ང་རྒྱ་ནག་ཁྲིན་ཏུའུ་ན་བསྡད་ནས་མི་ལོ་བཅུ་དྲུག་ལྷག་ཙམ་ཡིན། ལོ་དེ་དག་གི་རིང་ཕ་ཡུལ་གྱི་ནད་པ་མང་བོ་ཞིག་ལ་སྨན་ཁང་དུ་རོགས་བྱས་པ་ཡིན། དེ་དག་གི་ནང་བཟའ་བ་དང་། ཉེ་ས། ཁ་མདའ་ངོ་ཤེས་སོགས་སྣ་ཚོགས་ཡོད་ལ། མཚམས་རེར་སྨན་ཁང་ནང་ནད་པ་ཆ་མེད་རྒྱ་སྐད་མི་གོ་མཁན་དག་ལའང་རོགས་བྱས་པ་ཡིན།
ན་ནིང་ནས་སྨན་ཁང་ནང་གི་མཐོང་ཐོས་ཐན་ཐུན་རེ་བྲིས་པ་ཡིན། ནད་པ་དེ་དག་གི་ནང་མོ་རྩིས་མ་བྱས་མཁན་ཕལ་ཆེར་མི་འདུག་ལ། མོ་རྩིས་ཀྱིས་རིག་པ་ཡང་ཕལ་ཆེར་མི་འདུག མོ་ཡིས་རིག་སོང་ཟེར་བའང་ཕལ་ཆེར་རྒྱལ་སྐུགས་པ་དང་གཅིག་པ་གཅིག་རྐྱང་རེད།
མཚམས་རེར་འདང་བརྒྱབ་ན། ངས་ནད་པ་དང་ནད་གཡོག་དག་སྙིང་རྗེ་བསམ་ཡོང་། ཁོ་ཚོས་རྒྱ་སྐད་དང་རྒྱ་ཡིག་མ་ཤེས་པར་སྙིང་རྗེ་མི་བསམ། ཁོ་ཚོས་རྒྱུས་མེད་ཀྱི་ཡུལ་ནས་དཀའ་བ་སྣ་ཚོགས་མྱོང་བར་སྙིང་རྗེ་མི་བསམ། ང་ཚོ་སུ་ཡིན་ན་འཇིག་རྟེན་ན་དཀའ་བ་སྣ་ཚོགས་མྱོང་དགོས་པ་རེད། དེ་ནི་ང་ཚོ་འཇིག་རྟེན་པ་ཞིག་ཡིན་པའི་རྟགས་རེད། ད་རུང་ཤི་མེད་པའི་རྟགས་རེད། ང་ནད་པ་དང་ནད་གཡོག་དག་ལ་སྙིང་རྗེ་སྐྱེས་པ་ནི། ཁོ་ཚོ་ཧ་ཅང་ཡིད་ཆེས། བློ་ཐུབ། སེམས་རྩེ་གཅིག་གཏད་སའི་མོ་བ་དང་རྩིས་པ་དག་གིས་བསླུས་མོད། ཁོ་ཚོས་ད་རུང་མོ་བ་དང་རྩིས་པ་དག་ལ་དོགས་པ་མི་ཟ་བར་རང་ཉིད་ཀྱི་ལས་མ་དག་པར་ཁག་དཀྲི་བ་རེད།
ད་བར་ང་ནི་ཧ་ཅང་མི་ཁོམ་པའི་སྐབས་ཤིག་ལ་ཁེལ་མོད། མཛོད་དགེ་རྫོང་གཟའ་རུ་སྟོད་མའི་ཉེ་ས་ནད་པ་ཞིག་ཁྲིན་ཏུའུ་ལ་ཐོན་སོང་། ནད་པ་བུ་མོ་འདི་ལ་ཅི་ཞིག་ན་བས་མཛོད་དགེའི་ཀུན་བྱམས་སྨན་ཁང་ཟེར་བའི་ནང་དུ་བསྡད། སྨན་པས་ཉི་མ་བཞི་ལྷག་ལ་ཁབ་བརྒྱབ་མོད། ཇེ་དྭངས་མ་བྱུང་བས། གློ་གཅོང་ནད་ཨེ་ཡིན་ལ་དོགས་པ་སྐྱེས་པས། མཛོད་དགེ་རྫོང་རྒྱ་སྨན་ཁང་ནངCTརྒྱག་ཏུ་བཅུག རྫོང་སྨན་ཁང་གིསCTབརྒྱབ་རྗེས། གློ་གཅོང་ནད་ཡིན་པར་ངོས་བཟུང་། ཀུན་བྱམས་སྨན་ཁང་གིས་རྫོང་སྨན་ཁང་གིས་ནད་པའི་ནད་གློ་གཅོང་ནད་ཡིན་པ་ངོས་བཟུང་བ་ཤེས་མ་ཐག