བོན་རྒྱ་བསྟན་འཛིན་རབ་རྒྱས།
༼མེར་སྲེག་དཔའ་རྒོད་ཚོར་རྒོལ་བ་དག་གི་ཁ་ནང་ལ་བརྡབས་པའི་དམར་ཆེན་གཏོར་མ་སྟེ་སྲིན་པོ་འབྲུག་ལོའི་ཆིག་བཤད་བཞི་པ།༽
༡༽ མེ་མདས་མི་ཁོགས་པའི་བློ་སྟོབས་འདི་སུས་གཏོར་རྒྱུ་ཡིན།
བོད་ནང་གི་མེ་ལྕེ་ད་དུང་ཡང་མ་བཏལ་བར་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་གྱིན་པ་ནི། བཙན་བྱོལ་ནང་གི་ང་ཚོས་ལས་སླ་བོས་ཚོད་དཔག་ཐུབ་པ་ཞིག་གཏན་ནས་མ་རེད། དེའི་ཕྱིར། “འབར་གྱིན་པ་དེ་མུ་མཐུད་ནས་འབར་རོགས” ཞེས་སུ་སྨྲ་དགོས་པ་ལས་ཁོང་དག་གི་རླབས་ཆེན་ ”ལས་འགུལ་དེ་མཚམས་འཇོག་རོགས་གྱིས” ཞེས་ང་ཚོ་སུས་ཀྱང་སྨྲ་འོས་མེད། ང་ཚོས་དེ་ལྟར་སྨྲ་བ་ལ་ཁོང་ཚོའི་སྡུག་བསྔལ་དེ་སེལ་ཐབས་ཀྱི་འཇོན་ཐང་ང་ཚོར་ཡོད་དགོས་པ་རེད། དེ་མེད་དུས། ང་ཚོས”དེ་ལྟར་མ་བྱེད” ཅེས་མགོ་ཡིས་ཐེངས་དགུ་ལ་བརྒྱབ་ཀྱང་དཔའ་བོ་རྣམས་ཀྱིས་ཉན་འཇོག་གནང་གི་མ་རེད་ལ། གནང་དགོས་དོན་ཡང་ཡོད་པ་མ་རེད། ཁོང་ཚོས་ལས་འགུལ་དེ་སྤེལ་བར་རྒྱ་གཞུང་གིས་མེ་མདའ་ཚད་ནས་ཁོགས་ཀི་མེད་པ་མ་ཟད། བློས་གཏོང་དེ་ཤེད་བུ་རང་གི་རྩ་ཆེ་བའི་ཚེ་སྲོག་ལོས་ཀྱང་གལ་ཆེ་བར་ངོས་འཛིན་གནང་གི་ཡོད་པས་ན། རྒྱུ་མཚན་མེད་པའི་ཚིག་སྟོང་ཞིག་ལ་གདོང་ལེན་ལོས་ཀྱང་ཐུབ། ལྷག་པར་ཤར་སྤྲུལ་ཟེར་བ་ཞིག་གིས་ཁོང་དག་གི་ལས་འགུལ་དེ་ནི་རྣམ་དཔྱོད་ལྡན་པའི་ལས་འགུལ་མ་རེད་ཅེས་རྫིག་གཏམ་གྲོལ་བ་ལ་ངོ་རྒོལ་དང་བློ་ཕམ་གཉིས་ཀ་ཡོད་པ་མ་ཟད། ངའི་རྒྱལ་གཅེས་དཔའ་རྒོད་རྣམས་ཀྱི་ཚེ་སྲོག་གི་མེ་ལྕེ་མ་བཏལ་གོང་ལ་ཞབས་བྲོ་དགོད་སྐྱེད་མ་འཁྲབ་རོགས་ཞེས་ཞུ་བ་བྱས་པ་ཡིན།
༢ ༽ བདག་གི་མགོ་བོའི་སྟོང་ཆེན་འདི་སུ་ལ་གདགས་དགོས།
ད་ལྟའི་གནས་སྐབས་སུ་བོད་དེ་རྒྱའི་དབང་བསྒྱུར་བྱས་པ་ཙམ་མིན་པར་ཤེད་བུའི་ཁེ་དབང་དང་། སློབ་གསོའི་ལས་གཞི། ཆོས་ལུགས་དད་མོས། ཐ་ན་ལྟོ་གོས་ཀྱི་གནད་དོན་ཚུན་ཆད་ལ་རྒྱབ་སྐྱོར་གནང་མཁན་ལྟ་ཅི། ཐ་ན་འགྲེལ་བརྗོད་དང་སྡིག་གཏམ་གླེང་ས་ཙམ་ཡང་མེད་པར། ཡར་འབུར་ཙམ་གྱི་གནས་བབ་དེ་ནས་སྲོག་དབུགས་བཅད་དེ་འབུར་འཇོམས་གཏོང་གི་ཡོད་པས། ད་གཟོད་གནས་ལུགས་ཅན་གྱི་སྐད་ཆ་རེ་བཤད་ནའང་རང་གི་ཚེ་སྲོག་ལ་ལག་འཇོག་དགོས་པའི་གནས་སྟངས་འཇིགས་སུ་རུང་བའི་ལམ་ཁ་འདིར་ལྷུང་ཡོད་པ་རེད། ལམ་ཁ་འདི་མི་འདོད་བཞིན་གདམ་གྱིན་ཡོད་པ་རེད། ཡིན་ནའང་། ལམ་ཁ་འདི་ནི་བཙན་འོག་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཞིག་ཀྱང་ཡིན་ཏེ། བོད་ནང་གི་རྩོམ་པ་པོ་ཞིག་གིས་“རང་ལུས་མེར་སྲེག་ནི་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ཡིན་པ་ལས། རེ་ཆད་ཡིད་མུག་གི་བྱ་སྤྱོད་ཅིག་མ་རེད།” ཅེས་འགྲེལ་བརྗོད་གནང་བ་ལྟར་རྣམ་དཔྱོད་ལྡན་པའི་ཆབ་སྲིད་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ལས་འུ་ཐུག་པ་དང་དཔའ་ཞུམ་པའི་དན་རྟགས་གང་ཡང་མ་རེད། ཡང་གཅིག་བཤད་ན། འདི་ནི་ཁོང་ཚོའི་རྣམ་དཔྱོད་རྟུལ་རྟགས་མིན་པར་གོང་མ་བཙན་རྟགས་འབའ་ཞིག་རེད། གོང་མ་བཙན་པོ་དེའི་འོག་ན་གནས་ལུགས་གླེང་བའི་ཐབས་ལམ་འདི་ལས་གཞན་དུ་མེད་པས་རེད། དེའི་ཕྱིར། ང་ཚོས་ཁོང་དག་གི་རླབས་ཆེའི་ལས་འགུལ་དེ་དག་ལ་འཚེ་བ་ཡིན་མིན་དང་། རྣམ་དཔྱོད་ལྡན་མིན་གྱི་བགྲོ་གླེང་དང་ཐིག་ཤིང་ཚད་ས་ཞིག་གཏན་ནས་མེད།
སྤྱིར་ན་ཤེད་བུའི་སྙིང་སྟོབས་ལ། བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་སྙིང་སྟོབས་དང་། ཤེས་རབ་དང་དཔྱོད་ཤེས་ཀྱིས་བསླངས་པའི་སྙིང་སྟོབས། དྲན་ཤེས་དང་དབང་བོ་སྙོམ་སྒྲིག་མ་ཐུབ་པར་ཞེད་སྣང་བྱ་མ་ཤེས་པའི་སྙིང་སྟོབས། ཁོང་ཁྲོ་དང་ཞེ་སྡང་མ་ནོན་པའི་སྙིང་སྟོབས་བཞི་རུ་ཡོད་པ་ལས་མེར་སྲེག་སྙིང་སྟོབས་འདི་ནི་བྱམས་པ་དང་སྙིང་རྗེས་ཀུན་བསླངས་པའི་སྙིང་སྟོབས་ཀྱི་རིགས་སུ་ཐེ་ཞིང་། ཆོས་སྤྱི་དང་ལྷག་པར་ནང་བ་གཤེན་སངས་ཟུང་གི་ལྟ་གྲུབ་ཀྱི་ནང་དུ་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་སྙིང་སྟོབས་ཤིག་ལ་འཚེ་བར་ཐེ་བའི་ཡིག་འབྲུ་ན་གཅིག་རྙེད་མཁན་ཡོད་ན་ད་ལྟའི་བར་གཞན་གྱི་རྡོག་འོག་ལ་སྒུར་མ་མྱོང་བའི་བདག་གི་མགོ་བོ་འདིས་ཁྱེད་ལ་སྟོང་གདགས་པར་བྱའོ། །
༣ ༽ ཚེ་སྲོག་དྲོན་མོས་བླུས་ཤིང་སྨྲ་ལྕེ་ཚ་བོ་ལས་བརྡོལ་བའི་རེ་འབོད་ལ་སུས་བཟོ་བཅོས་རྒྱག་རྒྱུ་ཡིན།
