མཁན་པོ་དཔའ་བརྟན།
མོ་ཐུང་བྲག་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ལྷོ་ཟླ་རིང་མོ་དལ་གྱིས་འབབ་པའི་གཡས་འགྲམ། མདོ་སྟོད་སྐྱོ་བྲག་ལྷ་རུ་བྱ་བའི་ཡུལ་དུ་ཡོད། གནས་འདིར་རི་ཆུའི་བཀོད་པ་མཛེས་པ་ལྷ་བཟོ་མཁས་པས་པིར་གྱིས་བྲིས་ལྟ་བུ་མཐོང་བས་ཡིད་དབང་འཕྲོག་པར་བྱེད་ཅིང་། ལྷག་པར་ཟླ་ཀླུང་སྔོན་མོ་གཡུ་འབྲུག་འཁྱུག་འདྲའི་འགྲམ་ངོགས། སྤང་ཐང་ཡངས་པའི་དཀྱིལ་དུ་བྲག་སེངྒེ་ཉལ་བ་ལྟ་བུའི་སྟེང་དུ་རྫོང་མཁར་ཞིག་ཤུལ་ཡོད་པ། མཐའ་བསྐོར་གྱི་ཐང་གཞུང་ལ་མཁར་གྲོང་གི་ཤུལ་རྒྱ་ཆེན་ཡོད་པ་ནི་སྔོན་ནས་ད་ལྟའི་བར་ཡུལ་མིའི་ངག་རྒྱུན་དུ་བེ་རི་ཨ་བོ་བསོད་རྒྱལ་གྱི་མཁར་ཤུལ་ཡིན་པར་གྲགས་པ་དང་། ལྷག་པར་བླ་མ་སྐྱོ་བྲག་པའི་གདན་རབས་ཡིག་རྙིང་སྒོ་གཉིས་མ་ལས་ཀྱང་འདི་ལྟར་འབྱུང་སྟེ།
སོག་ད་ལིན་ཉི་མ་རྒྱལ་ཆེན་གྱི་སྐུ་རིང་ལ། མོ་ཐུང་རྒྱལ་མོའི་རྒྱས་ཆེན་ལ། བེ་རིའི་མཁར་སྔོན་རྩེག་དགུ། ཕྱི་ལ་བྱ་འདྲེད་བྱེའུ་འདྲེད། ནང་ལ་རྫོང་ཆེན་བཅོ་བརྒྱད། མཁར་ཡར་ཐོག་གསེར་གྱི་ལྡིིང་ཁང་། མར་ཐོག་བྱུ་རུའི་རབ་གསལ། རྫོང་དྲུག་མཁར་གྱི་བདག་པོ་ལ། སོག་དཱ་ལེན་རྒྱལ་པོའི་བློན་ཆེན། །ལྡོང་བེ་རི་ཨ་བོ་བསོད་རྒྱལ། །སོག་དཱ་ལེན་རྒྱལ་པོའི་སྲས་མོ། །བཙུན་མོ་མེ་ཏོག་གཡང་འཛོམ། །རྒྱལ་སྲས་ལ་སེང་ཕྲུག་སྟོབས་རྒྱལ། །རྫོང་དྲུག་མཁར་གྱི་བདག་པོ། །ནང་བློན་བློན་ཆེན་སྡེ་དྲུག །མཁར་སེར་བྱ་ཕོའི་ཟེ་རྫོང་། །མཁར་དམར་ཡིད་བཞིན་ནོར་བུ། །རྩིག་ཁུང་ཨ་ལོང་ཁོང་གསེང་། །མཁར་གནས་བཀྲ་ཤིས་འཁྱིལ་ཆེན། ཕ་ཤཱཀྱའི་སྒོམ་ཁང་རིང་མོ། །མཁར་ཡ་ཐོག་སེང་གེ་ཡ་ཐོད་སོགས། རྫོང་དྲུག་མཁར་གྱི་བདག་པོ། བློན་ཆེན་དྲུག་གིས་གཙོར་མཛད་དཔོན་གཡོག་བརྒྱ་ཙམ། བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་དགུང་ལོ་ཉེར་གཅིག་གི་དུས་སྐུ་འབུམ་དགོན་ཆེན་ཐུབ་བསྟན་མེ་ཏོག་ཆོས་གླིང་དུ་གདན་འདྲེན་བྱུང་།