ནུབ་མོ་དེར་ཁོང་གི་སྨན་ཁང་དུ་བསྡད་མི་ཆོག་པ་བཤད། ནད་པ་ནུབ་མོ་དེར་འགྲོ་ས་མ་རྙེད་པས་ཀུན་བྱམས་སྨན་ཁང་གི་ཁང་བརྩེགས་ལྔ་བའི་ཁང་མིག་སྟོང་བ་ཞིག་ན་བསྡད། ཕྱི་ཉིན་ནད་པ་ཚང་གིས་བླ་མ་ཞིག་ལ་ནད་པ་སྨན་ཁང་གང་ཞིག་ལ་བསྟེན་ན་བཟང་བ་ཞུས་དུས། བླ་མས་རྫོང་སྨན་ཁང་ལ་བསྟེན་ན་བཟང་བར་གསུངས། དེ་ནས་རྫོང་སྨན་ཁང་ནས་ཉི་མ་བཅུ་གསུམ་ལ་གློ་གཅོང་ནད་ཀྱི་ཁབ་བརྒྱབ་ཅིང་། སྨན་བཏུང་བ་རེད། སྨན་པས་མོའི་གློ་གཅོང་ནད་ཚབས་ཧ་ཅང་ཆེན་པོ་ཞིག་ལ་གྱུར་འདུག ཁབ་དང་སྨན་བཙན་པོ་དགོས་པས། ནད་པའི་མག་པ་ལ་མིང་རྟགས་བཀོད་དུ་བཅུག ནད་པ་སྨན་ཁང་ན་ཉིན་རེར་བཞིན་ཇེ་ངན་ལས། ཇེ་དགའ་མ་བྱུང་བས། བཟའ་བས་ཡང་བསྐྱར་མོ་ཞིག་བཏབ། མོ་བ་དེས་མཛོད་དགེ་རྫོང་བོད་སྨན་ཁང་ལ་སོང་ན་ཇེ་དགའ་འགྲོ་ས་རེད་ཅེས་བཤད། བོད་སྨན་ཁང་གི་སྨན་པ་དག་གི་ཁོ་ཚོས་བུ་མོའི་ནད་དེ་གློ་གཅོང་ཡིན་པ་མི་ཤེས་གསུངས། ཡིན་ནའང་། ཉི་མ་ཁ་ཤས་ལ་སྨན་བྱས་མཐར། ནད་པའི་ལུད་པ་དང་ཚ་བ་སོགས་དྭངས་སོང་། འོན་ཏེ། མོ་ལ་རུས་པ་ན་ནས་འདུག་མ་བཟོད་པར། བོད་ཀྱི་སྨན་པ་དག་གིས་གློ་གཅོང་རུས་ནད་ཨེ་ཡིན་ནམ། མི་ཤེས། སྨན་ཁང་ཡག་པོ་ཞིག་ནས་བརྟག་ན་བཟང་གསུངས་མོད། ཁོ་ཚང་གིས་ཡང་བསྐྱར་མོ་བཏབ། མོ་བས་ཁྲིན་ཏུའུ་ཧྭ་ཞིས་སྨན་ཁང་དུ་སོང་ན་བཟང་ཞེས་བཤད། ནད་པ་དང་བཅས་མི་དྲུག་ཁྲིན་ཏུའུ་ལ་ཐོན་སོང་། ཁོ་ཚོས་ཧྭ་ཞིས་སྨན་ཁང་ཁང་ནས་མོའི་ནད་གློ་གཅོང་ནད་ཡིན་མིན་བརྟག་དགོས་ཟེར། ཧྭ་ཞིས་སྨན་ཁང་ནང་བརྟག་དཔྱད་ལ་དུས་ཚོད་མང་བོ་དགོས་པས། ངས་ཁོ་ཚོ་ཁྲིན་ཏུའུ་ཡི་གློ་གཅོང་ནད་ཀྱི་སྨན་ཁང་དུ་ཁྲིད་ནས་བརྟག་དཔྱད་བྱས་པ་ཡིན། བརྟག་དཔྱད་ཉིན་མ་དེར་འགྲུབ་སོང་། ཕྱི་དྲོ་སྨན་པས་མཇུག་འབྲས་ལ་བལྟས་པ་མ་ཐག གློ་གཅོང་ནད་མ་རེད། སྔ་ཕྱིའི་CTབསྡུར་ན་མོ་ལ་སྔར་གློ་ཚ་ཅུང་བྱུང་བ་དྭངས་འདུག