མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱིས་མཁོ་སྤྲོད་བྱས།
འཚོགས་ས། སའོ་ཐི་ཡ་ར་མལ་ཝེན་ལམ་ཨང་༡༢༥ བའི་ཚོགས་ཁང་།
ཚོགས་དུས། སྤྱི་ལོ་༢༠༡༥ ཟླ་༠༩ ཚེས་༢༧ ཉིན།
ཚོགས་ཡུན། ཉིན་རྒྱབ་ཆུ་ཚོད་༡:༣༠ ནས་ཕྱི་དྲོའི་ཆུ་ཚོད་༥:༣༠ བར།
སྤྱི་ལོ་༢༠༡༥ ཟླ་༠༩ ཚེས་༢༧ ཉིན། བོད་མི་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་ཨོ་སི་ཀྲི་ལེ་ཞི་ཡའི་དང་བླངས་སྤྱི་འཐུས་འོས་མི་བགྲོ་གླེང་ཚོགས་འདུ་གྲོང་ཁྱེར་མེལ་སྦོན་དུ་འཚོགས། མེལ་སྦོན་ས་གནས་བོད་མི་རྣམས་ཀྱིས་སྤྱི་འཐུས་འོས་མི་རྣམ་པར་རྒྱུས་ལོན་པའི་ཆེད་དང་། འོས་མི་རྣམ་པས་རང་ཉིད་ཀྱི་རྒྱབ་ལྗོངས་དང་ལས་འཆར་ལ་སོགས་ས་གནས་བོད་མི་རྣམས་ལ་ངོ་སྤྲོད་དང་འགྲེལ་བརྗོད་གནང་བའི་གོ་སྐབས་ཤིག་བསྐྲུན་པའི་ཆེད་དང་། ཉིང་དགོས་བོད་ཀྱི་རང་དབང་སླར་གསོ་ལ་ཕན་པའི་ཀུན་སློང་གིས་བསྐུལ་ཏེ། མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱིས་ཐེངས་འདིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་གོ་བསྒྲིགས་བྱས།
ཨོ་སི་ཀྲི་ལེ་ཞི་ཡའི་ཁུལ་དུ་ཁྱོན་བསྡོམས་དང་བླངས་འོས་མི་བཅུ་བྱུང་བ་ལས། ཐའེ་ཝན་གྱི་འོས་མི་གཅིག་མ་གཏོགས་གཞན་དགུ་བོ་ཨོ་སི་ཀྲི་ལི་ཡར་གནས་མཁན་ཡིན་པ་དང་། ཐེངས་དེའི་བགྲོ་གླེང་དུ་། ཁོང་གཉེར་ཚང་ཕུར་བུ་བཀྲ་ཤིས། བརྩོན་འགྲུས་འོད་ཟེར། བློ་བཟང་ལུང་རྟོགས། དགོ་ཚང་ནེ་རྒན། དངོས་གྲུབ་རྒྱལ་མཚན། བསམ་འགྲུབ་ཚེ་རིང་། གདོང་འདུས་སྐྱིད་འཛོམས། ཐུབ་བསྟན་དོན་གྲུབ། འཇིགས་མེད་རྡོ་རྗེ། བཅས་ཕེབས་འདུག
བགྲོ་གྲེང་ཚོགས་འདུའི་སྟེང་དུ། མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་དང་། ཚོགས་གཞོན་ངག་དབང་སྟོབས་ཆེན། དྲུང་ཆེ་འཕྲིན་ལས་འཇིགས་མེད་བཅས་ཀྱིས་གཙོས་པའི་རྒྱུན་ལས་རྣམ་པ་དང་། མེལ་སྦོན་ཁུལ་གྱི་སྐྱ་སེར་བོད་མི་རྒར་དར་གཞོན་གསུམ་བརྒྱད་ཅུ་ལྷག་ཙམ་དང་། ཁྱོན་མི་གྲངས་བརྒྱ་ལ་ཉེ་བ་འཛོམས་འདུག
ཉིན་རྒྱབ་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་བགྲོ་གླེང་མགོ་ཚུགས་པ་དང་། མཛད་སྒོའི་ཐོག་མར་མེལ་སྦོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་སྒྲོན་མེ་ཞལ་ཕྱེ་བ་དང་། དེ་ནས་ཚོགས་ཞུགས་པ་ཡོངས་སྐུ་གཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དགུ་བའི་ཉེར་བདུན་གྱི་རྗེས་དྲན་དུ་ངག་བཅད་མྱ་ངན་སྐར་མ་གཅིག་གནངས། དེ་ནས་མེལ་སྦོན་བོད་ཀྱི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེས་མཛད་རིམ་དང་འབྲེལ་བའི་གསུང་བཤད་གནང་དོན་དུ།
༼༼བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་ཨོ་སི་ཀྲི་ལི་ཡ་དང་ཨེ་ཤི་ཡ་མངའ་ཁུལ་གྱི་སྤྱི་འཐུས་འོས་མི་རྣམ་པ་ལྷན་རྒྱས་ལ།
