང་དྲགས་ན་ཧ་ཀྱང་ཐལ་སོང་བ་ཞིག་
ལས་བདེན་དོན་དུ་ཁས་ལེན་ཐབས་མེད་པ་རེད། དེ་མིན་རྒྱལ་ཕྱི་ནང་སོགས་ཀྱི་གསར་
ལམ་དང་འགྱུར་འགྲོས་དག་ལྟས་ལྟས་ནས་མིག་སྲེག་ཉན་ཉན་གྱི་རྣ་བ་འོན་པ་ཆགས་
ཟིན་པས་དེའི་རིགས་འདིར་ལུང་འདྲེན་བྱེད་ཀྱིས་མེད་ལ། བྱས་ཀྱང་མགོ་འཁོར་བ་ལྟ་བུ་
ལས་སྟོབས་ཆེན་རྒྱལ་ཁབ་འགའ་ཞིག་གིས་ང་ཚོར་རོགས་སྐྱོབས་གནང་བའི་སྐད་ཆ་དག་
སྔ་མ་སྔ་མ་ནས་བཤད་བསྡད་རྒྱུ་ཡོད་ཀྱང་དཔལ་འབྱོར་འདྲ་རོགས་སྐྱོར་གནང་ཡོད་ན་
མ་གཏོགས་གཞན་བོད་དོན་ལ་སྐད་ཆ་བྱེད་རྒྱུ་ཙམ་ལ་རོགས་པ་མེད་པ་ནི་ཤེས་གསལ་རེད།
དངོས་གནས་ཤ་ཚ་མོའི་བསམ་ཚུལ་དཔྱད་བརྗོད་འདི་འདྲ་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཞིག་ཡིན་པས་ཤེས་ཡོན་ཅན་གྱི་རྒན་གཞོན་ཚང་མས་རྣམ་དཔྱོད་གཅིག་ཏུ་སྤུངས་རྒྱུ་མཁྱེན་མཁྱེན།
རེབ་སྐྱིད་མཚོ་ཟེར་བ་འདི་ཕལ་ཆེར་སྒོར་ཟུར་ལྔ་པའི་གྲས་རེད་་་་རབས་བྱུང་ན་རྩོམ་སྒྲིག་པས་ཁོ་མོ་སུ་ཡིན་ངོ་སྤྲོད་གནང་རོགས།
བཤད་སྟངས་འདི་འདྲ་ཞིག་རེད་ཟེར་ན་མ་ཆོག་པ་མི་འདུག་མོ། འོན་ཀྱང་རང་སྲོག་སྐྱོབས་པའི་རང་དབང་ཡོད་པ་རེད། རང་གི་རྒྱུ་ནོར་ལོངས་སྤྱོད་སྲུང་བའི་བདག་དཔང་ཡང་ཡོད་པ་རེད། དེ་ལ་དྲག་པོ་ནམ་ཡང་མི་ཟེར། རྒྱ་ནག་གི་བཤད་ཚད་སྒྲུབ་ཚད་ལ་དེ་འདྲའི་དོགས་དགོས་དོན་ལྷག་ཡོད་པ་མ་རེད། འཛམ་གླིང་གིས་དེ་ལྟར་དྲག་སྐྱོད་པ་ལ་བཀར་མི་ཐུབ་པའི་བདག་དབང་ཚང་མ་ཁོ་ཚོ་ལ་ཕྱི་གསལ་ནང་གསལ་དུ་ཞུས་ཚར་བ་རེད། ད་ནི་དཔོང་རོགས་མེད་ན་ང་ཚོ་ང་ཚོའི་ལམ་ལ་འགྲོ་རྐྱང་ཡིན་པའི་དུས་ཞིག་ཐོན་ཡོད་པ་འདྲ།
རང་རྒྱལ་གཞན་ཕམ་གྱི་རྣམ་དཔྱོད་དང་དཔའ་བློ་སོགས་ལ་སྔོན་དཔགས་ཡོད་ན་འགྲིག་ཡོད་པ་རེད།
རྡོ་རྗེ་རིན་ཆེན་གྱིས་བོད་མི་རྣམས་ལ་སྐབས་བབས་ཀྱི་གནད་ལ་ཕོག་པའི་རྩོམ་ཡིག་དེ་སྤེལ་ཐུབ་པར་ཡི་རངས་ཡོད། རྩོམ་ཡིག་འདི་ལས་ལྷག་བདེན་དོན་གླེང་མཁན་ཞིག་དྲྭ་བ་གང་ནའང་མཐོང་མ་སོང་། བོད་ལ་དགོས་པའི་གཏམ་འདི་ལས་ལྷག་མི་འདུག འདི་ཤོག་ཐོག་ཏུ་ཕབ་ནས་འགྲེམ་སྤེལ་རྒྱ་ཆེར་བྱེད་དགོས་ངེས་ཤིག་འདུག
་་་་་ ་་་་་ དེ་བཞིན་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་རྒྱལ་ས་ལྷ་སར་རྒྱ་མིས་བོད་ཆས་གྱོན་ཏེ་གྲི་ནམ་མཁར་འཕྱར་བའི་གནས་ཚུལ་དངོས་སུ་བྱུང་ཡོད་པ་མིན་ནམ ་་་་ ཟེར།
ཡག་པོ་གསུང་འདུག
དང་པོ། བོད་པ་ཚང་ལ་སྡུག་བསྔལ་གསུམ། །སྤྲུལ་ལོག་དམ་ལོག་མང་མང་ནས། །ཕ་ཆོས་གསེར་གྱི་ཉིང་ཁུ་འདིར། །ཕོར་ཆུས་དོན་དུ་བརྗེ་བའི་སྡུག །གཉིང་པ། ཕྱི་དགྲ་མི་རྒོལ་ཕུ་ནུར་རྒོལ། །རང་རིགས་ལ་རྒྱལ་ཅན་ལ་སྨོད། །ཆོ་ཁ་ཆོས་ལུགས་གཏིང་ནད་དེའི། །དམ་ཚིག་འོ་མཚོ་ཕྲག་དམར་བསྒྱུར། །གསུམ་པར། ཆབ་དཔལ་རིགས་གསུམ་བདག་དབང་ཆེད། །གཅེས་པའི་ལུས་སྲོག་མེ་ལ་སྦར། །བསྔགས་བརྗོད་གྲུབ་འབྲས་རྒྱབ་རྩ་སོགས། །འདོད་དོན་ལས་ལྡོག་ལོག་འགྲེལ་མང་། །ཨུ་ཧུ་ཧུ་་་་་་་་་་་ཕྱི་ནང་གིས་དགྲ་བགེགས་འདི་དག་མ་ར་ཡ་ཕཊ་་་་་་་་་་་་་་་་་་་་་་་་་
ངེས་པར་དུ་ང་ཚོས་ཐབས་ཤེས་འཚོལ་དགོས
འཇམ་གཅེས་ཀྱི་ཞལ་འདོན་དེ་ཡག་པོ་འདུག ཡིན་ནའང་དེའི་ཕཊ་སྒྲ་དེ་ནང་བསྐོར་བ་མིན་འགྲོ།
ལོག་སྨྲ་ཚར་གཅོད་ལགས་ཀྱིས།
རྡོ་རྗེ་རིན་ཆེན་གྱིས་བོད་མི་རྣམས་ལ་སྐབས་བབས་ཀྱི་གནད་ལ་ཕོག་པའི་རྩོམ་ཡིག་དེ་སྤེལ་ཐུབ་པར་ཡི་རངས་ཡོད། རྩོམ་ཡིག་འདི་ལས་ལྷག་བདེན་དོན་གླེང་མཁན་ཞིག་དྲྭ་བ་གང་ནའང་མཐོང་མ་སོང་། བོད་ལ་དགོས་པའི་གཏམ་འདི་ལས་ལྷག་མི་འདུག འདི་ཤོག་ཐོག་ཏུ་ཕབ་ནས་འགྲེམ་སྤེལ་རྒྱ་ཆེར་བྱེད་དགོས་ངེས་ཤིག་འདུག
གསུངས་པ་འདིར་རྒྱབ་སྐྱོར་ཡོད། ཉམས་ཞིབ་གནད་ལ་འཁེལ་བ་དང་། ཁ་ཚ་དགོས་གཏུགས་ཏུ་མཁོ་བའི་རྩོམ་ཡིག་བཟང་པོར་མཐོང་། འདི་ལྟ་བུའི་རྩོམ་མང་ཙམ་སྤེལ་རོགས།
ངོ་ལུག་ཁྱོད་ཀྱིས་མ་མཐོང་ཙམ་གྱིས་ཁ་ཚོན་གཅོད་ཐུབ་བམ