མོའི་རུས་པ་ན་བཞིན་འདུག་པ་རུས་ནད་ཚན་ཁག་ལ་སྟོན་ཟེར། དེ་ནས་ང་ཚོ་ཕྱིར་ཧྭ་ཞིས་སྨན་ཁང་ལ་སོང་ནས་རུས་ནད་ཚན་ཁག་ལ་ཐོ་བཀོད་པ་ཡིན། དེ་ནས་ཉི་མ་བདུན་ལྷག་ལ་བརྟག་དཔྱད་སྣ་ཚོགས་བྱས་པ་ཡིན། བརྟག་དཔྱད་བྱེད་བཞིན་པའི་སྐབས་ངས་མོ་ལ་ཆམ་པའི་སྨན་ཞིག་བླངས་པ་ཡིན། རྗེས་སུ་རུས་ནད་སྨན་པས་རུས་པ་མི་ན་བའི་སྨན་ཁ་ཤས་བྱིན། ནད་པ་ཁྲིན་ཏུའུ་ལ་ཐོན་ནས་ཉི་མ་བཞི་ཡི་རྗེས་སུ་རུས་པ་ན་བ་ཡང་ག་ལེར་དྭངས་སོང་། བརྟག་དཔྱད་ཚང་མ་ཚར་དུས་ནད་པ་ལ་ཕོ་བའི་ནད་ཆུང་ཆུང་ཞིག་འདུག དེ་ལས་ནད་གཞན་མི་འདུག གནས་ཚུལ་དེ་འདྲ་རེད།
ཁྲིན་ཏུའུ་ན་བསྡད་པའི་ལོ་འདི་དག་ནང་། ནད་པ་མང་བོ་ཞིག་ལ་རོགས་བྱས་པ་ཡིན། མོ་རྩིས་དང་བླ་མའི་ལུང་བསྟན་སོགས་ཀྱི་རྐྱེན་བྱས་ཏེ་སྔ་ལམ་དུ་སོང་བ་མང་བོ་མཐོང་བས། མོ་རྩིས་དང་ལུང་བསྟན་སོགས་ནི་འཇིག་རྟེན་འཚོ་བའི་ནང་མེད་ན་བཟང་བ་བསམ་སོང་། ང་རང་ལ་མཚོན་ན། མོ་རྩིས་སོགས་མ་བྱས་པར་ལོ་ཉི་ཤུ་ལྷག་ཡིན།
ནད་པ་ཧ་ཅང་ལྗིད་མོར་གྱུར་བ་དང་། བཟའ་བ་དག་སྡུག་ལ་ཐུག་ན་བླ་མ་ཞིག་གིས་སྐྱབས་ལེན་མིན་ལ་རེ་བ་རེད། བླ་མས་སྐྱབས་བླངས་རྗེས་ནད་པ་ཚོ་མ་བདེ་བ་ཡང་མང་བོ་མཐོང་མྱོང་། དེ་ལྟར་ནའང་། བཟའ་བ་དག་བླ་མ་ལ་དོགས་པ་ཙམ་མི་སྐྱེ། ད་རུང་རང་ཉིད་ཀྱི་ལས་མ་དག་པར་འདོད་པ་རེད། བླུན་པོའི་དད་པ་བརྟན་ཟེར་བ་འདི་འདྲ་ལ་ཟེར་བ་ཡིན་ས་རེད།
བོད་ཀྱི་བླ་ཆེན་དང་དཔོན་ཆེན་དག་གིས་ཀྱང་བོད་བསྟན་སྲིད་ཀྱི་དོན་ཅི་བསྒྲུབས་ན། མོ་རྩིས་དང་ལྷ་མཐོང་འདྲེ་མཐོང་བྱེད་པ་རེད། དེའི་མཇུག་འབྲས་ནི་བོད་པ་དག་གིས་ལྷ་གྲལ་མ་ཟིན་ལ་མི་གྲལ་ཡང་ཆོད་ཀྱིན་མེད།
ཆུ་འགོ་ནས་བརྙོགས་ན་མཇུག་ནས་མི་དྭངས་པ་ལྟར། ཞིང་འབྲོག་དང་། ལས་བྱེད་སོགས་ཀྱིས་དོན་ཅི་བསྒྲུབས་ན་མོ་ལུང་རྩིས་བྱེད་པ་རེད། མོ་ལུང་རྩིས་གསུམ་ནི་ལེ་ལོའི་ལས་ཀ་ཞིག་རེད། དཔྱད་པ་ལ་བརྩོན་མི་དགོས་པའི་ལས་ཀ་ཞིག་རེད། ཁ་གཡར་ས་བཙལ་བྱེད་ཀྱི་ལས་ཀ་ཞིག་རེད།
