སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་བརྩམས།
༄༅༎ སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མོན་གྱི་སྤ་གྲོ་སྟག་ཚང་གི་གཏམ་རིག་འཛིན་གྲུབ་པའི་ལམ་ཡིག་ཅེས་བྱ་བ།
༈ བླ་མ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༎ ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་ཕྱག་འཚལ་ལོ༎ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ༎ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ལ་ཕྱག་འཚལ་ལོ༎ དེ་ཡང་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་བྱ་བ། རང་བཞིན་གྱིས་བློ་གྲོས་གསལ་ཞིང་སྐྱེ་མཆེད་དྭངས་པ། རང་བྱུང་པདྨ་རྒྱལ་པོའི་བཀའ་གཏེར་གྱི་ཆོས་སྒོ་རབ་འབྱམས་ལ་ཐོས་བསམ་སྒོམ་པའི་སྐལ་བ་སྦོམ་པོར་གྱུར་པ་བདག རང་ལོ་བཅུ་བདུན་བཅོ་བརྒྱད་ཡས་མས་ཀྱི་དུས་སུ། མཁས་གྲུབ་བྱེ་བའི་གཙུག་རྒྱན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་མཛད་པའི་སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་དགའ་སྟོན་ལག་ཏུ་རྙེད་ཅིང་། དེའི་ནང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཆེན་ཐུན་མོང་མ་ཡིན་པ། སྐུའི་གནས་ཆེན་སྒྲགས་ཀྱི་ཡང་རྫོང་། གསུང་གི་གནས་མཆོག་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་། ཐུགས་ཀྱི་གནས་ཆེན་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་། ཡོན་ཏན་གྱི་གནས་ཆེན་ཡར་ལུང་ཤེལ་གྱི་བྲག་ཕུག ཕྲིན་ལས་ཀྱི་གནས་ཆེན་མོན་ཁ་ནེ་རིང་སེང་གེ་རྫོང་། སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མོན་གྱི་སྤ་གྲོ་སྟག་ཚང་བཅས་ཀྱི་པར་རིས་བཞུགས་པ་མཐོང་བའི་རྐྱེན་བྱས། རང་གི་ཚེ་འདིའི་ཕ་རྒན་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་ལྷན་སྐྱེས་སུ་མངའ་བའི་སློབ་དཔོན་སངས་རྒྱས་གཉིས་པ་རྗེས་སུ་དྲན་ཏེ་མཆི་མ་པང་ཁར་ལྷུང་ཡང་། ལང་ཚོ་ཤེད་མ་ཕྱེས་པས་འཕྲལ་དུ་ལམ་ལ་ཆས་པའི་ནུས་པ་ནི་མེད།
ཕྱིས་ཤིག་ན་གནས་ཆེན་དེ་དག་ཏུ་ཅིས་ཀྱང་འགྲོ་ངེས་པའི་དམ་བཅའ་སྙིང་ལ་བཞག་པ་བཞིན་དཔལ་གྱི་བསམ་ཡས་མཆིམས་ཕུ་སོགས་སུ་དངོས་སུ་སླེབས་པའི་སྐལ་བཟང་སྔ་མོ་ཞིག་ནས་བྱུང་ཡང་། འབྲུག་གི་རྒྱལ་ཁོངས་སུ་ཡོད་པའི་སེང་གེ་རྫོང་དང་། སྤ་གྲོ་སྟག་ཚང་སོགས་ལ་འགྲོ་ཐབས་མ་ཐོན་པར་རིང་ཞིག་ལུས། རྒྱ་གར་དུ་སྡོད་པའི་རིང་འབྲུག་ཏུ་གནས་སྐོར་ལ་འགྲོ་བའི་གྲབས་ཤོམ་ཡང་ཡང་བྱས་ཀྱང་དཔལ་འབྱོར་གྱི་མཐུན་རྐྱེན་མ་འཛོམས་པས་འགྲོ་ཐབས་མ་བྱུང་། ཉེ་བའི་ལོ་ཤས་ཀྱི་ནང་། ལས་དང་སྨོན་ལམ་གྱིས་དམ་ཚིག་གཅིག་ཏུ་སྦྲེལ་བའི་མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོ་མཆོག་གིས་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་ཞིང་། མགོ་འདོན་བརྩེ་སྐྱོང་གི་བཀའ་དྲིན་ཚད་མེད་གནང་བ་ལྟར་འབྲུག་ལ་ཡང་ཡང་བསྐྱོད་པའི་གོ་སྐབས་བྱུང་བ་དང་། གནས་མཆོག་འདིར་ཡང་ཐེངས་གཉིས་སུ་ཕྱིན་ཏེ་དོན་བརྒྱུད་ཀྱི་རྟོགས་པ་སྙིང་ལ་འཕོ་བའི་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིག་པ་བྱུང་ངོ་།།
དེ་ལྟར་སྔ་ཕྱི་ཐེངས་གཉིས་སུ་གནས་འདིར་སླེབས་པའི་རིང་སྟག་ཚང་གི་གནས་ཡིག་ཅིག་ཡོད་མེད་ལ་ནུས་ཤུགས་ཡོད་དགུས་འབད་པ་བྱས་ཀྱང་། འགའ་རེས་སྔ་མོ་ཞིག་ལ་ཅིག་འདུག་སྟེ་ད་ལྟ་རྫོགས་ཚར་སོང་ཟེར་བ་དང་། ཡང་འགའ་རེས་དབྱིན་ཡིག་གི་ཐོག་ན་ངོ་སྤྲོད་མདོ་ཙམ་རེ་ཡོད་པ་ལས་རྫོང་ཁའི་ཐོག་ལ་ཡོད་པ་ད་བར་མཐོང་མ་སོང་སོགས་ཟེར་ཞིང་། ཐིམ་ཕུག་གི་དཔེ་མཛོད་ཁང་དང་། དཔེ་ཚོང་ཁང་། དེ་བཞིན་གྷོ་གྷལ་དྲ་ལམ་སོགས་ནས་ཀྱང་ཇི་ལྟར་བཙལ་ཀྱང་ངོ་སྤྲོད་མདོར་བསྡུས་ཙམ་རེ་ལས་འདོད་པ་ཁེངས་པ་ཞིག་ད་བར་མ་རྙེད་པས། ལོ་སྔ་ཕྱི་གཉིས་ཀྱི་རིང་གི་ཟིན་ཐོ་དང་། མཁས་གྲུབ་དམ་པ་དུ་མའི་གསུང་དཔང་པོར་བཞག་སྟེ། མ་འོངས་པའི་གནས་སྐོར་བ་རྣམས་ལ་སྤྲོ་བ་བསྐྱེད་པའི་ཕྱིར། གནས་མཆོག་འདི་ཉིད་ཀྱི་ལོ་རྒྱུས་དང་བྱིན་རླབས་ཀྱི་ཆེ་བ་སོགས་མཛུབ་མོས་རི་སྟོན་ཙམ་ཞིག་བྱ་བའི་ལས་ལ་འཇུག་པར་བྱའོ༎