བླ་མ་རིན་པོ་ཆེ་སྐུ་འཁོར་བརྒྱ་ཕྲག་ཙམ་མཛད་ནས་དབུ་གདུགས་དར་ཆ་རྒྱ་རོལ་དང་བཅས་པ་བེ་རིའི་རྒྱལ་ཁབ་ཏུ་ཕེབས། སྟོང་ཁྲོམ་བདུན་ཙམ་འདུས་པ་ལ་དགྱེས་པ་རྡོ་རྗེའི་དབང་ཆེན་ཉིན་བདུན་དུ་བསྐུར། བྱིན་འབེབས་ལྷ་དབང་གི་སྐབས་སུ་བླ་མ་རིན་པོ་ཆེ་དགྱེས་པ་རྡོ་རྗེའི་སྐུར་བཞེངས་པ་ཐམས་ཅད་ཀྱིས་ཞལ་མངོན་སུམ་དུ་མཇལ།
སོག་ད་ལིན་རྒྱལ་པོ་དང་བེ་རི་རྒྱལ་བློན་གཉིས་མི་ཕྱེད་པའི་དད་པ་སྐྱེས་ཏེ། ཆོས་གདན་དབང་གཞི་ལ་སྡེ་དུད་དར་བ་དགུ་ཕུལ་བ་ནི། སྟོད་ནས་ལྷ་གླང་མཁར་གསུམ། བར་ནས་བསུ་མང་དབོན་གསུམ། སྨད་ནས་ཀ་ཀླུ་དགྱེས་གསུམ་སོགས་ཆོས་གདན་དུད་དགུ་རུ་གྲགས། སྡེ་དུད་དེ་རྣམས་ཀྱིས་གཙོས་ལྷ་སྡེ་ལྔ་བརྒྱ་དང་དྲུག་ཅུ་མཆོད་སྡེ་ལ་ཕུལ།
སྟོད་ནས་འབྲི་སྤྱི་ཇོ་གསུམ། བར་ནས་གཤོ་སྲི་མཁར་གསུམ། སྨད་ནས་དབལ་རྒྱུ་ཀ་གསུམ་སོགས་ཤོག་ཆེན་དཔོན་པོ་དགུ་ཡི་ཁ་ཞབས། སྟོད་ནས་མ་སང་རྫ་རྒྱལ་ཕྱིར་བཅད། སྨད་ནས་ལྷོ་ཡི་རོང་སྒོ་ཡན་ཆད། ལ་གཅིག་འབམ་གྱིས་ཕར་བཅད། སྐྱ་མཛོའི་སག་མེ་ཚུད་ཆད་བཅས་ལྷ་སྡེ་ལྔ་བརྒྱ་དང་དྲུག་ཅུའི་ས་བདག་གི་རྒྱལ་པོ། སྡེ་བདག་གི་དཔོན་ལ་བསྐོས། སོག་དཱ་ལིན་རྒྱལ་པོས་གསེར་ཡིག་དང་ལས་ཐམ་ཕྱག་ཏུ་ཕུལ། སྐྱོ་བྲག་ཆོས་རྗེ་ཞེས་མཚན་གསོལ། ཡུལ་སྐྱོང་ས་ཡི་བདག་པོ་མ་ཡོ་ལྷ་བྲག་བསྟོད་དགོས་པ་བཀའ་ཡིས་བསྐུལ།
རྒྱ་བོད་ཧོར་གསུམ་གྱི་ཡབ་གཅིག་རྒྱལ་བུ་མཐིང་གའི་སྐུ་སྲུང་རལ་གྲི་གངས་དཀར་གཤོག་དྲུག་གིས་གཙོས་པའི་ཁྲི་འབུམ་རྔམ་ཆེན་བཀྱགས། རྒྱལ་པོའི་དབུ་སྲུང་ཕེབས་གྱོན། སྒར་ཆས་ཕུན་སུམ་ཚོགས་པའི་བཀོད་པ་དང་ལྡན་པ་སོགས་འབུལ་བ་བསྙེན་བཀུར་གྱི་རིམ་པ་བསམ་གྱིས་མི་ཁྱབ་པ་བགྱིས། རྒྱལ་བའི་གསུང་རབ་རིན་པོ་ཆེ་གསེར་གྱིས་བྲིས་པ་ཕུལ་ནས་ལོ་རེ་བཞིན་ཀློག་འདོན་མཛད་དགོས་པ་བཀའ་ཡིས་བསྐུལ།