མི་སྒེར་བ་ཞིག་གིས་མོ་ལུང་རྩིས་གསུམ་སྦྱངས་ཏེ། རང་གི་འཚོ་བ་མོ་ལུང་རྩིས་གསུམ་ལྟར་འགྲོ་རྒྱུ་ཟེར་ན། དེ་རང་དབང་རེད། ཡིན་ནའང་། མོ་ལུང་རྩིས་སོགས་ཀྱིས་མི་གཞན་པའི་འཚོ་བ་དང་། ཡང་ན་མི་རིགས་ཚུན་ཆད་ཀྱི་མདུན་ལམ་ལ་ཐེ་གཏོགས་བྱ་རྒྱུ་ཟེར་ན། དེ་ལ་ཉིད་ཀྱིས་འགན་ཁུར་དགོས་པ་རེད།
གོང་གི་གནས་ཚུལ་ལ་བལྟས་ན། མོ་བ་དང་རྩིས་པ། བླ་མ་སོགས་ནད་པ་དང་ནད་པའི་བཟའ་བས་རང་བསམ་གྱིས་བཙལ་བ་ཡིན་མོད། མོ་བ་དང་རྩིས་པ། བླ་མ་སོགས་ཀྱིས་ནད་པ་དང་བཟའ་བ་ལ་མི་ཤེས་ཟེར་བའི་ཐོབ་ཐང་ཡོད། ཡིན་ནའང་། ཁོ་ཚོས་ཐོབ་ཐང་དེ་མ་སྤྱད་པར་སྨན་ཁང་གང་འགྲིག་མིན་དང་། ལ་ལས་སྨན་པ་སུ་ལ་བསྟེན་ན་འགྲིག་མིན་ཚུན་ཆད་བཤད་པ་རེད། ད་རུང་ནད་པ་དང་ནད་པའི་བཟའ་བས་བྱིན་པའི་གཏང་རག་ཀྱང་ལེན་པ་རེད། དེ་ལྟར་ན། མོ་བ་དང་རྩིས་པ། ལུང་བསྟན་གསུང་མཁན་གྱི་བླ་མ་དག་གིས་འགན་ཞིག་ཁུར་དགོས་པར་ཐུག་ཡོད་མོད། ད་སྔ་མོ་བ་དང་རྩིས་པ། ལུང་བ་དག་གིས་འགན་ཞིག་ཁུར་བ་མཐོང་མ་སོང་ལ། སུ་ཞིག་གིས་དེ་དག་གིས་འགན་ཞིག་འཁུར་དགོས་པ་ཞེས་ལབ་པ་མཐོང་མ་སོང་། དེ་ནི་མི་རིགས་འདིའི་ཡ་ང་སྔ་བའི་གནས་བབ་ཅིག་མ་རེད་དམ། སྨྱུག་ཐོགས་པ་ལ་ལ་ད་རུང་མོ་བ་དང་། རྩིས་པ། ལུང་བ་དག་གིས་དཔུང་དུ་ལངས་ནས་རྩོད་པའམ་འགྲེལ་གྱི་སྦྱོར་བ་ལ་བརྩོན་པ་རེད།
མོ་བ། རྩིས་པ། བླ་མ་སོགས་ཀྱིས་ཆབ་སྲིད་དང་འགལ་བའི་ལས་ཀ་མ་བསྒྲུབས་ན། ཞིང་འབྲོག་པ་ཚོ་མགོ་ཅི་ཙམ་བསྐོར་ནའང་། ནམ་ཡང་རྒྱ་ཡན་དུ་བཞག་ཡོད།
2016/09/11མཐའ་སྒྲོལ།
དོན་ངོ་མ་བདེན་པ་ཅིག་བྲིས་འདུག་ཡ་་་་ང་ཡང་དེ་ཚོ་ལ་ཡིད་ཆེས་གཏན་ནས་མེད་དོ།
མཐའ་གྲོལ་ལགས། མོ་མ་རྩིས་པ་ལུང་བསྟན་ལ་བརྩི་བསྐུར་ཞུ་མཁན་ནི་བཙན་བྱོལ་གྱི་དབུ་ཁྲིད་དང་སྒྲིག་འཛུགས་རེད། བོད་དོན་གྱི་ཐག་ཆོད་ཀྱང་དེས་ཐག་ཆོད་བྱེད་ཀྱིན་འདུག མ་གཞི་ནས་མོ་རྩིས་ལུང་བསྟན་དག་ཀྱང་ཐམས་ཅད་རྫུན་པ་ཡིན་ཟེར་ན་དེ་ནི་ཧམ་པ་ཆེ་བ་རེད། མོ་རྩིས་ཀྱིས་ལམ་བཟང་བསྟན་པའང་གྲངས་མེད་པར་བྱུང་ཡོད།