བོད་ནང་རང་ལུས་མེར་བསྲེགས་བཏང་བ་སུམ་ཅུ་སོ་གསུམ་ལས་གྲོངས་ཚར་བ་ཉེར་དྲུག་དང་། བཙན་བྱོལ་ནང་ལྔ་ལས་གྲོངས་ཚར་བ་གཉིས་ཀྱི་ནང་ཞལ་ཆེམས་གསལ་བོ་ལག་སོན་བྱུང་བ་གསུམ་ཡོད་པ་ལས་སྤྲུལ་སྐུ་བསོད་བྷོའི་ཞལ་ཆེམས་ནང་དུ་ ‘‘ སོར་བྱང་སྔགས་གསུམ་དང་། སྔགས་ཀྱི་ནང་ནས་སྔགས་ཀྱི་དམ་ཚིག་གི་གཙོ་བོ་རང་རང་གི་ལུས་དང་སྲོག་བཏང་སྟེ་འགྱོད་བཤགས་བྱེད་རྒྱུ་དེ་རེད། ཁྱད་པར་དུ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་མེད། མཐའ་མེད་པའི་སེམས་ཅན་དེ་དག་ནི་ཀླ་ཀློ་དང་དེ་ལྟ་བུའི་ཆོས་མིན་གྱི་དབང་དུ་སོང་སྟེ། མི་དགེ་བའི་ལས་ཚབས་ཆེན་བསགས་བཞིན་ཡོད་པས། སྙིང་ཐག་པ་ནས་དེ་རྣམས་ཀྱི་ལས་སྒྲིབ་སྦྱང་ཕྱིར་དང་། གཞན་ཡང་། ཤིག་དང་སྲོ་མང་ཡན་ཆོད་དབུགས་ལ་བརྟེན་ཚད་དེ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་མི་མྱོང་བར་མགོན་པོ་འོད་དཔག་མེད་པའི་སྐུ་དྲུང་དུ་སྐྱེས་ཏེ། རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ་རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན། “ ཞེས་རང་ལུས་མེར་མཆོད་ཕུལ་བ་དེ་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བླ་མེད་རྫོགས་བྱང་ཐོབ་ཕྱིར་ཡིན་པ་མ་ཟད། ཟབ་མོ་སྔགས་ཀྱི་དམ་ཚིག་གཙོ་བོ་ཞིག་ཉམས་ལེན་དུ་བསྟར་བར་ཡང་གསུངས་ལགས་པ་དང་།
རོང་ཚ་བསྟན་འཛིན་ཕུན་ཚོགས་ཀྱི་ཞལ་ཆེམས་ལས “རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ། །རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས། །མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། ། ” ཞེས་རྙེད། མ་རྙེད། སྙན། མི་སྙན། བསྟོད། མི་བསྟོད། བདེ། མི་བདེ་བ་བཅས་འཇིག་རྟེན་ཆོས་བརྒྱད་ཀྱི་ཉེ་ཞོ་གང་གིས་ཀྱང་གོས་མི་འདོད་པ་མ་ཟད། དེ་དག་གི་བདག་འབྲས་ཀྱི་རོ་ལའང་རྫ་ཁའི་རི་དྭགས་དགྲ་ལ་འཇིགས་པའི་ངང་ཚུལ་བཞིན་རིང་དུ་དོར་ནས་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏོང་རྒྱུ་ཡིན་པའི་སྨོན་ལམ་དང་བཅས་ཕེབས་གནང་ཡོད་པ་དང་།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་ཞལ་ཆེམས་ལས། “གུས་པའི་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན།” ཞེས་ཁ་གསལ་གཏིང་གསལ་གྱིས་འཁོད་ཡོད་པས་དེ་དག་གི་གསུང་སྒྲས་ནང་དུ་རྒྱ་ནག་གཞུང་ལ་ཁོང་ཁྲོ་དང་ཞེ་སྡང་གི་མགོ་མ་ནོན་པར་དེའི་ངར་ཤུགས་ཀྱིས་ཀུན་ནས་བསླངས་པའི་འབོད་སྒྲ་ཕར་ཟད་དེའི་ཆར་གཏོགས་པའི་ཡིག་འབྲུ་ན་གཅིག་ཀྱང་མེད་པས་ན། རང་ལུས་མེར་སྒྲོན་པ་དེ་དག་འཚེ་བ་དང་རྣམ་དཔྱོད་རྟུལ་བོ་ཡིན་པའི་གཞི་རྩ་ཞིག་རེག་ཐུབ་བམ།
དེ་བཞིན་ཉེ་བའི་ཆར་རེབ་གོང་ནས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་འཇམ་དབྱངས་དཔལ་ལྡན་ལགས། མེར་བསྲེགས་བཏང་རྗེས་ཀྱི་ཉིན་གསུམ་པ་དེར་དབུགས་སྐར་ཆ་ཁ་ཤས་རིང་སད་པའི་སྐབས་ལ “ དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །མར་གྱུར་འགྲོ་བའི་སྡུག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། ། “ ཞེས་གསོལ་འདེབས་གནང་བ་འབྲེལ་ཡོད་ནད་གཡོག་པ་ཚང་མས་གསན་ཐོས་བྱུང་ཡོད་པ་དང་། ཁོང་གིས་བཟོད་དཀའ་བའི་ན་ཟུག་དེའི་ཀློང་ནས་ཀྱང་འཇིག་རྟེན་ཁམས་ཀྱི་སྡུག་བསྔལ་མ་ལུས་པ་ད་ལྟ་རང་བདག་ལ་སྨིན་པ་དང་། བདག་གི་བདེ་དགེ་ཅི་ཙམ་བསགས་པ་གཅིག་ཀྱང་མ་ལུས་པར་གཞན་ལ་བདེ་སྐྱིད་ཐོབ་པའི་གཞི་རྩ་ཉག་གཅིག་ལ་འགྱུར་བར་གྱུར་ཅིག་ཅེས་སྨོན་ལམ་མཛད་ཡོད་ལགས་ན། འདི་དག་གི་རྣམ་དཔྱོད་ལ་མཐོང་ཆུང་དང་ཟུར་ཟ་བྱེད་ཕོད་པའི་མི་དེ་དག་ནི་ཇི་འདྲའི་ངོ་མཚར་བ་ཞིག་རེད་ཨང་། ལྷག་པར་བོད་ནང་གི་མེར་སྲེག་ལས་འགལ་དེ་འཚེ་བར་མིན་པ་སྨྲ་བ་དག་གིས་ནང་པའི་སྟག་མོ་ལུས་སྦྱིན་གྱི་སྒྲུང་ཞིག་ལ་ཁུངས་གཏུགས་ནས་འཚེ་མེད་དུ་སྨྲ་གིན་ཡོད་ཟེར་བ་དག་གི་ཁ་ནང་ལའང་དམར་ཆེན་གཏོར་མ་འདི་གཞོབ་སྲེག་དང་བཅས་བརྫངས་པ་ཡིན།
ངས་ཁྱེད་ཅག་ལ་འདྲི། བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་རྟག་ངུ། དྲི་མེད་ཀུན་ལྡན་སོགས་ཡ་རབས་ཀྱི་ཚད་གཞིར་གྱུར་བའི་སྒྲུང་དང་ལོ་རྒྱུས་ཀྱི་མི་སྣ་ཚོའང་འདི་དག་དང་བསྡུར་ན་ཆེན་པོ་དང་ཧ་ལས་པ་ཞིག་རེད་དམ། དམིགས་མེད་སྙིང་རྗེ་དང་ཀུན་རྫོགས་སེམས་བསྐྱེད་སོགས་སྤྱོད་ཕྱོགས་ཀྱི་སེམས་སྟོབས་པོ་ཆེ་དག་ལའང་འདི་ལས་འགོང་བའི་དམིགས་རྒྱ་ཅི་ཞིག་ཡོད་པ་རེད། ངས་གོང་དུ་དྲངས་པ་དག་ནི། རྣམ་དཔྱོད་འདོན་སྤེལ་གྱི་རང་དབང་དང་། གཏམ་བརྗོད་ཀྱི་རང་དབང། སོ་སོའི་མངོན་འདོད་ཀྱི་རང་དབང་བཅས་འགྲོ་བ་མིར་སྐྱེས་ཙམ་ནས་རང་ཆས་སུ་ཡོད་པའི་ཐོབ་ཐང་ཐ་དག་རང་ཉིད་དང་ཁྲག་རྒྱུད་གཅིག་པའི་སྤུན་ཟླ་ཀུན་པོར་བཙན་འཕྲོག་རྡོག་རོལ་བྱས་པའི་ས་ཆ་ཞིག་ནས་སོ་སོ་རང་ལ་ཡང་ནས་ཡང་དུ་དྲི་བ་བསྐོར། ཉིན་སྣེ་ཟླ་ལ་བསྟུན་ཏེ་བསམ་གཞིག་མང་དུ་གནང་། མཐར་བཙན་གྲི་སྒྱོགས་གསུམ་གྱི་རྣོ་སོ་སུམ་སྒྲིལ་གྱི་མཚོན་ཁ་ནས་ཚེ་སྲོག་དྲོན་མོས་བླུས་ཤིང་། དམར་བོ་མེ་ལ་བསྲེག་ཉེ་བའི་དུས་སྐད་ཅིག་མར་སྨྲ་ལྕེ་ཚ་བོ་ལས་བརྡོལ་བའི་རེ་བ་དང་སྙིང་སྟོབས་ཤ་སྟག་རེད། འདི་དག་ལ་རྣམ་དཔྱོད་ཀྱིས་མ་ཐེག་པར་བཟོ་བཅོས་རྒྱག་མཁན་གྱི་རྣམ་དཔྱོད་ཅན་དག་ན་རེ། ཁྱེད་ཅག་གི་ཁྲག་དམར་པོའི་རྩ་འཁོར་ན་བོད་ཀྱི་ཁྲག་རྡུལ་དང་དྲན་ཤེས་ཀྱི་དྲོད་རེག་རྒྱུ་གིན་ཡོད་ན། རྒྱ་ནག་གི་དཔུང་རོགས་སུ་ལངས་ནས་དཔའ་བོ་འདི་དག་གི་མཛད་རྗེས་ནག་བསུབ་ལ་མ་འབད་རོགས་ཞེས་བདག་གིས་སྙིང་ནས་ཞུ་བ་བྱས་པ་ཡིན།