དེ་ཡང་ལུང་ཕྲན་ཚེགས་ལས། དགེ་སློང་དག ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་དྲན་པར་འགྱུར་བར་བྱའོ།། བཞི་གང་ཞེ་ན། འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ།། འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སོ།། འདིར་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་རོ།། འདིར་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་སོགས་གསུངས་པ་དང་རྗེས་སུ་མཐུན་པར། སློབ་དཔོན་ཐུགས་རྗེ་ཅན་གྱི་རྗེས་སུ་ཞུགས་པ་དག་གིས་ཀྱང་། རྩོད་མེད་ཡོངས་གྲགས་ཀྱིས་གསལ་པོར་ངོས་ཟིན་པའི་གུ་རུའི་གནས་ཆེན་རྣམས་ལ། འདིར་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་སོ༎ འདིར་ནི་སློབ་དཔོན་ཆེན་པོས་དཔལ་ཡང་དག་གི་གྲུབ་པ་བརྙེས་སོ༎ འདིར་ནི་སློབ་དཔོན་ཆེན་པོས་ལྷ་འདྲེ་དམ་ལ་བཞག་ཅིང་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་བཙུགས་སོ༎ འདིར་ནི་སློབ་དཔོན་ཆེན་པོས་ལས་ཅན་སྙིང་གི་བུ་དགུ་ལ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་དབང་བསྐུར་རོ༎ འདིར་ནི་སློབ་དཔོན་ཆེན་པོས་ལྷ་སྲས་མུ་ཏིག་བཙད་པོ་སོགས་རྗེ་འབངས་འདུས་པའི་འཁོར་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཀྱི་ཞལ་ཕྱེས་ཏེ་དབང་བསྐུར་རོ༎ འདིར་ནི་སློབ་དཔོན་ཆེན་པོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་མཁའ་འགྲོ་འབུམ་དང་བཅས་པ་ལ་མཁའ་འགྲོ་སྙིང་ཐིག་གི་སྨིན་གྲོལ་རྫོགས་པར་བསྩལ་ལོ༎ འདིར་ནི་སློབ་དཔོན་ཆེན་པོས་མོན་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་འོག་ཏུ་འཇུག་པའི་ཕྱིར་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་སོ་ཞེས་སོགས་བསྟན་པར་བྱ་སྟེ། འདི་དག་གིས་ནི་སློབ་དཔོན་ཐུགས་རྗེ་ཅན་རྗེས་སུ་དྲན་པའི་གདུང་བ་དང་དད་པ་འཕེལ་ཞིང་། དེའི་མཐུ་ལས་བྱིན་རླབས་སྙིང་ལ་ཞུགས་པའི་ལེགས་ཚོགས་ཀྱི་སྒོ་ཕྱེ་བར་འགྱུར་བ་ཡིན་ནོ༎
དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་ཤར་ཕྱོགས་དང་བོད་ཁ་བ་ཅན་གྱི་ལྷོ་ཕྱོགས་སུ་གནས་པའི་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ཅེས་སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་གླིང་ཆེན་པོ་འདི་ནི། དུས་འཁོར་རྩ་བའི་རྒྱུད་ལས།
གང་དུ་ས་སྐྱོང་ཆོས་ལྡན་ཞིང་།།
གང་ཞིག་ཁོ་ནར་སྐྱེ་དགུ་རྣམས༎
བདེ་བར་གནས་ཤིང་འཛིན་རྩོད་མེད༎
དེར་ནི་རྣལ་འབྱོར་ཡང་དག་བརྩམས་ཞེས་གསུངས་པ་ལྟར། དེང་སྐབས་འཛམ་བུ་གླིང་གི་ས་གཞིའི་ཁྱོན་འདིར་སྤྱིར་ས་སྐྱོང་ཆོས་ཀྱི་རྒྱལ་པོས་མངའ་དབང་བསྒྱུར་བའི་གནས་ཡིན་པས་གཞན་ལས་ཁྱད་དུ་འཕགས་པར་མ་ཟད། ཁྱད་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་སྤྱོད་པའི་ཆོས་ཀྱི་རྒྱལ་པོ་རིག་འཛིན་བྱང་ཆུབ་སེམས་དཔས་སྐུ་གསུང་ཐུགས་ཀྱིས་བདག་གིར་བཞེས་པའི་གནས་གཅིག་པུ་དེ་ཡིན་སྟབས། སྒྲུབ་པའི་རྒྱལ་མཚན་འཛུག་པར་འདོད་པའི་སྐལ་བཟང་རྣམས་ཀྱིས་ཡུལ་འདི་ཉིད་དུ་སྒྲུབ་པའི་རྒྱལ་མཚན་འཛུག་པར་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། བོད་གངས་ཅན་གྱི་ལྗོངས་ནི། འཇམ་དཔལ་རྩ་བའི་རྒྱུད་ལས།
སྟོན་པའི་གསུང་རབ་ས་སྟེང་དུ༎
དུས་མཐར་འཇིག་ཅིང་ཉམ་པ་ན༎
སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི༎