ཐོག་མར་ངས་མེལ་སྦོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཁྱེད་རྣམ་པས་སྐུ་ལས་ལ་མ་འཛེམས་པར་བགྲོ་གླེང་ཚོགས་འདུ་འདི་ལ་ཕེབས་པར་སེམས་གཏིང་ནས་དགའ་བསུ་ཡོད།
ཨོ་སི་ཀྲི་ལི་ཡ་དང་ལྷོ་ཤར་ཨེ་ཞི་ཡའི་མངའ་ཁུལ་གྱི་བོད་མི་རྣམས་ལ་སྤྱི་འཐུས་ཀྱི་ཞབས་སྟེགས་གཅིག་ཡོད་པ་ལ་དང་བླངས་འོས་མི་བཅུ་ཙམ་བཞེངས་པ་དང་། དེའི་ནང་ནས་ཨོ་སི་ཀྲི་ལི་ཡ་རང་ལ་དང་བླངས་འོས་མི་དགུ་བྱུང་འདུག འདིས་ཨོ་སི་ཀྲི་ལི་ཡར་གནས་པའི་བོད་མི་རྣམས་བོད་ཀྱི་རྩ་དོན་ལ་ཐུགས་སྣང་ཆེ་བ་མཚོན་པ་དང་། འདི་ནི་དགའ་བར་འོས་པའི་སྣང་ཚུལ་ཞིག་ཡིན་པ་སྨོས་མ་དགོས། དམིགས་བསལ་དུ་ཁྱེད་རྣམ་པས་ལྷག་བསམ་དང་ཕུགས་འདུན་དང་སྙིང་སྟོབས་གང་ཡོད་བཏོན་ཏེ་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་བཞེངས་པ་འདི་ལ་རྗེས་སུ་ཡི་རང་ཡོད། མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱིས་བགྲོ་གླེང་ཚོགས་འདུ་འདི་འདྲ་ཞིག་གོ་བསྒྲིགས་བྱས་པའི་དམིགས་ཡུལ་ནི། ས་གནས་འདིའི་བོད་མི་ཚོས་དང་བླངས་འོས་མི་རྣམས་ལ་རྒྱུས་མངའ་ལོན་པའི་ཆེད་དང་། འོས་མི་རྣམ་པ་ཚོས་རང་ཉིད་ཀྱི་རྒྱབ་ལྗོངས་དང་མ་འོངས་ལས་འཆར་སོགས་ས་གནས་འདིའི་བོད་མི་རྣམས་ལ་ངོ་སྤྲོད་གནང་བར་གོ་སྐབས་སྐྲུན་པའི་ཆེད་དུ་ཡིན། མེལ་སྦོན་བོད་མི་ཚོས་བགྲོ་གླེང་གི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ནས། འོས་མི་རྣམ་པའི་གསུང་གླེང་ལ་གཟབ་ཉན་དང་། རྟོག་དཔྱོད་དང་། དོགས་སེལ་གྱི་དྲི་བ་འདོན་པ་སོགས་བརྒྱུད་དེ། མ་འོངས་བོད་ཀྱི་གྲོས་ཚོགས་ནང་དུ་རང་གི་མགྲིན་ཚབ་གནང་མཁན་གྱི་སྤྱི་འཐུས་འདེམས་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་དང་། མཐའ་དོན་བོད་ཀྱི་རང་དབང་སླར་གསོའི་བྱ་གཞག་ལ་ཕན་པའི་གྲོགས་སུ་འགྱུར་བའི་སྨོན་འདུན་ཞུ་བ་ཡིན། ཐུགས་རྗེ་ཆེ།༽༽
བགྲོ་གླེང་སྐབས་སུ། འོས་མི་རེ་རེས་ལ་རང་ཉིད་ངོ་སྤྲོད་སྐར་མ་རེ་བྱས་པ་དང་། ལས་འཆར་གསུང་གླེང་སྐར་མ་ལྔ་རེ་དང་། དྲི་བ་དྲིས་ལན་སྐར་མ་ལྔ་རེ་དང་། འོས་མི་སྤྱི་ཡོངས་ལ་དྲི་བ་དྲིས་ལན་ཆུ་ཚོད་སྐར་མ་སུམ་ཅུ་ཙམ་བྱས་འདུག འོས་མི་རྣམས་ཀྱི་རང་རང་གི་ཉམས་མྱོང་དང་། བྱས་རྗེས། ལས་འཆར་སོགས་ཁ་གསལ་བོར་འགྲེལ་བརྗོད་བྱས་པ་དང་། ཚོགས་ཞུགས་མི་མང་གིས་གོ་སྐབས་དམ་འཛིན་གནང་སྟེ་འོས་མི་རྣམས་ལ་དོགས་འདྲི་དང་རེ་སྐུལ་གཅིག་རྗེས་གཉིས་མཐུད་ཀྱིས་གནང་བ་དང་། འོས་མི་རྣམ་པས་གསལ་ཁ་དོད་པོས་དྲི་ལན་གནང་སོང་། ཚོགས་འདུའི་བར་གསེང་དང་གྲོལ་མཚམས་སུའང་ཚོགས་ཞུགས་པ་ཚོས་འོས་མི་རྣམས་ལ་གསུང་མོལ་དང་ཁོང་ཚོས་བཀྲམས་པའི་འོས་མི་ངོ་སྤྲོད་ཤོག་ལྷེབ་བཀླགས་པ་སོགས་རྒྱུས་ལོན་གནང་གིན་འདུག
མཇུག་མཐར་མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་ངག་དབང་སྟོབས་ཆེན་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་དང་བཅས་བགྲོ་གླེང་ཚོགས་འདུ་བདེ་བླག་ངང་གྲོལ་སོང་།