༤ ༽ ཚེ་སྲོག་གི་བློས་གཏོང་ལ་ནུས་པ་མེད་པར་སྨྲ་མཁན་སུ་སུ་ཡོད།
ལས་འགུལ་གང་ཞིག་སྤེལ་ནའང་ནུས་པ་ཞིག་གི་ཆེད་དུ་ཡིན་ཙ་ན། བོད་དོན་ལས་འགུལ་དེའང་ནུས་པ་ཞིག་གི་ཆེད་དུ་སྤེལ་དགོས་པ་ཤིན་ཏུ་བདེན་པ་རེད། ངས་བལྟས་ན་ནུས་པ་དེ་ལ་ཆེ་ས་ནས་རིགས་གཉིས་སུ་དགར་ཆོག་ཅིང་། ནུས་པ་དང་པོ་ནི་བོད་པ་མི་རེ་ངོ་རེའི་སེམས་ནང་ལ་སྡོད་མི་བཟོད་པའི་ན་ཟུག་བསྐྲུན་རྒྱུ་དེ་དང་། བོད་པ་ཡོངས་རྫོགས་རྡོག་ལ་སྒྲིལ་རྒྱུ་དེ་རེད། མེར་སྲེག་ལས་འགུལ་འདི་རིགས་ཀྱིས་འདིའི་ཐད་སྔར་མེད་ཀྱི་ནུས་པ་ཞིག་ཐོན་གྱིན་ཡོད་པ་ནི། དཔའ་བོ་སྣང་གྲོལ་གྱིས་འཛམ་ཐང་ནས་མེར་བསྲེགས་གནང་རྗེས། ཁོང་གི་ཞལ་ཆེམས་ནང་དུ་ “ བོད་ཆོལ་ཁ་གསུམ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ངེས་པར་དུ་གཅིག་སྒྲིལ་བྱེད་རོགས། གལ་སྲིད་བོད་སྤྱི་བའི་དོན་དག་ཞིག་སྒྲུབ་མི་ཐུབ་རུང་། བོད་ལ་གནོད་པའི་ལས་དོན་མ་སྤེལ་རོགས། ནང་རྐུན་དང་། ནང་འཛིང་མ་བྱེད་རོགས། བོད་ཀྱི་སྐད་ཡིག་དང་། བོད་ཆས་སོགས་བོད་ཀྱི་རིག་གཞུང་ལ་ངེས་པར་དུ་བདག་པོ་གནང་རོགས། ”ཞེས་དྲན་སྐུལ་གནང་རབས་ཐོས་པ་ལ་བརྟེན། མང་ཚོགས་སེམས་འགུལ་ཆེན་པོ་ཐེབས་ཏེ། ཉིན་གྲངས་མང་པོ་ཞིག་གི་རིང་བར་མཚམས་མ་ཆད་པར། ཉིན་རེར་མི་ཆིག་སྟོང་ནས་ཉིས་སྟོང་ལྷག་དཔའ་བོ་སྣང་གྲོལ་ལགས་ཀྱི་ནང་དུ་ཕེབས་ནས་༸གོང་ས་མཆོག་གི་སྐུ་པར་དང་། དཔའ་བོ་ཁོང་གི་སྐུ་པར་མདུན་ནས་ནང་རྐུས་དང་། ནང་འཛིང་། ནང་རུལ་སོགས་མི་བྱེད་པར་དམ་བཅའ་ཕུལ་བ་དང་། དམ་བཅའ་འབུལ་མཁན་ལའང་ཇོ་ནང་དང་རྙིང་མའི་དགོན་སྡེ་མང་པོ་ཞིག་གཙོས་ཆོས་ལུགས་རིས་མེད་ཀྱི་སྐྱ་སེར་ཁྲི་ཕྲག་ཁ་ཤས་བྱུང་བའི་གནས་ཚུལ་ཐོན་པ་དང་།
དེ་བཞིན་ཨ་མདོ་རེབ་གོང་ནས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ལྡན་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་བསྟུན་མར་མེར་བསྲེགས་གནང་བར་སྙུང་འདྲི་དང་གནས་སྔུན་ལ་བཅར་མཁན་རྫོང་ཁག་མི་འདྲ་བ་དང་ཁུལ་ཁག་མི་འདྲ་བ་མང་པོ་ནས་བཅར་མཁན་བྱུང་བ་མ་ཟད། ཞིང་ཆེན་གཞན་གྱི་མི་སྣའང་ཕེབས་འབྱོར་བྱུང་བའི་གནས་ཚུལ་ཐོན་པ་ལྟ་བུ་ནི་ཕན་ནུས་དང་པོ་འདིར་གཏོགས་ཤིང་མི་ཚོགས་དེ་ལྟར་འདུ་འཛོམས་རེ་བྱུང་ན་དེའི་ཚོད་ཀྱིས་མི་མང་གི་སེམས་ལ་ན་ཟུག་ཅིག་བསྐྲུན་གྱིན་ཡོད་པ་རེད་ལ། དེའི་ཚོད་ཀྱིས་མི་མང་རྡོག་ལའང་སྒྲིལ་གྱིན་ཡོད་པ་རེད། གོང་གི་དཔའ་བོ་འདི་གསུམ་ཙམ་མིན་པར་ཚེ་དབང་ནོར་བུ་སོགས་དཔའ་བོ་རེ་རེ་བཞིན་མེར་བསྲེགས་སྐབས་འདབས་འབྲེལ་གྱི་མི་ཁྲི་ཚོ་འགའ་རེ་འདུ་འཛོམས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ལ། རྗེས་འབྲེལ་གྱི་བོད་དོན་ལས་འགུལ་ཡང་མཚམས་མ་ཆད་པར་ཡོང་གི་ཡོད། འདི་དག་ནི་མེར་བསྲེགས་པའི་ནུས་པ་རེད།
ནུས་པ་གཉིས་པ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རེག་རྒྱུ་དང་རྒྱ་ནག་མི་མང་གི་གོ་རྟོགས་སད་རྒྱུ་དེ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཞེས་པ་ནི། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ར་བ་ནས་བགྲོ་གླེང་དང་གྲོས་ཆོད་འཇོག་པ། ཕྱི་སྲིད་ལས་ཁུངས་དང་གཞུང་གི་མགྲིན་ཚབ་པའི་ངོས་ནས་སྐད་ཆ་བཤད་པ། རྒྱལ་སྤྱིའི་སྟེང་ནུས་ཤུགས་ཆེན་པོ་ཅན་གྱི་མི་སྒེར་དང་གཞུང་འབྲེལ་མིན་པའི་ཚོགས་པ། གསར་འགྱུར་བརྒྱུད་ལམ་བཅས་ནས་གླེང་སློང་བྱེད་རྒྱུ་དེ་རེད་སྙམ་ཞིང་དེ་འདྲའི་རྒྱབ་སྐྱོར་ནི་མི་ལོ་དྲུག་ཅུའི་རིང་བྱུང་མ་མྱོང་བ་ཞིག་འཐོན་རྒྱུ་ནི་གཏན་འཁེལ་ཚར་ཞིང་། ད་ལྟ་ནས་མགོ་བཙུགས་ཡོད་པ་ལྟ་བུ་ཞིག་ཀྱང་རེད། དཔེར་ན། ཉེ་བའི་ཆར་ཨ་རི་དང་། ཡོ་རོབ་མནའ་འབྲེལ། ཉི་ཧོང་སོགས་འཛམ་གླིང་ན་གྲགས་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱི་གྲོས་ཚོགས་ར་བའི་ནང་བགྲོ་གླེང་ཤུགས་ཆེ་གནང་བ་དང་གྲོས་ཆོད་བཞག་པ། དེ་བཞིན་ཞི་བདེ་གཟེངས་རྟགས་ཐོབ་མཁན་བཅུ་གཉིས་ཀྱིས་ཧོ་ཅིན་ཐོར་ཡོངས་ཁྱབ་རང་བཞིན་གྱི་ཡི་གེ་བསྐུར་བ་ལྟ་བུ་དཔེ་མཚོན་རེད་ལ། དེང་སང་རྡ་རམས་ས་ནས་གསར་འགོད་གསལ་བསྒྲགས་ཆུང་ཆུང་རེ་སྤེལ་ནའང་རྒྱལ་སྤྱིའི་སྟེང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་དག་གི་སྡིངས་ཆ་བརྒྱུད་ཐུབ་ཀྱི་ཡོད་པ་དེ་རེད། དེ་བཞིན་རྒྱ་ནག་མི་མང་སད་རྟོགས་ཀྱི་ཐད་ནས་ཀྱང་མེར་སྲེག་ལས་འགུལ་རྗེས་ལ་དེ་འབྲེལ་གྱི་རྩོམ་ཡིག་སྤེལ་མཁན་དང་གདུང་སེམས་མཉམ་སྐྱེད་ཞུ་མཁན་རྒྱ་མི་བརྒྱ་ཕྲག་བརྒལ་བའི་གནས་ཚུལ་ཐོན་པ་དང་ཉེ་བའི་ཆར་རྒྱ་ནག་གཞུང་འབྲེལ་དྲ་བ་ལྔ་བརྒྱ་ཙམ་ལ་གཏོར་རྒོལ་ཐེབས་ཤིང་། གཏོར་རྒོལ་ཐེབས་པའི་དྲ་ངོས་ནག་ཁུང་ལ་གྱུར་བའི་ངོས་སུ “བརྩེ་བའི་རྒྱ་ནག་གཞུང་། ཁྱེད་ཚོ་དུས་ནམ་ཡང་མར་འགྱེལ་མི་སྲིད་པའི་རྟག་བརྟན་ཞིག་མིན། དེ་རིང་ཁྱེད་ཚོའི་དྲ་རྒྱར་གཏོར་རྒོལ་བྱས་ཡོད། སང་ཉིན་གཏོར་རྒོལ་འདི་ཁྱེད་ཚོའི་སྟེང་དུ་བསླེབ་ངེས་པས། སྐབས་དེར་གདུག་རྩུབ་ཅན་གྱི་གཞུང་འདི་མགོ་རྟིང་སློག་གི་རེད།” ཅེས་དང་། “ དེ་རིང་ཁྱེད་ཚོས་(རྒྱ་གཞུང་) སོ་སོའི་རླབས་ཆེ་བའི་མང་ཚོགས་ལ་དྲག་གནོན་སྡུག་གཅོད་གང་བྱེད་བཞིན་པ་དེ། སང་ཉིན་ཁྱེད་ཚོའི་མགོ་ཐོག་ཏུ་ཡོང་ངེས་རེད། སྐབས་དེར་ཡ་ང་སྙིང་རྗེ་མེད་པ་ཞིག་འབྱུང་ངེས།” ཞེས་དང་། “ང་ཚོས་མང་ཚོགས་ཀྱི་མངོན་འདོན་ལྟར་རྒྱ་ནག་དམར་པོའི་གཞུང་ལ་གསར་བརྗེ་ངོ་རྒོལ་བྱེད་ཀྱི་ཡོད། ཚང་མས་སོ་སོ་རང་དབང་གི་མི་རེ་བྱས་ཏེ་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་དང་གྱེན་ལངས་བྱོས།”ཞེས་འཁོད་ཡོད་པར་དཔགས་ན། ད་ནི་རྒྱ་ནག་པ་ཚོའང་གོ་རྟོགས་ངེས་ཅན་ཞིག་སད་ལ་ཉེ་བའི་རྟགས་མཚན་འཁྲུལ་མེད་ཅིག་རེད་ལ། ༸གོང་ས་མཆོག་གིས ”རྒྱ་ནག་མི་མང་ལ་ཡིད་ཆེས་ཆེ་རུ་ཆེ་རུ། རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་རུ་ཆུང་རུ”ཞེས་སྡོམ་ཚིག་ཅིག་འགོད་གནང་མཛད་པའང་མངོན་དུ་འགྱུར་ལ་ཉེ་བའི་རྟགས་མཚན་གསལ་བོ་ཞིག་རེད་སྙམ། ད་དུང་རྒྱ་ནག་གི་དཔོན་ཆེན་ཚོའི་དབང་ཆ་འཐབ་རྩོད་ཀྱི་ཛ་དྲག་གི་གནས་ཚུལ་པོའོ་ཞི་ལེ་ཕྱིར་འཕུད་ཀྱི་གནད་དོན་སོགས་ཀྱང་རྒྱ་གཞུང་གི་རྩིག་རྨང་འཐོར་ལ་ཉེ་བའི་རྟགས་མཚན་ཞིག་ཅི་ལ་མིན།
དེ་ལྟར་མདོར་བསྡུས་ནས་བཤད་ན། མི་ལོ་དྲུག་ཅུའི་རིང་བོད་པ་ཚང་གིས་འདི་ལས་ལྷག་པའི་ལས་འགུལ་ནུས་པ་ཅན་དང་ཚོར་བ་ཅན་ཞིག་སྤེལ་མ་མྱོང་བས་ན། ལས་འགུལ་འདི་ལ་ནུས་པ་མེད་པར་སྨྲ་བའི་ཤེད་བུ་བློ་གྲོས་ཅན་ཞིག་ཡོད་མི་སྲིད།
༥ ༽ མེར་བསྲེགས་གནང་མཁན་ཚོར་གློ་བ་དཀར་པོའི་ཁ་བརྡ།
བོད་བསྟན་པ་ཆབ་སྲིད་ཆེད་དུ་མེར་བསྲེགས་གནང་ཚར་བའི་ཤ་རུས་ཁྲག་རྒྱུད་གཅིག་པའི་སྤུན་ཟླ་རྣམ་པ་ལགས། དྲོད་ཀྱིས་བཟུང་བའི་སྲོག་དབུགས་འདི་མ་བསྡུས་བར་དུ་ཁྱེད་ཅག་གི་བློས་གཏོང་དེ་ནི་རླབས་ཆེན་གྱི་བློས་གཏོང་ཞིག་ཡིན་པར་ངོས་འཛིན་དང་ཡི་རངས་ཀྱི་མདུན་མ་འདྲོངས་པ་བདག་གིས་ནམ་དུའང་ཁྱེད་ཅག་ལ་གློ་བ་དཀར་པོའི་ཁ་བརྡ་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་བོད་དོན་ཆེད་རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་འོག་རྐྱེན་འདས་ལ་གྱུར་ཞིང་། དེ་དག་གིས་ཀྱང་བོད་བསྟན་པ་མི་རིགས་དང་བཅས་པའི་ཆེད་དུ་རང་སྲོག་ཕང་མེད་དུ་བཏང་རྐྱེན་བློས་གཏོང་གི་སྙིང་སྟོབས་ལ་ཚད་གཞི་དང་མཆོག་དམན་འཛིན་མི་ཐུབ་མོད། ཤི་ནའང་གཟི་བརྗིད་དང་ཕན་ཡོན་ཟུང་ལྡན་ཡིན་པ་སྙིང་སྟོབས་ཆེན་པོས་མེར་བསྲེགས་ལ་ཞུགས་པ་ཁྱེད་ཅག་ཡིན་པ་ནི་དངོས་ཡོད་མངོན་གསལ་ལ་གྱུར་ཡོད་པ་འདི་ལྟར་ལགས་ཤིང་ལྷག་པར་ལྐོག་ལྐོག་སིལ་སིལ་མིས་མི་ཤེས་ཁྱིས་མི་ཚོར་བའི་ཁྲིམས་མུན་ཞིག་ནས་རྒྱ་ནག་ལ་དམར་གསོད་བྱེད་འཇུག་པ་ལས། འདི་ལྟར་མངོན་གསལ་མཐོང་རྟོགས་ལ་ཆས་ན་ཤི་བ་གཟི་བརྗིད་དང་སྐྱེས་པ་ལོ་རྒྱུས་སུ་གནས་པ་མ་ཟད། ངོ་བོ་སྒུལ་ཤུགས་ལྡན་པ་དང་། བྱས་པ་གཟི་བརྗིད་ལྡན་པའི་སྒོ་ནས་འཛམ་གླིང་གི་ངོ་མཚར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་རུའང་འགྲོ་ངེས་པ་ཡིན། ཡིན་ནའང་། ཁྱེད་ཅག་ནམ་དུའང་གཞན་གྱི་མགོ་སྐོར་འོག་ཚུད་མི་ཉན་ལ་གཡམ་རྒྱུགས་ཀྱང་རྩ་བ་ནས་གནང་མི་ཉན། ཁྱེད་ཅག་མི་བརྒྱ་སྐོར་ཞིག ཡང་ན། དེ་ལས་ཀྱང་བརྒལ་བ་ཆིག་སྟོང་ལྷག་གིས་མེར་བསྲེགས་ནའང་ངས་གོང་དུ་བཤད་པའི་ནུས་པ་དེ་གཉིས་ལས་བརྒལ་ཏེ། བོད་རང་བཙན་ཐད་ཀར་རེག་རྒྱུ་དང་། རྒྱལ་སྤྱིའི་རྒྱལ་ཁབ་དག་གི་གཞུང་ངོས་དང་སྲིད་འཛིན་སོ་སོའི་ངོས་ནས་བོད་ཀྱི་བདེན་པ་དཀར་འདོན་དང་རྒྱ་ནག་གི་སྐྱག་རྫུན་ནག་འདོན་བྱེད་རྒྱུ་དཀའ་མོ་རེད།