འབྱུང་བར་འགྱུར་བ་ཐེ་ཚོམ་མེད་ཅེས་དང་། བཀའ་གདམས་ཕ་ཆོས་སོགས་གུང་བསྒྲིགས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་རོལ་བའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཡིན་པ་དང་། གུ་རུ་རིན་པོ་ཆེ་དང་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཆེན་བསམ་གྱིས་མི་ཁྱབ་པ་མང་དུ་བཞུགས་ཀྱང་། དེང་སང་སྡིག་སྤྱོད་ཀླ་ཀློའི་དབང་དུ་གྱུར་ནས་བཤན་པ་དང་། གདོལ་བ། རྔོན་པ། སྨད་ཚོང་། ཇག་རྐུན་སོགས་ཀྱིས་གང་ཞིང་། རྫས་ངན་དང་དམ་གྲིབ་ཀྱིས་གནས་ཆེན་རྣམས་སུ་མནོལ་གྲིབ་ཚད་མེད་ཕོག་པའི་ཁར། འགྲོ་འདུག་གི་རང་དབང་ཡང་གཏན་བྲལ་དུ་གྱུར་ཏེ། གང་དུ་ཕྱིན་ཀྱང་སེམས་ཀྱི་ཕུག་ན་དངངས་སྐྲག་དང་འཚེར་སྣང་ཡ་མ་བྲལ་བར་སྡོད་དགོས་པས། ད་ནི་རང་བྱུང་པདྨ་རྒྱལ་པོའི་མན་ངག་གི་གསང་ལམ་ལ་བརྟེན་ནས་ཟུང་འཇུག་གདོད་མའི་རྒྱལ་སར་བསྙེག་པར་འདོད་པ་དག་གིས། སའི་སྟེང་གི་མཐའ་མཇུག་གི་དག་ཞིང་གཅིག་པུ་དཔལ་ལྡན་འབྲུག་གི་རྒྱལ་ཁབ་འདི་ཉིད་སྒྲུབ་གནས་ཀུན་གྱི་སྙིང་པོར་བཟུང་འོས་པ་ཡིན་ནོ༎
འབྲུག་གི་རྒྱལ་ཁབ་སྤྱིའི་སྒྲོམ་ཙམ་ནི། དུས་རབས་གསར་པའི་ཞིབ་འཇུག་གི་རྙེད་དོན་དང་ཐ་སྙད་ལྟར་ན་རྒྱལ་ཁབ་ཧྲིལ་བོར་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༧༠༠༠ དང་། མི་གྲངས། ༡༦༨༩༠༠༠ ཙམ་ཡོད་པར་བཤད་ཅིང་། ཡུལ་འདི་ལ་སྔ་ལོང་དང་། ཤར་ཕྱོགས། ལྷོ་མཚམས་པ། ཉེ་བའི་དུས་ཀྱི་བོད་མི་གཞིས་ཆགས་སོགས་མི་རིགས་དང་སྐད་རིགས་ཀྱང་མི་འདྲ་བ་མང་དུ་མཆིས། སྔ་དུས་འབྲུག་གི་ཡུལ་ཕྱོགས་སོ་སོ་རང་མགོ་རང་ཐོན་གྱི་ངང་དུ་སིལ་བུར་གནས་པ་ལ། ཕྱི་ལོ ༡༦༡༦ ལོར་མཐུ་སྟོབས་དབང་ཕྱུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་རྒྱལ་ཁབ་ཧྲིལ་པོ་གཅིག་གྱུར་ཏུ་བྱས་ཤིང་། ཞབས་དྲུང་རང་ཉིད་ཆོས་ཀྱི་དབུ་ཁྲིད་དང་། སྡེ་སྲིད་སྲིད་ཀྱི་རྗེ་བོར་བསྐོས་ཏེ་ཆོས་ཁྲིད་ཀྱི་དབུ་ཁྲིད་སོ་སོར་བྱ་བའི་སྲོལ་བཏོད།
ཕྱི་ལོ ༡༩༠༧ ལོར་༧གོང་ས་ཨོ་རྒྱན་དབང་ཕྱུག་འབྲུག་ཡུལ་གྱི་རྒྱལ་པོར་ཐོག་མར་བསྐོས་པ་ནས་བཟུང་། ད་ལྟའི་འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་བར་ཤིན་ཏུ་སྐྱིད་པའི་རྒྱལ་རབས་ལྔ་སོང་ཞིང་། ཕྱི་ལོ ༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་ཞུགས་པ་དང་། དུས་རབས་ཉེར་གཅིག་པའི་སྟོད་ལ་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར། ཕྱི་ལོ་༢༠༠༥ ལོར་འབྲུག་རྒྱལ་པོས་རྩ་ཁྲིམས་གསར་བ་འགའ་ཁྱབ་བསྒྲགས་མཛད་པ་ནས་བཟུང་། དེང་གི་ཆར་ཡུལ་ཁམས་སྤྱི་ལ་འབྲུག་གི་ནོར་བུ་རུ་གྲགས་པ་ཆོས་རྒྱལ་ཡབ་ཡུམ་གྱིས་གཟིགས་རྟོགས་མཛད་བཞིན་ཡོད་ཀྱང་། སྲིད་ཀྱི་ཁ་ལོ་ནི་མི་མང་གིས་འོས་འདེམས་ཞུས་པའི་གྲོས་ཚོགས་ཀྱིས་སྐྱོང་བཞིན་པ་ཡིན་ནོ༎
བསྟན་པ་རིན་པོ་ཆེའི་དབང་དུ་བྱས་ན། དུས་རབས་བདུན་པར་འབྲུག་གི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་ཙམ་བྱུང་ཡང་དར་རྒྱས་མ་བྱུང་བ་ལ། དུས་རབས་བརྒྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བྱོན་ཏེ། མཐུ་དང་རྫུ་འཕྲུལ་གྱིས་བུམ་ཐང་ལྕགས་མཁར་རྒྱལ་པོ་སོགས་ཡུལ་འདིའི་ཆེ་དགུ་དུ་མ་དབང་དུ་བསྡུས་ནས་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད་པའི་དྲིན་ལས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ལ་ཉམས་བཞེས་ཀྱི་མཐིལ་དུ་བྱེད་པའི་དེང་དུས་ཀྱི་ཆོས་ལྡན་རྒྱལ་ཁབ་འདི་ཉིད་བྱུང་། དེ་ཡང་པདྨ་བཀའ་ཐང་ལས། རྒྱལ་པོས་མོན་ལ་ཤོག་བུ་སྡུད་དུ་བཏང་ཞེས་སོགས་གསུངས་པ་ལྟར་སྔོན་ཡུལ་འདིར་མོན་ཡུལ་དུ་གྲགས་པ་ཡིན་ཡང་། ཕྱིས་ཞབས་དྲུང་རིན་པོ་ཆེས་མཐུ་སྟོབས་དང་ནུས་པ་ལ་བརྟེན་ནས་འབྲུག་པ་བཀའ་བརྒྱུད་ཀྱི་བཤད་སྒྲུབ་དར་རྒྱས་སུ་མཛད་པས། ཆོས་བརྒྱུད་ཀྱི་མིང་རྒྱལ་ཁབ་ལ་ཐོགས་སྟེ་འབྲུག་གི་རྒྱལ་ཁབ་ཅེས་ཡོངས་སུ་གྲགས་པར་གྱུར་ཏོ༎
རྒྱལ་ཁབ་འདིའི་མི་རིགས་ནི་གཡས་གཡོན་གྱི་རྒྱལ་ཁབ་ཀུན་གྱི་མི་རིགས་ལས་ཆེས་ཁྱད་དུ་འཕགས་ཤིང་ངོ་མཚར་བ་ཞིག་སྟེ། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་མེ་ཏོག་གི་སྐྱེད་མོས་ཚལ་ལས།
འདིར་ནི་མི་རྣམས་རང་བཞིན་དགེ་བ་སྟེ།།
རི་དྭགས་མི་རྔོན་ལམ་སྲང་ཆོམ་པོ་མེད།།
རྐུན་པོ་ཉུང་ཞིང་གཞན་གནོད་འཚེ་བ་ཆུང་།།
རང་གིས་རྒྱུད་འཇམ་འགྲོཊ་ན་བདེ་བ་ལགས།།
ཡུལ་འདིའི་མི་རྣམས་བརྙས་སུ་མི་རུང་སྟེ།།