རྒྱལ་པོར་སྐྱབས་འཇུག་གི་རྟེན་གསེར་སྲང་གསུམ། ཟ་འོག་བུབ་སྣ་ལྔ། གཅན་གཟན་ཆ་ཚང་། སྟན་དཀར་རྡོ་རྗེ། ཉིན་མོ་བདེ་ལེགས་བཅས་ལོ་རེ་བཞིན་འབུལ་རྒྱུ་ཡོད་པས་བླ་མ་རིན་པོ་ཆེས་ལོ་ལྟར་བདུག་དམ་རྫས་འདི་ཕྱིའི་སྐྱབས་སྲུང་ཡོང་ངེས་པ་འབུལ་ཡོང་དགོས་གསུངས་ནས་བཀའ་ཡིས་བསྐུལ། སོག་དཱ་ལིན་རྒྱལ་པོ་དང་བེ་རི་རྒྱལ་བློན་གཉིས་ཀྱིས་མཆོད་གནས་ཀྱི་དབུ་བླ་རུ་བསྐོས།
རྫོང་དྲུག་མཁར་གྱི་བདག་པོ་བློན་ཆེན་རྣམས་ཀྱིས་རེ་རེ་བཞིན་གདན་འདྲེན་མཛད་ནས་བརྒྱ་འབུལ་དང་སྟོང་འབུལ་རྔམ་ཆེན་བཀྱགས།
རྒྱལ་པོ་ལ་སྔ་བ་དཱ་ལིན་རྒྱལ་ཆེན། བླ་མ་ལ་སྔ་བ་སྐྱོ་བྲག་ཆོས་རྗེ། མཆོད་ཡོན་ལ་སྔ་བ་བེ་རི་རྒྱལ་པོ། ཡོན་བདག་ལ་སྔ་བ་ཀ་ཀླུ་དགྱེས་གསུམ། གྲོང་པ་ལ་སྔ་བ་དབལ་རྒྱུ་ཀ་གསུམ། ས་ཞིང་ལ་སྔ་བ་བཀྲ་ཤིས་སྐྱོར་ཆེན་ཞེས་ཕྱི་རབས་ཀྱི་གནའ་གཏམ་དུ་བྱུང་། ཞེས་སོགས་གསུངས་པ་ལས་གསལ་བ་ལྟ་བུའོ། །
དེ་དག་གི་རྒྱུད་ལས་བྱུང་བའི་མོ་ཐུང་བེ་རིའི་ས་འཚེར་ཁང་ཞིང་གི་མལ་དང་། ལྷག་པར་བེ་རིའི་མཁར་སྔོན་བརྩེགས་དགུའམ་བེ་རི་ཨ་བོ་བསོད་རྒྱལ་གྱི་རྫོང་ཤུལ་ནི་མོ་ཐུང་བྲག་ཐོག་ཏུ་ཡོད་པ་འདི་ཡིན་པ་དང་། ཁོང་གི་བློན་ཆེན་ཀ་ཀླུ་དགྱེས་གསུམ་སོགས་ཀྱི་རྫོང་ཤུལ་ཀྱང་སོ་སོར་ངོས་ཟིན་པར་ཡོད།
མོ་ཐུང་ཐང་དུ་བེ་རིའི་རྒྱལ་ཁབ་ཀྱི་མཁར་གྲོང་དང་ལྕགས་རིའི་ཤུལ་བསམ་ཡུལ་ལས་འདས་པ་ད་ལྟའང་རྩོད་མེད་ཡོངས་གྲགས་སུ་ཡོད་པ་མ་ཚད་སྡེ་དུད་དར་མ་དགུའི་ཁྱིམ་རྒྱུད་ཀྱང་ཕལ་ཆེ་བ་མ་ཉམས་པ་བགྲང་ཆོག་པར་ལྷག་ཡོད། གཞན་ཡང་མོ་ཐུང་ཐང་འདི་གླང་རས་གྲགས་པ་རྒྱལ་མཚན་དང་། འབྲོང་པ་བན་ཐུང་། སོ་རག་སེང་གེ་འབུམ་སོགས་དམ་པའི་སྐྱེས་ཆེན་དུ་མའི་འཁྲུངས་གནས་ཀྱང་ཡིན་པ་བཅས་སོ། །