དྲང་མོར་བཤད་ན། རྒྱ་ནག་འདི་ནང་རུལ་དང་ནང་འཐོར་མ་བྱུང་བར་དུ། ཡང་ན་རྒྱ་ནག་འདི་དཔལ་འབྱོར་གྱི་གཞི་རྟེན་མེད་པ་ཞིག་ལ་མ་གྱུར་བར་དུ། ཡང་ན་རྒྱ་ནག་གི་ལག་ནས་རྡུལ་ཕྲན་མཚོན་ཆ་ལོན་མཚམས་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་སོ་སོའི་ངོས་ནས་བོད་ལ་རྒྱབ་སྐྱོར་ཁ་གསལ་གཏིང་གསལ་ཞིག་སྟེ། བོད་ཟེར་བ་འདི་དངོས་གནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་རྒྱ་ནག་གི་སྲིད་བྱུས་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་སྤོབས་པས་སྒྲོག་ཕོད་མཁན་ཀྱི་རྒྱལ་ཁབ་ཞིག་ཡོད་པ་མ་རེད། དེ་ལ་འགྲེལ་བརྗོད་དང་དཔེ་མཚོན་རིང་བོ་འགོད་མི་དགོས་པར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རིས་ཀྱང་བྱེད་ཕོད་ཀྱི་མེད་པ་དང་། ཨེ་ཤ་ཡའི་རྒྱ་ནག་གི་ན་ཟླ་རྒྱ་གར་གྱིས་ཀྱང་ཕོད་ཀྱི་མེད་ལ། ཨེ་ཤ་ཡའི་དཔལ་འབྱོར་སྟོབས་ཆེན་གྱི་རྒྱལ་ཁབ་ཉི་ཧོང་གིས་ཀྱང་གནང་གི་མེད་པ་ཞིག་རྒྱལ་ཁབ་གཞན་ཞིག་གིས་ཕོད་སྟངས་ཡོད་པ་མ་རེད། དཔེར་ན། ཨོ་བྷ་མས་རྡུལ་ཕྲན་མཚོན་ཆ་མེད་པའི་རྒྱལ་ཁབ་ཚོ་རེ་རེ་བཞིན་རྡོག་སྒྲིལ་བཏང་སྟེ་ས་ས་མལ་དང་རྡོ་རྡོ་མལ་བྱས་ནས་འགྲོ་གི་ཡོད་པ་རེད་དེ། རྡུལ་ཕྲན་མཚོན་ཆ་ཅན་གྱི་རྒྱལ་ཁབ་རྒྱ་ནག་དང་། བྱང་ཀོ་རི་ཡ། པ་ཀི་སི་ཐན་ལྟ་བུ་ལ་འབོད་སྐུལ་རེ་ལས་གདོང་གཏུག་ཕོད་ཀྱི་ཡོད་པ་མ་རེད། ཨོ་བྷ་མའི་གཞུང་ལ་རྒྱལ་ཁབ་དེ་དག་འབུར་འཇོམས་གཏོང་འདོད་ཀྱི་བསམ་བློ་ང་ཚོའི་རང་དབང་ཐོབ་འདོད་ཀྱི་བསམ་བློ་ལས་ཀྱང་ལྷག་ཅིག་ཡོད་པ་རེད་དེ། ཁོ་ཡང་རྡུལ་ཕྲན་མཚོན་ཆ་དང་དཔལ་འབྱོར་འབྲེལ་ལམ་ལ་དོགས་ཟོན་དང་སྐྲག་སྣང་གིས་འབོད་སྐུལ་ཙམ་རེ་ལས་ཅི་ཡང་བྱེད་ཕོད་ཀྱི་ཡོད་པ་མ་རེད། དེའི་ཕྱིར། མི་སྟོང་ཕྲག་ཁ་ཤས་ཀྱིས་མེར་བསྲེགས་ནའང་རྒྱལ་སྤྱིས་ང་ཚོ་ལ་རང་བཙན་རྡོག་རྡོག་ཅིག་སྤྲོད་ཀི་མ་རེད། ཡིན་ནའང་། ཚེ་སྲོག་བཏང་བ་ནུས་མེད་ལ་མི་འགྱུར་བ་ཀུན་གྱིས་མཐོང་ཆས་སུ་གྲུབ་ཡོད་པ་འདི་དང་། བློས་གཏོང་ཇི་ཙམ་ཆེ་ན་དེའི་ཚོད་ཀྱི་ཕན་འབྲས་ཆེ་བའང་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ལགས་ཤིང་། ལྷག་པར་ད་ལོའི་བཀའ་སྤྱི་གཉིས་ནི་སྐབས་སྔ་མའི་སྤྱི་འཐུས་ལྟར་མཚོན་ཁ་ནང་སྐོར་བྱས་ནས་འདུག་མཁན་དང་། སྐབས་སྔ་མའི་བཀའ་ཤག་ལྟར་རྒྱ་གཞུང་ལ་ཁོར་ཡུག་བསྐྲུན་ནས་འདུག་མཁན་གྱི་བཀའ་ཤག་ཅིག་མིན་པར་གང་ནུས་ཅི་འཇོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་གཏུག་དང་རྒྱ་ནག་ལ་བརྡ་ལན་རེ་སྤྲོད་ཐབས་སུ་འབད་ཀྱིན་པའི་ངང་ཚུལ་དེ་ནི་ཡི་རངས་ཞུ་འོས་པ་ཞིག་ཡིན་ལ། ཕན་འབྲས་ཀྱང་ངེས་ཅན་རེ་ཐོན་གྱིན་ཡོད་པ་རེད། ཡིན་ནའང་། ངས་སྔ་མོ་ནས་བཤད་ཡོད་པ་བཞིན་བོད་ཕྱི་ལོགས་ནས་ཁྱེད་ཅག་ལ་ཆོས་རེ་བཅའ་རྒྱུ་དང་ཁྱབ་བསྒྲགས་རེ་བྱེད་རྒྱུ་ལས་ལྷག་ཅིག་འཇོན་གི་མ་རེད་ལ་བྱེད་རྒྱུའང་ཡོད་པ་མ་རེད། ད་ལྟའི་ཆར་ཁྱབ་བསྒྲགས་ཀྱི་ཐད་ནས༸གོང་ས་མཆོག་ཅེས་ཚིག་གཅིག་གིས་འཛམ་གླིང་སྒུལ་ཐུབ་པའི་སྐྱེས་བུ་དམ་པ་ཞིག་ཡོད་པའི་བཀའ་དྲིན་དང་། ད་ལོར་བཙན་བྱོལ་གྱི་བཀའ་སྤྱི་གཉིས་ནི་འགུལ་ལ་དགའ་བ་དང་། བོད་པ་ཚོ་རྒྱལ་ཁག་གང་སར་ཞོག་ཁོག་ལྟར་འཐོར་བའི་རྐྱེན་ཀྱིས། ཕལ་ཆེར་བོད་ནས་མི་གཅིག་ཤི་ནའང་འཛམ་གླིང་ལ་བསྒྲགས་ཐུབ་ཀྱི་ཡོད་པ་རེད། འདི་ནི་བཙན་བྱོལ་ནས་ཁྱེད་ཅག་གི་མགྲིན་ཚབ་ཚད་ལྡན་བྱེད་ཐུབ་ཀྱི་ཡོད་པའི་བདེན་རྟགས་ངོ་མ་རེད། དེ་མིན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མི་བརྒྱ་ཤོག་འགའ་རེའི་ཚེ་སྲོག་འཆོར་གྱིན་པའི་གནས་ཚུལ་ནི་འཛམ་གླིང་སྟེང་གི་གནས་ཚུལ་ཆེན་པོ་གང་ཡང་མིན་ནའང་མེར་སྲེག་ལས་འགུལ་འདི་འདྲ་ཧ་ཅང་ཆེན་པོ་རེད། ཁྱེད་ཅག་མི་སུམ་ཅུ་ལྷག་གིས་མེར་བསྲེགས་ནའང་རྐང་རྗེས་དེ་ཙམ་འཐོན་གྱི་མེད་ནའང་། ས་ཆ་གཞན་ནས་སྔོ་ཚོད་བཙོང་མཁན་མི་གཅིག་གིས་མེར་བསྲེགས་བཏང་ཙམ་གྱིས་གསར་བརྗེ་མེ་ལྕེ་མཆེད་ཡོང་བ་དང་། གྲྭ་རྐྱང་གཅིག་གིས་མེར་བསྲེགས་བཏང་བ་ཙམ་གྱིས་དམག་འཁྲུག་མཚམས་འཇོག་པའི་ནུས་པ་ཡོད་པ་ནི། དྲང་མོར་བཤད་ན། བོད་མི་མང་གིས་མ་འཇོན་པ་ལས་ཁྱེད་ཅག་གི་མེར་སྲེག་བར་ལ་ཁྱད་པར་ཤོར་བ་གང་ཡང་མ་རེད། ཁྱེད་ཅག་གི་རྗེས་ལ་བོད་མི་མང་གིས་ཚེ་སྲོག་ལ་གཡོལ་མེད་དུ་དྲག་པོའི་གཞུང་ལ་གྱེན་ལངས་ཉིན་སྣེ་ཟླ་དང་། ཟླ་སྣེ་ལོ་ལ་མཐུད་ཐུབ་པ་ཞིག་འབྱུང་ཐུབ་རྒྱུ་ན་ད་གཟོད་སེ་རི་ཡ་དང་གཅིག་མཚུངས་ཤིག་ཁེགས་ནའང་རྗེས་མཐུན་ཞིག་ཏན་ཏན་འབྱུང་ནི་རེད།
ཡང་། གཞིས་བྱེས་གང་དུ་གནས་པའི་བོད་མི་ཡིན་ནའང་ཞི་བའི་འཐབ་རྩོད་རྐྱང་བ་གནང་རྒྱུ་དེ། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་བ་རིན་པོའི་ཆེ་བཀའ། ད་ལྟའི་བོད་གཞུང་གི་ལངས་ཕྱོགས་སོགས་ཡིན་མིན་ལ་མ་བལྟས་པར་དུས་ཚོད་དང་དངོས་ཡོད་གནས་སྟངས་ཐད་ནས་གཡོལ་མེད་ཀྱི་གནས་སྟངས་ཁོ་ན་ལགས་ཤིང་། གལ་སྲིད་དྲག་པོའི་ཐབས་ལམ་ཞིག་བདམས་ན་རྡུལ་ཕྲན་གྱིལས་གཞི་ཞིག་བརྩམས་དགོས་ཤིང་། དེ་ལྟ་ན། རྒྱུ་མ་མྱི་དང་རྒྱུ་ཁུ་ཁྱི་ལ་མེད་པ་ཞིག་འབྱུང་གི་རེད་མོད། དེ་ནི་དུས་དང་གནས་བབ་གང་ཐད་ནས་བོད་པས་འཇོན་ཁེགས་པོ་རེད་ལ། དེ་ནི་བོད་པས་གནང་མི་ཐུབ་པའི་གདམ་ག་ཞིག་ཀྱང་རེད་སྙམ།