ཁ་ཅིག་དཔའ་བོ་མཁའ་འགྲོའི་རིགས་ཡིན་ལ།།
ལ་ལ་ཕྲིན་ལས་གཉན་ས་གནོན་ལ་མཁས།།
ཕལ་རྣམས་མཆོག་ཏུ་ངོ་མཚར་ཆེ་བ་ལགས།།
འདི་ན་ལུགས་བཟང་གློ་བུར་ལྷགས་ལ་བྱམས།།
གང་དུ་འགྲོ་ཡང་ལམ་རྒྱགས་མི་དགོས་ལ།།
ཉེ་དུའི་ཁྱིམ་ལས་ལྷག་པའི་སྣ་ལེན་དང་།།
བྱ་དགའ་ཆེ་བས་བསྐལ་པ་བཟང་པོ་བཞིན།།
ཡུལ་འདིའི་རང་བཞིན་ཞིབ་མོར་བསམ་པ་ན།།
དབུས་གཙང་དག་པའི་ཞིང་ལས་ལྷག་པ་བཞིན།།
འཚེ་བ་མེད་པས་དམ་ཆོས་སྒྲུབ་པའི་གནས།།
ཡུལ་ཁམས་གཞན་ལས་ཁྱད་པར་འཕགས་སོ་ཀྱེ།། ཞེས་དང་། ཉེ་བའི་དུས་སུ་ཡང་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞབས་དང་། མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས། མཁན་ཆེན་བསོད་དར་རྒྱས་སོགས་དམ་པ་དུ་མས། མི་རྣམས་སྐྱིད་ཅིང་རང་བཞིན་བཟང་བའི་ཚད་དུ་འབྲུག་གི་མི་རིགས་ཅེས་ཡང་ཡང་གསུངས་པ་བཞིན། དེང་གི་དུས་སུ་ཡང་ཀླ་ཀློའི་དབང་དུ་མ་གྱུར་ཅིང་། ཀླ་ཀློའི་མིའི་ཀུན་སྤྱོད་དང་ཐག་མི་ཉེ་བའི་དབང་གིས་མི་རྣམས་རང་བཞིན་གྱིས་གཡོ་རྒྱུ་ཆུང་བ། གནོད་སེམས་དང་འཁོན་སེམས་ཆུང་ཞིང་ཁ་ན་མ་ཐོ་བའི་ཚིག་མི་བརྗོད་པ། མནའ་མི་ཟ་ཞིང་རྫུན་མི་བཤད་པ། རྐུན་ཇག་དང་རྔོན་མི་བྱེད་པ། མཆོག་གསུམ་དང་ལས་འབྲས་ལ་བརྩི་ཞིང་ཡར་མར་ཀུན་ལ་ལོག་ལྟ་སྐུར་འདེབས་བྱེད་པའི་ལུགས་སྲོལ་མེད་པར་ཕན་ཚུན་གུས་བརྩི་དང་བྱམས་སེམས་ཀྱིས་འཚོ་བ། ཕ་མ་དང་རྒན་རབས་ལ་སྲི་ཞུ་ཆེ་བ། སྤུན་མཆེད་དང་ཁྱིམ་མཚེས་མཛའ་གྲོགས་རྣམས་ལ་འབྲེལ་ལམ་ཟབ་ཅིང་ཕན་ཚུན་བྱམས་སྐྱོང་བཟང་བ། གཤིས་སྤྱོད་དང་ངག་ཚིག་འཇམ་པ། མགྲོན་པོར་སྣེ་ལེན་དང་བསྟི་སྟངས་ཆེ་བ། ཅ་དངོས་ཉོ་ཚོང་དང་གླ་འཁོར་སོགས་ལ་རྒྱུས་ཡོད་མེད་དང་བསྟུན་ནས་མགོ་མི་སྐོར་བ་སོགས་ཕྱོགས་གང་ཐད་ནས་ཡ་རབ་དམ་པའི་ཡོན་ཏན་གྱིས་ཀུན་ནས་བརྒྱན་པ་ཕན་ཚུན་འགྲན་པ་ལྟ་བུར་འདུག་པས། ཅུང་གོམས་འདྲིས་སུ་མ་སོང་ན་ཐོག་མའི་ཆར་རང་གི་མིག་ལ་ཡང་ཡིད་ཆེས་དཀའ་བར་ཡོད་པ་འདིར་དངོས་སུ་ཕེབས་དང་གཟིགས་པར་འགྱུར་རོ༎
ད་ནི་སྐབས་སུ་བབ་པ་སྤ་གྲོ་སྟག་ཚང་གི་གནས་ཀྱི་བཤད་པ་དངོས་ལ་འཇུག་པར་བྱ་སྟེ། དེ་ཡང་དགོངས་འདུས་ལས།
ཤིན་ཏུ་གདུག་ཅིང་གཏུམ་པ་ལ༎
ཞི་བས་ཕན་པར་མི་འགྱུར་ཏེ༎
ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས༎
ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད་ཅེས་དང་། དཔུང་བཟང་ལས།
གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་༎
ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཞིང་།།
གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ༎
ཐབས་ཀྱིས་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ་ཞེས་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གཏེར་བྱོན་ཡང་གསང་ཐུགས་ཀྱི་ཐིག་ལེའི་ལོ་རྒྱུས་ལུང་གི་བྱང་བུ་ལས།
ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར༔
བདག་ཉིད་པདྨ་ཐོད་ཕྲེང་རྩལ༔
རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔
དབང་དྲག་འཆོལ་བའི་སྐུར་ལངས་ཏེ༔ ཞེས་སོགས་གསུངས་པ་ལྟར། གནས་འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མོན་བོད་ཀྱི་ལྷ་སྲིན་གདུག་པ་ཅན། ཞི་བའི་ཕྲིན་ལས་ཀྱིས་མི་ཐུལ་བ་ཐམས་ཅད་དྲག་པོའི་དམ་འོག་ཏུ་འཇུག་པའི་ཕྱིར། འཇིག་རྟེན་ན་ཆེ་བཙན་འགྲན་ཟླ་མེད་པ་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་ཡིན་ཞིང་། སྤྱིར་སློབ་དཔོན་ཆེན་པོས་ཨུ་རྒྱན་གྱི་རྒྱལ་སྲིད་བསྐྱངས་ཏེ་རྒྱལ་པོ་ཐོར་ཅོག་ཅན་དུ་བཞུགས་པའི་སྐབས་རིགས་ཀྱི་མཁའ་འགྲོ་མ་ཆེན་མོ་བཅུ་དྲུག་གིས་ལོངས་སྤྱོད་རྫོགས་པའི་སྐུ་རུ་མངའ་གསོལ་བ་ལས།
ཕྲིན་ལས་རྣམ་རྒྱལ་པདྨའི་བྱང་ཕྱོགས་སུ༔
ཉོན་མོངས་བདུད་འཇོམས་རྡོ་རྗེ་གྲོ་ལོད་སྤྲུལ༔
འཁོར་དུ་ཀརྨ་མཁའ་འགྲོ་མ་ཚོགས་བསྐོར༔
ཡེ་ཤེས་ལྔ་རྫོགས་སྣ་ལྔའི་དཀྱིལ་ན་བཞུགས༔
རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད་ཅེས་དང་། ཨོ་རྒྱན་གྱི་ཡུལ་དུ་ས་ཡི་ལྷ་མོ་བརྟན་མ་འཁོར་བཅས་ཀྱིས་བསྟོད་པ་ལས།
མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས༔
སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ༔
གསང་སྔགས་ཕྱི་ནང་ཐུགས་ཀྱི་དཀྱིལ་ན་གསལ༔
རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད་ཅེས་དང་། འཇམ་མགོན་ཀོང་སྤྲུལ་གྱི་བཀའ་ཐང་དོན་བསྡུས་ལས།
ལི་ཡུལ་དུར་ཁྲོད་ལོ་ཀ་བརྩེགས་པར་བྱོན༎
རྡོ་རྗེ་གྲོ་ལོད་གྲགས་ལ་ཕྱག་འཚལ་ལོ་ཞེས་དང་། པདྨ་བཀའ་ཡི་ཐང་ཡིག་ལེའུ་སོ་གསུམ་པར་དུར་ཁྲོད་པདྨ་བརྩེགས་སུ་བཞུགས་པ་ལས།
ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔
ལོ་ལྔར་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོར༔
མཚན་ནི་རྡོ་རྗེ་གྲོ་ལོད་ཅེས་བྱར་གྲགས་ཞེས་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་དང་། ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་སོགས་ཀྱིས། སློབ་དཔོན་ཆེན་པོར་ཐོག་མར་བསམ་ཡས་ཀྱི་ས་གཞི་འདུལ་བའི་སྐབས་དང་། བར་དུ་བདུད་བློན་རྣམས་ཀྱིས་སྐུ་ལ་ཐོ་བརྩམས་པའི་དུས་དང་། མཐར་རྔ་ཡབ་པདྨ་འོད་དུ་གཤེགས་ཁར་མོན་སྤ་གྲོ་སྟག་ཚང་སེང་གེ་ཕུག་སོགས་ཁམས་བོད་ཀྱི་སྟག་ཚང་མིང་ཅན་བཅུ་གསུམ་དུ། བདུད་འདུལ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུར་བཞེངས་ནས་མི་དང་མི་མ་ཡིན་གདུག་ཅིང་གཏུམ་པ་ཐམས་ཅད་ཚར་བཅད་ཅིང་རྗེས་སུ་བཟུང་ནས་དམ་ལ་བཞག་པས་མཚོན་ཞེས་གསུངས་པ་ལྟར། སློབ་དཔོན་ཆེན་པོའི་མཛད་པ་སྣ་ཚོགས་དང་། སྐུའི་བཀོད་པ་སྣ་ཚོགས་དང་བསྟུན་པའི་མཚན་གྱི་རྣམ་གྲངས་སྣ་ཚོགས་སུ་གྲགས་པའི་སྐབས། གནས་གཞན་དང་དུས་གཞན་རྣམས་སུ་ཡང་རྡོ་རྗེ་གྲོ་ལོད་ཀྱི་མཚན་དུ་གྲགས་པ་ཡོད་ཀྱང་། སྙིགས་དུས་ཀྱི་སེམས་ཅན་སྤྱི་དང་། ཁྱད་པར་ཆོས་ཚུལ་བཞིན་དུ་བྱེད་པའི་གང་ཟག་རྣམས་ལ་དངོས་བརྒྱུད་གཉིས་ནས་བརྡོ་བའི་ནག་པོའི་རྩ་ལག རྒྱལ་འགོང་དམ་སྲི་གདུག་པ་ཅན་མ་ལུས་པ་དྲག་པོ་མངོན་སྤྱོད་ཀྱིས་འདུལ་བའི་བདུད་ཀྱི་བདུད་དགྲ་ཆེན་པོ། ཆེ་མཆོག་འཆོལ་བའི་ཁྲོ་རྒྱལ་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་རྩ་བའི་གནས་ནི་མོན་གྱི་སྤ་གྲོ་སྟག་ཚང་དུ་གྲགས་པ་འདི་ཉིད་ཁོ་ན་ཡིན་ཏེ། རུ་ལག་གྲོམ་པ་རྒྱང་གི་ཨོ་རྒྱན་སྒྲུབ་ཕུག་ནས་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཅིང་། རིག་འཛིན་རྒོད་ལྡེམ་ཅན་གྱིས་ཤོག་སེར་ལས་བསྒྱུར་བའི་གསོལ་འདེབས་ལེའུ་བདུན་མ་ལས།
སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔
གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ༔
གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས༔
མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས༔
རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས་ཞེས་དང་། རྒྱལ་དབང་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་གྱི་རྡོ་རྗེ་གྲོ་ལོད་སྒྲུབ་པ་ལས།
སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༎
མུ་སྟེགས་དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༎
འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི༎
དབང་བསྐུར་ཞེས་སོགས་དང་། གཏེར་ཆེན་ཆོས་རྗེ་གླིང་པའི་ཁ་རག་མགོ་དགུའི་བདུད་མཚོའི་གཏེར་བྱོན། མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་དབང་ཆོག་ཟབ་གསང་འདོད་འཇོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པར་གཏེར་གཞུང་རྡོ་རྗེའི་ཚིག་དྲངས་པ་ལས། དེའང་ཁ་ཁྲ་མོན་གྱི་ས་མཚམས༔ བོད་ཁམས་གངས་རི་རྩེ་དགུའི་ལྷོ་ཕྱོགས༔ གྱད་ཀྱི་ཡུལ་སཱ་ལའི་ཚལ་དང་ཉེ་བའི་ས་མོན་ཁ་སྤ་གྲོ་སྟག་ཚང་མི་འགྱུར་རྡོ་རྗེའི་བྲག་གི་ཕུག་པར༔ ཨོ་རྒྱན་ཆེན་པོ་པདྨ་རྒྱལ་པོ་ཉིད་བདུད་འདུལ་མ་ཧཱ་གུ་རུ་དྲག་པོ་རྩལ་དུ་བཞེངས་ནས༔ མོན་བོད་གཉིས་ཀྱི་ལྷ་འདྲེ་ཐམས་ཅད་བཀའ་དམ་ལ་བཏགས་པའི་ཚེ་ཞེས་དང་། འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཆོག་རཱ་ག་ཨ་སྱས་མཛད་པ་ལས། ཤཱཀྱ་སེང་གེའི་བསྟན་པ་འདི་ལ། ཨོ་རྒྱན་རིན་པོ་ཆེ་དྷ་ན་ཀོ་ཤའི་མཚོ་གླིང་དུ་འཁྲུངས་མ་ཐག དྲག་པོ་མཐིང་ཀའི་སྐུར་བཞེངས་ནས་གཟའ་དང་ཀླུ་ཐམས་ཅད་དམ་ལ་བཏགས། གུ་རུ་སྤྲུལ་པའི་མཚན་བརྒྱད་དུ་སྤྲུལ་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་སྤྱི་དང་། བྱེ་བྲག་མོན་ཁ་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས། གདུག་པ་ཅན་གྱི་མུ་སྟེགས་བདུད་དང་དམ་སྲི་ལ་སོགས་པ་ཚར་བཅད་རྗེས་སུ་བཟུང་ནས་ཞེས་སོགས་དང་། གཏེར་སྟོན་བརྒྱ་རྩའི་རྣམ་ཐར་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པ་ལས། དམ་ཚིག་སྒྲོལ་མ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ནི། མོན་ཚ་འོག་ཏུ་འཁྲུངས། ཆུང་ངུ་ནས་ཆོས་ཀྱི་རིགས་སད་པ་དང་མནལ་ལམ་དུ་མཁའ་འགྲོས་བརྡས་བསྐུལ་ནས་ལྷོ་བྲག་ཏུ་བྱོན། ཐོག་མར་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། སླར་ལ་ཡག་མོན་མཁར་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་མཇལ། ཟབ་མོའི་གདམས་པ་སྙིང་པོར་དྲིལ་ནས་གསུངས་པས་དངོས་གྲུབ་བརྙེས། ཕྲིན་ལས་ཀྱི་གཟུངས་མར་བཞེས། སྤ་གྲོ་སྟག་ཚང་དུ་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་སུ་སྐུ་ལུས་འདོད་རྒུར་བསྒྱུར་བས་སྟག་མོའི་ཚུལ་དུ་སྤྲུལ་ནས་ཆིབས་ཀྱི་རྣམ་པར་མཛད་ཅེས་དང་། ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་བྱོན་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་གྲོ་ལོད་སྒྲུབ་ཐབས་ལས།
བདག་འདྲ་པདྨ་བདུད་འཇོམས་ངས༔
མ་འོངས་འགྲོ་བློའི་མུན་ཁམས་སུ༔
ཕན་བདེའི་ཉི་མ་འཆར་བའི་ཕྱིར༔
སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ༔
རང་གི་སྒྲུབ་པ་རང་གིས་བྱས༔
བསྟན་པ་མི་ནུབ་དར་རྒྱས་ཕྱིར༔
མི་འགྱུར་རྡོ་རྗེའི་གཏེར་དུ་སྦས་ཞེས་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གཏེར་བྱོན་ཡང་གསང་ཐུགས་ཀྱི་ཐིག་ལེའི་ལོ་རྒྱུས་ལུང་གི་བྱང་བུ་ལས།
དེ་ཡང་གདོང་དམར་བོད་ཡུལ་མཐའ༔
ཁ་ཁྲ་མོན་གྱི་ས་མཚམས་ནི༔
སྤ་གྲོ་སྟག་ཚང་དཔལ་གྱི་ཕུག༔
སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔
ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར༔
བདག་ཉིད་པདྨ་ཐོད་ཕྲེང་རྩལ༔
རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔
དབང་དྲག་འཆོལ་བའི་སྐུར་ལངས་ཏེ༔
མོན་བོད་གངས་ཅན་མཐའ་དབུས་ཀྱི༔
འདྲེ་བགེགས་རྒྱལ་བསེན་དམ་སྲི་བཏུལ༔
དྲེགས་ལྡན་ལྷ་འདྲེ་གཞི་བདག་ཚོགས༔
དབང་བསྡུས་སྲོག་སྙིང་དངོས་སུ་བླངས༔
གནས་དང་གཏེར་གྱི་ཁ་བྱང་གཏད་ཅེས་སོགས་དང་། གཏེར་ཁ་གཞན་ལས་ཀྱང་ཚུལ་འདི་དང་མཚུངས་པ་མང་དུ་བྱུང་སྟེ་ཡི་གེས་འཇིགས་ནས་དེ་ཙམ་དུ་བྱས་སོ༎
དེ་ལྟར་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མཆོག་བྱིན་རླབས་དང་ངོ་མཚར་རྨད་དུ་བྱུང་བ། སྤ་གྲོ་སྟག་ཚང་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པའི་གནས་ཀྱི་ལྟེ་བ་དངོས་ནི། སྐྱེར་ཆུའི་གཡོན་ཕྱོགས་སུ་ཡོད་པའི་ལུང་པ་ཞིག་གི་ཕུག་ཏུ་བྲག་རི་མཐོ་ཞིང་གཟར་བ། ཤིན་ཏུ་འཇིགས་ཤིང་ངམ་གནག་པ། ཁྲོ་བོའམ་སེང་གེ་ཆེན་པོའི་གདོང་དབྱིབས་སུ་མ་བཅོས་རང་བྱུང་ལྷུན་གྲུབ་ཀྱིས་གནས་པ། རི་རྩེའི་བྲག་ལས་ལྷུང་བའི་ཆུ་བོའི་རླབས་སྒྲ་འཕྱོ་ཞིང་། རི་ཕན་ཚུན་གྱི་བར་དུ་རྫུ་འཕྲུལ་ལྟ་བུས་སྦྲེལ་བའི་དར་ཅོག་གི་འཇའ་རིས་བཀྲ་བ། སྤྲིན་དཀར་གྱི་ལ་ཐོད་དཀྲིས་ཤིང་། ནགས་ཚལ་གྱི་གོས་བཟང་གྱོན་པ། འཇིགས་པའི་གཡང་ཆེན་པོ་མིག་གིས་བལྟ་མི་བཟོད་ཅིང་རྨི་ལམ་དུ་ཡང་འཁོར་ཡོང་བ་དེ་ལྟ་བུ་ཞིག་གི་རྩེ་ལྐོག་ཏུ་གནས་ཤིང་། དེ་ཡང་ཐོག་མར་ལུང་པའི་མདའ་ནས་ཡར་རི་གཤམ་བར་དུ་རླངས་འཁོར་གྱི་ནང་ནས་འགྲོ་ཆོག་པ་དང་དེ་ནས་རྐང་ཐང་གིས་འགྲོ་དགོས། རི་གཤམ་དུ་ཡོད་པའི་རླངས་འཁོར་འབབ་ཚུགས་དེའི་མིང་ལ་རམ་ཐོང་ཁ་(Ramthongkha) ཞེས་ཟེར་ཞིང་། འདིར་ཐང་ཁྲོམ་ཆུང་ངུ་ཞིག་ཡོད་པ་དེར་སྟབས་བདེའི་ཁ་ཟས་མོག་མོག་སོགས་དང་། རི་འགོར་འགོ་བྱེད་ཀྱི་ལག་རྟེན། ད་དུང་དགོས་མཁོ་ཡོད་མེད་ཅ་ལག་འགའ་རེ་རྒྱུན་དུ་འཚོང་རྒྱུ་ཡོད་པ་དང་། རྟ་དྲེལ་དགོས་མཁན་རྣམས་ལ་འདིར་རྟ་དྲེལ་གླ་རྒྱུ་ཡོད།