མ་གཞི་ནས་ཁྱེད་རང་མོ་ལུང་ལ་ཡིད་ཆེས་མེད་མཁན་བརྟག་དཔྱད་ལ་དགའ་མཁན་རྩོལ་སྒྲུབ་ཀྱི་ལས་ལ་དགའ་མཁན་རྨོངས་དད་མིན་ཚུལ་སོགས་མང་པོ་ཞིག་ཡིན་ཚུལ་བྲིས་འདུག་མོད། དོན་དུ་མོ་ལུང་ལ་ཡིད་ཆེས་མ་བྱས་ནས་རང་ཉིད་ཀྱིས་ཐག་ཆོད་བྱས་པའི་འབྲས་བུར།
༼2017/09/11 མཐའ་གྲོལ། ༽ཞེས་བྲིས་འདུག་པར་མནོ་བསམ་ཡག་པོ་ཞིག་གཏོང་གནང་དང་མོ་ལུང་པ་ལ་ཞུས་ན་ད་ལྟ་༢༠༡༧ རེད་ཅེས་ལུང་བསྟན་མི་ཤོད་ཐག་ཆོད་རེད། ཨ་ལགས་སྐུ་རྩེད་ཞུས་ཐལ།
མོ་འདེབས་མཁན་ལ་རག་ལས་ཡོད་པ་རེེད་སྙམ། གང་ལྟར་ཀྱང་མངོན་ཤེས་མེད་ན་མོ་དང་རྩིས་གཅིག་པུར་བརྟེན་དགོས་ན་དེ་ཙམ་རེད། སྤྱིར་བྱ་བ་ཆེ་ཕྲ་གང་ཞིག་ཡིན་ཀྱང་སོ་སོའི་རྣམ་དཔྱོད་ཀྱིས་ཐག་བཅད་ན་བཟང་བར་སེམས་སོ། །
མོ་རྩིས་དང་བླ་མ་ལ་འགག་པ་རྒྱག་པ་ལས། སོ་སོའི་ཕ་ཡུལ་ལ་སྨན་ཁང་ཡག་པོ་དེ་འདྲ་བཟོ་རྒྱུའི་ཐབས་ཤེས་བྱས་ན་དེ་ཡག་ཤོས་རེད། དེང་སང་རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་ཨང་རིམ་གཉིས་པར་སླེབས་ཡོད་པའི་སྐད་གྲགས་འདུག ཁོང་ཚོ་ནི་རི་ལིའི་ལྕགས་ལམ་བཟོ་རྒྱུ་རྐྱང་རྐྱང་མ་འགྲིག་་ནས་བསྡད་ཡོད་ས་རེད། དེའི་སྒང་ལ་བོད་པ་ཚོས་གསེར་དངུལ་གྱི་རྒྱན་ཆ་སྣ་ཚོགས་འགྲན་བསྡུར་དང་། མོ་ཊ་དང་ཁ་པར་སོགས་རྒྱུ་ངོམ་བྱེད་སྡོད་པ་ལས་ཕ་ཡུལ་ལུང་པར་སྨན་ཁང་སྤུས་ལེགས་དེ་འདྲ་བཟོ་ཐུབ་ན་བུ་མེད་དང་ཕྲུག་གུ་དེ་བཞིན་ཉམ་ཐག་ནད་པ་སོགས་ལ་ཧ་ཅང་ཕན་པའི་རྣམ་དཀར་གྱི་བྱ་བ་བཟང་པོ་ལོས་ཡིན། དེང་སང་བོད་ནང་ལ་བོད་པ་ཕྱུག་པོ་མང་པོ་འདུག་ཟེར་ནས་ཕྱི་ལོགས་ལ་སྐད་གྲགས་ཀྱིས་ཁྱབ་འདུག མི་ནད་པ་འུ་ཐུག་སོང་ན་མོ་རྩིས་དང་བླ་མ་ལ་སྐྱབས་མི་ཞུ་རང་ཞུ་རེད་བ་ཡུལ་ལུང་དེ་ན་དེ་མ་གཏོགས་མེད་སོང་དུས། །