ད་དུང་ནན་གྱིས་བཤད་འདོད་པ་ཞིག་ལ། བོད་དོན་དེ་ནམ་ཡང་བོད་ནང་གི་བོད་མི་ཚོ་འགུལ་སྐྱོད་ལས་ཇེ་ཡག་དང་ཇེ་གསལ་ལ་འགྲོ་དགོས་པ་ཞིག་ལས། ཕྱི་རོལ་གྱི་རྒྱལ་ཁབ་དང་མི་སྣ། ཐ་ན་བོད་པ་གང་གིས་ཀྱང་བསྒྲུབ་ཐུབ་ནི་མ་རེད། དེའི་ཕྱིར། ཐེངས་འདིའི་ལས་འགུལ་དེའི་མཇུག་མ་ཡལ་སྔོན་ལ་མཉམ་རུབ་དང་། ཆིག་སྒྲིལ། སྡེབ་ལངས་རེ་བྱེད་ཕོད་ན་ལས་འགུལ་འདི། འདི་ལས་ཀྱང་ནུས་པ་ལྡན་པ་དང་གཟི་བརྗིད་ལྡན་པ་ལ་འགྱུར་ངེས་པ་རེད་སྙམ། དེ་མིན་ལས་འགུལ་འདི་མཚམས་བཞག་རྗེས་གཞི་ནས་མེ་རྟ་གསར་བ་ཞིག་ལ་མེ་སྒྲོན་དགོས་ན། མི་རྒྱུ་གཉིས་ཐད་ནས་གྱོང་བརྗོད་ཀྱིས་མི་ལང་བ་ཞིག་ཡོང་གི་རེད། དེའི་ཕྱིར། གལ་སྲིད་ལས་འགུལ་འདི་མཚམས་ཆད་པའི་ཉིན་མོ་དེ་ནས་བཟུང་ཁྱེད་ཅག་གིས་བསྐྱར་དུ་ངོ་རྒོལ་དང་འབུར་དོད་མ་བྱེད་ཅེས་སྙིང་ནས་ཞུ་བ་བྱས་པ་ཡིན། དཔེར་ན། ད་ལོའི་མེ་ལྕེ་འདི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འབར་ཡོད་ན་ང་ཚོ་ལ་མཇུག་འབྲས་འདི་ལས་ཡག་ཅིག་བྱུང་ཡོད་རྒྱུ་རེད། ཡིན་ནའང་། ཐེངས་འདིའི་མེར་སྲེག་སྙིང་སྟོབས་འདི་ནི་འཛམ་གླིང་རང་བཞིན་གྱི་ལས་འགུལ་ཞིག་དང་། ཕྱོགས་གཅིག་ནས་འཛམ་གླིང་གི་ཟིན་ཐོ་གཏོར་ལ་ཉེ་བའི་ཚད་ལ་སླེབས་ཀྱིན་པ་ནི་གུས་པར་འོས་པ་ཁྱེད་ཅག་གི་སྙིང་སྟོབས་དང་ཆོད་སེམས་ཉེ་བར་ཡོད་པའི་བདག་འབྲས་འབའ་ཞིག་ལས་ཅི་ཡང་མིན་པས། ཁྱེད་ཅག་ཆས་པ་དོན་དང་ལྡན་ཡོད་ལ་ཁྱེད་ཅག་འབར་བའང་སྟོབས་དང་ལྡན་ཡོད་ཅེས་དངོས་ཡོད་ཚན་རིག་དང་ལྡན་པ་དང་། རྒྱུ་མཚན་རིགས་ལམ་དང་ལྡན་པའི་སྒོ་ནས་བདག་གིས་སྤོབས་པས་གླེང་བཞིན་ཡོད། ཡིན་ནའང་། མེར་བསྲེག་པར་ཐག་ཆོད་པའི་རྗེས་ལ་རང་གི་པར་དང་ཁ་ཆེམས་ཀྱི་བརྙན་ཕབ། ཡང་ན་ཁ་ཆེམས་ཡི་གེ་ཞིག་ཕྱི་ལོགས་སུ་ཡོད་པའི་མི་སྣ་ཞིག་ལ་འཕྲོད་ཐབས་བྱས་རྗེས་ད་གཟོད་ལས་འགུལ་ལ་ཞུགས་རྒྱུ་ནི། གལ་ཆེན་ནང་གི་དོན་ཆེན་ཡིན་པ་དེའང་ངེས་པར་མཁྱེན་རྟོགས་བྱ་དགོས་པ་ཞིག་ལགས།
དེ་མིན་ས་འདིའི་བྱང་ཆུབ་སེམས་དཔའ་འཁྲབ་མཁན་ཚོས་ཁྱེད་ཅག་གི་ཚེ་སྲོག་ལ་བརྩེ་བ་ཆེ་ཚུལ་དང་ཕངས་ཚུལ་གྱི་འཁུན་སྒྲ་འདོན་སྲིད་པ་མ་ཟད། བོད་དོན་ཆེད་ཅིག་བྱེད་ན་ཕྱི་ལོགས་ཀྱི་བོད་མིས་བྱེད་དགོས་པ་དང་། ཕྱི་ལོགས་ཀྱི་བོད་མིར་རང་དབང་ཡོད་རབས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཁར་སོང་ནས་ཤི་ན་འགྲིག་རབས་སོགས་ཀྱི་ལབ་བརྡོལ་སྣ་ཚོགས་འབྱུང་སྲིད་པ་རེད། ཡིན་ནའང་། དོན་ངོ་མར་ཕྱི་ལོགས་ཀྱི་བོད་མི་དང་རྒྱལ་སྤྱི་ལ་ཅི་ཡང་བྱེད་རྒྱུ་ཡོད་པ་མ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱལ་སྤྱི་ཟེར་བ་སེང་གེའི་ཤི་བོ་ཞིག་གི་རོ་ཐོ་ལྟ་བུ་རེད་ཅེས་སྡོམ་ཚིག་འགོད་གནང་མཛད་པ་དང་། བཀའ་ཁྲི་བློ་བཟང་སེང་གེས་རྒྱལ་སྤྱི་ཞེས་ཁ་གདང་ས་ཞིག་ཡོད་པ་མ་རེད། རྒྱལ་སྤྱི་ནི་རྒྱལ་ཁབ་དགུ་བཅུ་ཞིག་གི་འཐུས་ཚབ་མི་སྣ་རེད། རྒྱལ་ཁབ་དགུ་བཅུ་ནས་རྒྱབ་སྐྱོར་མ་རེག་ན་རྒྱལ་སྤྱིར་ལས་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་ནི་རྨད་དུ་བྱུང་བའི་སྡོམ་ཚིག་ཁོ་ན་ལགས་ཤིང་། ནང་བའི་གཞུང་དུ། བདག་ཉིད་བདག་གི་མགོན་ཡིན་ཏེ། །ཟེར་བ་བཞིན་བོད་མི་རིགས་ཀྱི་ཤི་གསོན་ཐག་གཅོད་མཁན་བོད་ནང་གི་སྤུན་ཟླ་ཁྱེད་ཅག་ལས་གཞན་ཡོད་མ་རེད། གནད་ཀ་འདི་ལ་དམིགས་ནས་༸གོང་ས་མཆོག་གིས་ཀྱང་དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེ་མི་མང་ཞེས་ཐེངས་སྟོང་ཚར་ལ་གསུངས་མྱོང་བ་ལྟ་བུ་རེད།
༦༽ བཙན་བྱོལ་བར་འཁྲི་བའི་དམིགས་བསལ་གྱི་ལས་གཞི་འདི་དག་རེད།
ང་ཚོའི་འཐབ་རྩོད་དེ་དགྲ་དང་གཉེན་གྱི་འཐབ་རྩོད་ཅིག་ཡིན་པས། ནམ་དུའང་ཆོས་ལུགས་ཀྱི་སེམས་བསྐྱེད་དང་། རེ་བ། འབོད་སྐུལ། རོགས་རམ་ཞེས་པའི་རྒྱ་འདི་བཞི་ལས་མ་བརྒལ་ན་འགྲིག་གི་མི་འདུག དགྲ་སྡུག་གཉེན་སྐྱོབ་ཀྱི་འཆར་གཞིའང་ངེས་ཅན་རེ་མངོན་གསལ་འབུར་ཐོན་དུ་དགོས་ངེས་ཤིག་རེད་སྙམ། ནམ་དུའང་རྒྱ་གཞུང་གི་ལྕེ་དང་མགྲིན་པ་བྱས་ནས་ངར་ངར་ལ་ཡོད་མཁན་གྱི་ཀྲུའུ་ཝེ་ཆོན་དང་པད་མ་འཕྲིན་ལས་ལྟ་བུ་དང་། རྒྱ་གཞུང་གི་སྲོག་ཤིང་དང་ནང་རྟེན་ལ་གྱུར་བའི་ཧོའོ་ཅིན་ཐོ་དང་། བུན་ཇ་པོ། ད་དུང་ཞིས་ཅིན་ཕིན་ལྟ་བུ། ཐ་ན་བོད་ནང་གི་ཆབ་སྲིད་བཙོན་མ་ཚོའི་སྟེང་ལ་གདུག་རྩུབ་ཀྱི་སྦྱོར་བ་སྣ་ཚོགས་སྟོན་མཁན་བཙོན་ཁང་ཁག་གི་བཙོན་སྲུང་བ་དང་། འདྲི་རྟོག་དམག་མི་ཚུན་ཆད་ཀྱི་པར་རིས་དང་། ནང་མི་བཅས་ཀྱི་ལོ་རྒྱུས་གསར་འགྱུར་བརྒྱུད་ལམ་ཁག་ལ་བཀྲམས་རྒྱུ་དང་། མི་དེ་དག་གི་བྱས་ཉེས་མ་ལུས་གསལ་གསལ་དག་དག་གིས་མི་མང་ལ་བརྒྱུད་སྤྲོད་བྱས་ན། ད་གཟོད་འཇིག་རྟེན་ཞི་བདེ་དང་མི་བུའི་ཁེ་དབང་འཕྲོག་མཁན་གྱི་མི་སྣ་ཞིག་ཕོ་རོག་དཀར་པོ་བྱས་ནས་ཡུན་རིང་འཚོ་ཁེགས་པོ་ཡིན་རྒྱུ་རེད། དཔེར་ན། ཞིས་ཅིན་ཕིན་གྱི་བུ་མོས་ཨ་རིའི་ཧ་ཝར་སློབ་ཆེན་ནང་ན་མིང་བརྗེས་ཏེ་ལོ་རྒྱུས་གསང་བ་བྱས་ནས་བསྡད་འདུག་ཅེས་པའང་། ཁེ་ཕན་གྱི་ཆེད་དུ་ངེས་པར་ཨ་རིར་བཅར་དགོས་བྱུང་ཞིང་། བྱས་ཉེས་ཀྱི་དབང་གིས་རང་དབང་ལྡན་པའི་རྒྱལ་ཁབ་ནང་དུ་ཕོ་རོག་དཀར་པོ་མི་ཆགས་ཐབས་དང་། ཝ་རྔ་ཕྱི་ལ་མི་ཐོན་པའི་ཆེད་ལོས་ཡིན། དེའི་ཕྱིར། ཕྱོགས་ཁག་འདི་དག་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ནན་གྱིས་ལྟ་དགོས་ཤིང་འཇོན་དགོས་པའི་རིགས་དེ་ཡིན་པས་ལས་རྒྱ་དར་བསྲེགས་མ་བསྲེགས་དང་དཔའ་རྒོད་ཚོའི་ཁ་ནས་རང་བཙན་ཐོན་མ་ཐོན་བཅས་ཛ་དྲག་གི་སྐབས་འདིར་གླེང་རིན་མེད་པའི་ངོས་ཤ་སྟག་རེད།