སྟག་ཚང་ལྷ་ཁང་ཡོད་ས་དེ་ནི་སྤ་གྲོ་ལས་མཐོ་ཚད་མི་ཊར་ ༨༠༠ ཙམ་གྱི་ས་ན་ཡོད་ཅིང་། ཐོག་མར་སྟག་ཚང་གི་གཡས་རིའི་རི་ངོས་ལ་ཡར་འཛེགས་ཏེ། གནས་ཀྱི་ལྟེ་བའི་ཐད་ཀར་ཡོད་པའི་བྲག་གཡང་གཟར་མོ་མིག་གིས་བལྟ་མི་བཟོད་པ་དེར་སླེབས་རྗེས་ཡང་སྟག་ཚང་ཕུག་པའི་མདུན་གྱི་ལུང་གཞུང་དུ་མར་འབབ་ཅིང་། དེ་ནས་སླར་ཡང་སྟག་ཚང་ལ་ཡར་འཛེགས་དགོས་པས། འབྲུག་པ་རྣམས་ཀྱིས་རྐང་ཐང་གིས་ཆུ་ཚོད་གཅིག་དང་ཕྱེད་ཀྱི་རིང་འགྲོ་དགོས་ཟེར་ཀྱང་དལ་མོར་ཕྱིན་ན་ཆུ་ཚོད་གཉིས་ལྷག་འགོར་བཞིན་འདུག སྤྱིར་མགྱོགས་ལམ་དང་རིང་ལམ་གཉིས་ཡོད་པ་ལས་རིང་ལམ་ལ་རྟ་བོང་དང་མཉམ་དུ་འགྲོ་ཆོག་པར་འདུག་ཅིང་། ལམ་བར་དུ་ཆུ་ཚོད་མང་པོ་འགོར་སྐད། མགྱོགས་ལམ་ནི་ཐག་ཅུང་ཉེ་བ་གོང་ཏུ་བཤད་པ་དེ་ཡིན་ལ། གལ་ཏེ་སྣེ་ཤན་པ་མེད་པར་རང་ཉིད་ཀྱིས་རང་མགོ་འདོན་ནས་འགྲོ་དགོས་ན། ལམ་བར་དུ་ལམ་རལ་ག་གཉིས་སུ་གྱེས་ཡོད་ཚད་ལ་ལག་པ་གཡས་ཕྱོགས་ཀྱི་ལམ་ཁོ་ན་དེད་ནས་ཕྱིན་ན་ནོར་ས་གཞན་མེད། འོན་ཀྱང་རི་ངོས་ཤིན་ཏུ་གཟར་ཞིང་དོགས་པས་རང་གི་གཟུགས་པོའི་གནས་བབས་དང་བསྟུན་ཤེས་པ་གལ་ཆེ་བར་འདུག
ལར་ཐིམ་ཕུག་ནས་སྤ་གྲོའི་གནམ་ཐང་བར་སྣུམ་འཁོར་གྱིས་ཆུ་ཚོད་གཅིག་དང་། དེ་ནས་སྟག་ཚང་གི་གནས་མདུན་བར་སྐར་མ་བཅོ་ལྔ་ཉི་ཤུ་ཙམ་དགོས་པས། གནས་མཇལ་བ་ཕལ་ཆེ་བ་ཞིག་ཞོགས་པ་སྔ་པོར་ཐིམ་ཕུག་ནས་ཡོང་ཞིང་དགུང་མོར་ཕྱིར་ཐིམ་ཕུག་ཏུ་སླེབས་རྒྱུ་བྱས་ནས་འགྲོ་བཞིན་འདུག་པར་མ་ཟད། གླ་འཁོར་བ་རྣམས་ཀྱི་གོམས་སྲོལ་ལྟ་བུར། ཡང་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་ཡང་ཕྱིར་ཡོང་སྐབས་ལམ་བར་ནས་མཇལ་རྒྱུ་བྱེད་བཞིན་འདུག་ཀྱང་། དེ་ལྟར་བྱས་ན་ལམ་བར་ནས་བྲེལ་ཤ་ལངས་དགོས་པ་དང་། ད་དུང་གནས་མཇལ་ཀྱང་ལྷོད་ལྷོད་ཅིག་མི་ཡོང་བས། སྔ་ནུབ་ཐིམ་ཕུག་ནས་སྤ་གྲོ་ལ་ཡོང་བའམ། རབ་ཡིན་ན་གནས་མདུན་དང་ཉེ་བའི་སར་མགྲོན་ཁང་མང་པོ་ཡོད་པས་དེར་བསྡད་དེ། ཉིན་རྗེས་མར་སེམས་པ་བདེ་ལྷོད་ཀྱིས་གནས་མཇལ་དུ་འགྲོ་ན་ཧ་ཅང་ལེགས། སྟག་ཚང་དང་ཐག་ཉེར་ཡོད་པའི་ཕ་དམ་པའི་སྒྲུབ་ཕུག་སོགས་དང་། སྟག་ཚང་ནས་ཆུ་ཚོད་གཉིས་ཙམ་གྱི་ལམ་ཐག་ཡོད་པ། སྔོན་ཀཿཐོག་པ་ཡེ་ཤེས་འབུམ་པའི་གདན་ས་དེང་སང་ཨོ་རྒྱན་རྩེ་རུ་འབོད་པ་ཟངས་མདོག་དཔལ་རིའི་ལྷ་ཁང་ཡོད་ས་དང་། མཁའ་འགྲོ་འབུམ་གྱི་བྲོ་ར་སོགས་སྟག་ཚང་དང་འབྲེལ་བའི་གནས་རྣམས་ཡོངས་རྫོགས་ལ་མཇལ་དགོས་ན་ནི་ཉིན་གཉིས་གསུམ་ཞིག་གི་དུས་ཚོད་སྔ་ས་ནས་གྲ་སྒྲིག་བྱེད་དགོས།
སྟག་ཚང་དཔལ་ཕུག་གིས་སྙིང་བཅུད་བྱས་ཏེ། དེའི་ཕྱི་ལོགས་ནས་ཡར་བཞེངས་པའི་ངོ་མཚར་གྱི་བཀོད་པ་བློ་ལས་འདས་པའི་ལྷ་ཁང་བལྟ་ན་སྡུག་པ་འདི་དག་ནི། ཐོག་མར་འབྲུག་སྡེ་སྲིད་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ཕྱི་ལོ་༡༦༩༢ ལོར་བཞེངས་མགོ་བཙུགས་ཤིང་། སྐབས་དེར་ཉིན་མོ་མིས་བརྩིགས་པ་མཚན་མོ་ལྟ་འདྲེས་བཤིགས་ནས་བཞེངས་མ་ཐུབ་པར། སྡེ་སྲིད་རང་གི་དབུ་སྐྲ་བསིལ་ཏེ་རྩིག་པའི་འདམ་དང་བསྲེས་ནས་བརྩིགས་པས་བར་ཆད་ལས་གྲོལ་བ་དང་། ཕྱི་ལོ་ ༡༦༩༤ ལོར་གཙུག་ལག་ཁང་ནང་རྟེན་དང་བཅས་པ་ཕལ་ཆེར་བཞེངས་གྲུབ་པར་མཛད། དེ་རྗེས་ཕྱི་ལོ་༡༩༥༡ ལོར་མེ་སྐྱོན་ཆེན་པོ་བྱུང་སྟེ། ལྷ་ཁང་ཕལ་ཆེ་བ་མེས་ཚིག་ཀྱང་གུ་རུ་མཚན་བརྒྱད་ལྷ་ཁང་དང་། གུ་རུ་གསུང་འབྱོན་མའི་ལྷ་ཁང་སོགས་ལྷ་ཁང་ཁག་ཅིག་གིས་མེ་དགྲ་མ་བཞེས་པས་བྱིན་རླབས་ཆེ་བའི་ཚད་དུ་བྱེད། སྐབས་དེར་མེ་སྐྱོན་ཤོར་བ་རྣམས་ཀྱི་ནང་ནས་ལྷ་ཁང་ཁག་ཅིག་འབྲུག་རྒྱལ་གཉིས་པའི་བཀའ་དགོངས་བཞིན་བཙན་ཏོག་པ་རྣམས་མེ་བསད་པར་འགྲོ་མ་ཐུབ་པའི་ཉེས་ཆད་དུ་བཙན་ཏོག་པ་རྣམས་ལ་བཞེངས་སུ་བཅུག་པ་དང་། འགའ་ཞིག་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གྱི་བཀའ་རྒྱ་ལྟར་རྗེ་མཁན་པོ་བསྟན་འཛིན་དོན་སྒྲུབ་སོགས་ཀྱིས་བཞེངས། སྤྱི་ལོ་ ༡༩༩༨ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༡༩ ཉིན་སླར་ཡང་མེ་སྐྱོན་བྱུང་བར་འབྲུག་གཞུང་གིས་འགྲོ་སོང་བཏང་སྟེ། སྤྱི་ལོ་ ༢༠༠༠ ལོར་ལས་གཞི་ཡོངས་སུ་གྲུབ་ནས་རབ་གནས་མཛད་པ་ད་ལྟ་ང་ཚོས་དངོས་སུ་མཇལ་དུ་ཡོད་པ་འདི་དག་ཡིན།