ང་ཚོས་ལས་འགུལ་ཞིག་སྤེལ་ན། རྒྱབ་སྐྱོར་ཞིག་འཚོལ་ན། རྒྱལ་ཁབ་ག་གེ་མོའི་སྲིད་འཛིན་མི་སྣ་ཞིག་གི་ཁ་ནང་ནས་ཅིག་ཨེ་ཐོན་ལྟ་བ་ལས་གྲགས་ཆེན་གྱི་རང་དབང་རྩོམ་པ་པོ་དང་། གཞས་པ། རྩེད་མོ་བ་བཅས་ཀྱི་སར་བཅར་ནས་རྒྱུ་ཆ་མཁོ་སྤྲོད་དང་གནས་ལུགས་བརྒྱུད་སྤྲོད་ཀྱི་ལམ་ནས་བོད་ནང་གི་སྡུག་བསྔལ་གླེང་སློང་དང་བོད་ཀྱི་བདེན་པ་གསལ་འདོན་ལ་རེ་བ་བྱས་ན། དགེ་མཚན་དེའི་ངོས་ན་ཡོད་པ་ཞིག་རེད་ལ། མི་མང་ཁ་ལོ་བསྒྱུར་མཁན་ཡང་རིགས་དེ་དག་གི་གྲས་ཡིན་པ་རེད། དཔེར་ན། ཞི་བདེ་གཟེངས་རྟགས་བཞེས་མཁན་ཊོ་ཊོ་རྡ་སར་ཕེབས་པ་དང་ཁོང་གིས་ ༸གོང་ས་མཆོག་ལ་མགྲོན་ཤོག་བཏང་བ་དེས་ག་ཚོད་ཅིག་སྒུལ་སྐྱོམ་བྱས་སོང་། ད་དུང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ranbir kapoor གྱིས་ཁོང་གི་གློག་བརྙན་ནང་དུ་བོད་ཀྱི་རྒྱལ་དར་འཕྱར་བ་ཙམ་གྱིས་ག་ཚོད་ཀྱི་ཁྱབ་བསྒྲགས་ཕྱིན་སོང་། དེ་བཞིན་འཛམ་གླིང་གང་སར་གནས་པའི་སྒྱུ་རྩལ་ལས་རིགས་ཀྱི་སྟེང་སྐད་གྲགས་ཆེ་བའི་མི་སྣ་ལ་འབྲེལ་བ་བྱེད་རྒྱུ་ནི་གཞུང་སྒེར་གཉིས་ཀྱི་འགན་འཁྲི་བླ་མེད་ཅིག་རེད་སྙམ། དཔེར་ན། ཞཱ་ཁི་ར་དང་ཨ་མོ་ར་ལྟ་བུའི་གཞས་མ་སྐད་གྲགས་ཅན་ཞིག་གིས་བོད་དོན་སྐོར་གྱི་གཞས་ཤིག་བཏང་བ་དང་། ཨོ་བྷ་མས་འབོད་སྐུལ་ཅིག་ཞུས་པ་གཉིས་ལས་ལྡབ་ཁ་ཤས་ཀྱིས་དེ་འདྲ་ཞིག་གིས་གཞས་ཤིག་བཏང་ན་དེས་སྤྱི་ཚོགས་ལ་སྒུལ་སྐྱོམ་ཐེབས་ངེས་ཡིན་པས་ན། ངོས་དེ་དག་སྣང་ཆུང་ལ་གཏོང་མི་ཉན་ཞིང་གཞུང་སྒེར་གཉིས་ནས་འབད་པ་ཆེན་པོས་བརྩོན་ལེན་བྱེད་དགོས་ངེས་ཀྱི་རིགས་རེད།
ཡང་རྣམ་ཀུན་བོད་ནང་གི་བོད་མིས་ལྟ་ཀློག་ཐུབ་པའི་དྲ་རྒྱ་དང་VOAབརྙན་འཕྲིན་ཁང་ལྟ་བུ་དག་གིས་སོ་སོའི་བརྙན་འཕྲིན་ཁང་ལ་རིན་མེད་དུ་ཁ་པར་གཏོང་སྟངས་ཀྱི་སྐོར་ཙམ་བསྒྲགས་ནས་མི་འདུག་པར། འཛམ་གླིང་གི་སྐད་གྲགས་ཅན་གྱི་གསར་ལམ་BBc་དང་CNNལྟ་བུའི་ནང་ལ་ཁ་པར་གཏོང་སྟངས་དང་། ཡི་གེ་སྐུར་སྟངས། འབྲེལ་བ་བྱེད་སྟངས་སོགས་ཀྱི་ཐད་ནས་བོད་ནང་ལ་སྦྱོང་བརྡར་རང་བཞིན་དང་ཟབ་སྦྱོང་ལྟ་བུ་སྤྲོད་རྒྱུ་དང་། ད་དུང་ཁ་པར་ནང་ནས་གློག་རྫས་དང་བྱང་བུ་འདོན་པ་སོགས་རང་སྲུང་གི་སྐོར་བཅས་བརྒྱུད་སྒྲོག་རེ་བྱེད་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ་བ་སྟེ། ད་ལོ་VOA བརྙན་འཕྲིན་ཁང་ནས་ཁ་པར་ལ་རང་སྲུང་བྱེད་སྟངས་ཤིག་འགྲེལ་བརྗོད་གནང་བའི་འབྲས་བུར་ད་ལོ་རེབ་གོང་དང་ཟི་ལིང་གི་ཤེས་ཡོན་པ་ཚོས་གསར་འགོད་པར་ཁ་བརྡ་བྱེད་སྐབས་ཁ་པར་གྱི་བྱང་བུ་དང་གློག་རྫས་བླངས་ཏེ་བཤད་ཀྱིན་འདུག་ཅེས་གསར་ལམ་ཁག་ལ་ཐོན་ཡོད་པ་ལྟ་བུ་རེད། དེ་བཞིན་གཞུང་ངོས་ནས་ཀྱང་བོད་ནང་གི་སྐད་ཆ་དང་བརྙན་འཕྲིན་རིགས་རང་འགུལ་གྱིས་བསྡུ་ལེན་བྱེད་ཐུབ་པའི་འཕྲུལ་ཆས་གྲ་སྒྲིག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་སྟེ་དགོས་མཁོ་ཉག་གཅིག་ལ་གྱུར་འདུག ད་དུང་ང་ཚོས་བོད་ནང་ནས་མེར་བསྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་ཁ་ཤས་ཀྱི་འདྲ་པར་རག་ཐུབ་ཡོད་པ་མ་རེད། འདི་ནི་ང་ཚོའི་ངོ་ཚ་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་དོ་སྣང་མ་བྱས་པའི་རྒྱུ་མཚན་ཉག་གཅིག་རེད། དེ་མ་གཏོགས་དཔའ་བོ་དེ་འདྲ་ཞིག་གི་འདྲ་པར་ཙམ་ལེན་པར་ལམ་ཡིག་ཅན་གྱི་མགོ་སར་ཞིག་མངགས་ནའང་ལས་སླ་བོ་བྱས་ནས་ཟླ་བ་གཅིག་མ་འགོར་བར་ལེན་ཐུབ་ཀི་རེད། འདི་དང་འདི་འདྲའི་སྐོར་ལ་གཞུང་གི་ངོས་ནས་ཀྱང་ལག་ལེན་ལ་བབ་ནས་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བོད་ནང་ལའང་རྒྱུས་ལོན་ཆེད་དུ་གང་ལ་གང་འཚམ་གྱི་འབད་པ་བྱེད་དགོས་པ་ལས་ཡོད་ཚད་བཙན་བྱོལ་བསྐྱལ་ནས་ཡོང་མཁན་དགོས་ན་ཁེགས་པོ་རེད།
སྤྱི་ལོ་༢༠༡༢ ལོའི་ཟླ༠༤ ཚེས་༡༣ ཉིན་ཡིད་སྐྱོ་གདུང་དྲག་པོས་ནོན་བཞིན་དུ་རྫོགས་པར་བྲིས།
ཟུར་མཆན།
སྤྲུལ་སྐུ་བསོད་བྷོའི་ཞལ་ཆེམས། https://www.khabdha.org/?p=24588
རོང་ཚ་བསྟན་འཛིན་ཕུན་ཚོགས་ཀྱི་ཞལ་ཆེམས། http://www.chithu.org/index.php?option=com_content&view=article&id=565:2011-12-12-04-22-49&catid=72:2011-02-16-06-10-47&Itemid=173
དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་ཞལ་ཆེམས། http://tibettimes.net/blogs.php?id=64&post_id=19790
བོད་ནང་གི་མཁས་པའི་གསུང། http://tibettimes.net/news.php?showfooter=1&id=5831
སྐུ་ཞབས་བོན་རྒྱ་མཆོག་གི་རྩོམ་ཡིག་འདི་བོད་མིའི་སྒུལ་ཤུགས་བླ་མེད་ཅིག་ཏུ་འགྱུར་བར་སྨོན། མུ་མཐུད་དུ་འདི་ལྟའི་རྩོམ་ཡིག་གང་མང་སྤེལ་རོགས།
ངོ་མ་བཀའ་དྲིན་ཆེ་་་་གློ་བ་དཀར་བོའི་ཁ་བརྡ་བླ་ལྷག་གིས་སེམས་ལ་ལྷུང་ཐལ།
དྲ་གྲོགས་བོན་རྒྱལ་ལགས་ཉུང་ཙམ་བྲིས་མང་ཙམ་བྱེད། ཁྱེད་ཀྱི་རྩོམ་ཡིག་དེ་ཞིབ་ཕྲ་ཞིག་ཀློག་སྐབས་ངས་གོ་བ་དེ་བོད་ནང་གི་བོད་མི་ཚོ་ང་ཚོ་བཙན་འབྱོལ་ནང་གི་བོད་མི་ལས་རྒྱུ་འབྲས་མི་བརྩེ་བ་དེ་ཙོའི་ཆེད་མེད་པར་བཟོ་འདོད་པ་དེ་རེད། གལ་སྲིད་དེ་འདྲ་མིན་སང་ཉིན་ཁྱེད་རང་བོད་དོན་ཆེད་དུ་འཆི་དང་། གནངས་ཉིན་ངས་འཆི་འཆོག དེ་མིན་གོང་བརྗོད་བཞིན་ཉུང་ཙམ་བྲིས།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གནད་དུ་ཐིངས་པའི་རྩོམ་ཡིག་ཅིག་སྤེལ་འདུག་ན། སེམས་གཏིང་ནས་བསྔགས་བརྗོད་ཞུ་འདོད་བྱུང།
མགོ་ནས་བཀླགས་ཏེ་ཡོང་དུས་་་་འབར་གྱིན་པ་དེ་མུ་མཐུད་དུ་འབར་རོགས་་ཟེར་བར་ཐུག་དུས་་་མི་འདི་སྨྱོན་འདུག་བསམ་ཞོར་་་་མུ་མཐུད་བཀླགས་ཡོང་དུས་་་བདེན་བདེན་འདྲ་ཞིག་བྲིས་གནང་འདུག་བསམ་བྱུང་སྟེ། ང་ནི་ད་ཤི་ཡང་མུ་མཐུད་འབར་རོགས་ཟེར་ཐུབ་ས་མ་རེད། དེའི་ཕྱིའི་ཚིག་འདི་གཅིག་པུས་ཁྱེད་ལ་ལགས་སོ་ཟེར་ན་མ་འདོད་ཐལ་་་གྲོགས་པོ་ལོ་ལོ།
དངོས་གནས་དྲང་གནས་གློ་བ་དཀར་བོའི་ཁ་བརྡ་རང་རེད།་་་་ཁ་ཞེ་གཉིས་ཀ་ནས་དྲང་བདེན་དང་རྒྱུ་མཚན་ལ་དཔུང་བཅོལ་ནས་ཡིན་ལུགས་ཤིག་གློ་བ་དཀར་པོའི་ཁ་བརྡ་བྱས་འདུག་་་རྗེས་སུ་ཡི་རང་ཡོད།་་་རྗེས་མར་མུ་མཐུད་དུ་འདི་དང་འདྲ་བའི་གློ་དཀར་སེམས་དཀར་གྱི་ཁ་བརྡ་མང་ཙམ་བྱེད་པའི་རེ་བ་བླ་ལྷག་ཏུ་མཆིས།
བོན་རྒྱ་ལགས། ཁྱེད་རང་གི་བསམ་ཚུལ་རེད། བསམ་ཚུལ་འདྲ་མིན་ཡོང་བ་སུས་རྐྱང་འགོག་མི་ཐུབ། དེར་རྒྱུ་མཚན་ཡང་འདུག ང་རང་གི་བསམ་ཚུལ་ནི། ༧གོང་ས་མཆོག་གིས་རྒྱ་རིགས་འགར་དྲིས་ལན་གནང་བ་ཁ་བརྡའི་བརྙན་འཕྲིན་དུ་བཀོད་འདུག་པས་དེས་བློ་ཚིམ་པ་ཞིག་བྱུང་།
བརྩེ་ལྡན་གྱི་དྲ་གྲོགས་ཚོ་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་གནས་ཚུལ་གལ་ཆེ་ཞིག་སྤེལ་འདུག་པས་གཟིགས་གནང་ཡོང་བ་ཞུ།
བོད་མི་རིགས་ཀྱི་ཤི་གསོན་ཐག་གཅོད་མཁན་བོད་ནང་གི་སྤུན་ཟླ་ཁྱེད་ཅག་ལས་གཞན་ཡོད་མ་རེད། གནད་ཀ་འདི་ལ་དམིགས་ནས་༸གོང་ས་མཆོག་གིས་ཀྱང་དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེ་མི་མང་ཞེས་ཐེངས་སྟོང་ཚར་ལ་གསུངས་མྱོང་བ་ལྟ་བུ་རེད།
རེད་རེད། སུ་ཞིག་ལ་མགོ་སྐོར་གཏོང་གི་ཡོད། ཁྱེད་ཀྱིས་རང་ལུས་མེར་སྲེག་བཏང་ནས་འབོད་སྐུལ་འདི་འདྲ་གནང་ཐུབ་ན་བོད་མི་ཆིག་སྟོང་ལྷག་གིས་རང་ལུས་མེར་སྲེག་གི་ལུས་འགུལ་ཁྱེད་རང་གི་འདོད་པ་བཞིན་མཚམས་མི་འཇོག་པར་འབར་ངེས་རེད།
གསལ་ལེ་རྒྱལ་ལགས་ཀྱི་མེ་ལྕེ་དང་དུག་ལྕེ་ཞེས་པའི་རྩོམ་དེར་ལྟ་རོགས། དེས་སྤྱི་སྡོམ་གལ་ཆེན་ཞིག་བརྒྱབས་འདུག
མི་གཞན་མདུང་མགོར་འདེད་པ་དེ་དྲང་བདེན་ཅན་གྱི་མི་ཞིག་གི་བྱེད་སྟངས་ཁྱོན་ནས་མ་ཡིན་ནོ།།
རྩོམ་བྱང་ནས་བཀླགས་ཙམ་གྱིས་བྱུང་རྒྱལ་དུ་སྨྲ་བའི་གཏམ་ཞིག་ཏུ་འདོད་མོད། བསམ་བློ་གནད་དུ་ཕབ་ནས་ཞིབ་ཀློག་ཐེངས་ཤིག་བྱས་པ་ན་བོད་རིགས་གནད་མ་ཞིག་གིས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་རང་མི་རིགས་ལ་བློ་བ་དཀར་བོའི་སེམས་གཏམ་ཉག་ཅིག་རེད་འདོད། ད་དུང་མུ་མཐུད་དེ་བློ་བ་དཀར་བོའི་གླེང་མོལ་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
རྒན་བསམ་གཏན་རྒྱ་མཚོ་ལགས་བཀྲིས་བདེ་ལེགས། གུས་ཁྱེད་ཀྱི་མཉེས་ཤོས་གནང་ཡས་ཀྱི་སློབ་མ་དེ་ཡིན། ཁྱེད་ག་དུས་ཡིན་རུང་ཁྱེད་ཀྱི་བརྗོད་པའི་མི་ཚེའི་ལོ་རྒྱུས་དེ་དྲན་པ་བརྗེད་ཀྱི་མི་འདུག
ངོ་མ་ཡག་པོ་ཞིག་བྲིས་འདུག་་་རྒྱབ་སྐྱོར་ཡོད།
བོན་རྒྱས་བྲིས་པ་སོགས་དངོས་གནས་བཙན་བྱོལ་ལ་དེ་འདྲ་མི་འདུག་་་་་ཧ་ཅང་ཡག་པོ་འདུག་་་་་་
༸གོང་ས་མཆོག་གིས།
་་་་་་་བོད་མི་བརྒྱ་གྲངས་མང་པོ་འདས་གྲོངས་དང་གར་སོང་ཆ་མེད་གྱུར་བ་དང་། དགོན་སྡེ་ཁག་དང༌བཙུན་དགོན།ནང་ཆོས་སློབ་གཉེར་གནང་ཡུལ་ཁག་ཏུ་ཆབ་སྲིད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བ་རེད། ནང་ཆོས་སློབ་གཉེར་བྱེད་ན་བོད་སྐད་ཡིག་ཐོག་གོ་དོན་ཡག་པོ་རྟོགས་རྒྱུ་ལས་རྒྱ་ཡིག་ཆགས་མེད་ཀྱང་། རྒྱ་གཞུང་གི་བསམ་བློའི་ནང༌བོད་མིའི་སྐད་དང་རིག་གཞུང་ཐོག་དམ་དྲག་ཁོ་ན་བྱ་རྒྱུ་ལས་དྲན་གྱི་མེད། ད་ཆར་བོད་ནང་གི་གནས་སྟངས་དེ་རིག་གནས་གསར་བརྗེ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། ་་་་་་་་་