འདིར་ནང་གསེས་སུ་སྟག་ཚང་དཔལ་ཕུག་དང་། གུ་རུ་གསུང་འབྱོན་གྱི་ལྷ་ཁང། ཀུན་ར་ལྷ་ཁང་། སྨོན་ལམ་གང་བཏབ་འགྲུབ་པའི་ལྷ་ཁང་། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཁང་། གནས་ཁང་། ཚེ་དཔག་མེད་ཀྱི་ལྷ་ཁང་། རྣམ་སྲས་ལྷ་ཁང་། གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་བཅས་དང་། ད་དུང་མགྲོན་བསུ་ཁང་དང་། མར་མེ་འབུལ་ཁང་སོགས་ཡོད་ཅིང་།
༈ དེ་ཡང་དཔལ་ཕུག་ནི་གུ་རུ་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྒྲུབ་ཕུག་བྱིན་ཅན་འཛམ་གླིང་གི་གནས་ཀྱི་སྙིང་པོར་གྱུར་པ་ལྟ་བུ་དེ་ཡིན་ཞིང་། འོག་ནས་འཆད་འགྱུར་ལྟར་ཕྱིས་རླངས་ཆེན་དཔལ་གྱི་སེང་གེ་ཕུག་པ་འདིར་བཞུགས་ནས་སྒྲུབ་པ་མཛད་པས་དཔལ་ཕུག་ཅེས་བཏག་འདུག དཔལ་ཕུག་གི་ཕུག་པ་དངོས་ཀྱི་སྒོ་ནི་ཟངས་གཟེར་གྱིས་གྲུབ་པའི་སྒོ་གླེགས་སྟག་སྤགས་ཀྱི་དབྱིབས་ཅན་ཞིག་གིས་བཅད་ཡོད་པས་ནང་དུ་གང་བྱུང་འགྲོ་ས་མེད་ཀྱང་། སྒོ་གླེགས་ཀྱི་བར་ནས་ཡར་གློག་གཞུ་བཀར་ན་ནང་ཡོངས་རྫོགས་མཇལ་ཐུབ། ཕྱི་ན་སྒོ་ཁང་ཆུང་ངུ་ཞིག་ཡོད་པ་དེར་སྨོན་ལམ་འདྲ་བཏོན་ནས་སྡོད་ཆོག་པ་དང་། སྒོ་ཁང་དུ་ཡོད་པའི་རྟེན་གཙོ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་འབྱོན་ལེགས་པ་དེ་ནི་བྱ་བྲལ་སངས་རྒྱལ་རྡོ་རྗེས་བཞེངས་པ་ཡིན།
༈ གུ་རུ་གསུང་འབྱོན་གྱི་ལྷ་ཁང་དུ་རྟེན་གཙོ་གུ་རུ་རིན་པོ་ཆེ་ཤིན་ཏུ་འབྱོན་ལེགས་པ་དང་།
༈ ཀུན་ར་ལྷ་ཁང་དུ་རྟེན་གཙོ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་འཁོར་མཁའ་འགྲོ་རྣམ་གཉིས་སོགས་བཞུགས་ཤིང་། ལྷ་ཁང་འདི་སྒྲུབ་མཆོད་སོགས་ཀྱི་སྐབས་གྲྭ་བ་རྣམས་གཟིམ་ས་ཡིན་པས་ཀུན་ར་ལྷ་ཁང་ཞུ།
༈ སྨོན་ལམ་གང་བཏབ་འགྲུབ་པའི་ལྷ་ཁང་ནི་རླངས་ཆེན་དཔལ་གྱི་སེང་གེའི་སྐུ་གདུང་མཆོད་རྟེན་ཡིན་ལ། སྐུ་གདུང་གི་མདུན་དུ་རྡོ་རྗེ་ཕག་མོའི་དབུ་བྱིན་རླབས་ཅན་རང་བྱོན་དང་། མཆོད་རྟེན་གྱི་རྒྱབ་ཏུ་རང་བྱུང་གི་སྒྲུབ་ཆུ་བཞུགས། སྒྲུབ་ཆུ་འདི་མཚམས་ལན་རེར་སྐམ་པ་ལྟ་བུར་ཡོད་ཀྱང་གནས་བསང་དང་གནས་ཁྲུས་སོགས་ཀྱི་སྐབས་སུ་སླར་འབབ་པས་བྱིན་རླབས་ཆེ་གྲགས། སྐུ་གདུང་མཆོད་རྟེན་འདིའི་ལོ་རྒྱུས་ནི། ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་བྱོན་བཀའ་འདུས་རིག་འཛིན་བརྒྱུད་པའི་གསོལ་འདེབས་འབྲིང་པོ་ལས།
སྤ་གྲོ་སྟག་ཚང་སེང་གེའི་ཕུག་པ་རུ༔
དཔལ་གྱི་སེང་གེ་ལ་བྱིད་ཡེ་ཤེས་བརྩེགས༔
དྲེགས་པ་ཀུན་འདུལ་ལྷ་ཚོགས་ཞལ་གཟིགས་ཤིང་༔
ལྷ་སྲིན་བཀའ་ཉན་གཞན་སྣང་མངོན་དུ་གྱུར་ཞེས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་སྒྲུབ་གནས་དཀར་མོ་སྟག་ཚང་དུ་མཛད་པའི་བོད་ཡུལ་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་ལས།
སྤ་གྲོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ།།
འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ལེགས་གྲུབ་སྟེ།།
ལྷ་སྲིན་དྲེགས་པ་བྲན་འཁོལ་ལས་བཞི་བསྒྲུབས།།
དཔལ་གྱི་སེང་གེའི་ཞབས་ལ་གསོལ་བ་འདེབས།། ཞེས་གསུངས་པ་ལྟར། སྔོན་གུ་རུའི་ཐུགས་སྲས་རླངས་ཆེན་དཔལ་གྱི་སེང་གེས་གནས་འདིར་སྒོམ་སྒྲུབ་མཛད་ནས་གྲུབ་པ་བརྙེས་པའི་རྗེས་སུ་བལ་ཡུལ་དུ་ཕེབས་ཤིང་། བལ་ཡུལ་ཡང་ལེ་ཤོད་ནས་སྐུ་མྱ་ངན་ལས་འདས་པའི་ཚེ། སྐུ་གདུང་རྡོ་རྗེ་ལེགས་པས་གདན་དྲངས་ཡང་ཟེར། གནས་བདག་སེང་གེ་བསམ་འགྲུབ་ཀྱིས་གདན་དྲངས་ཡང་ཟེར་ཏེ། གང་ལྟར་སྐུ་གདུང་གཞི་བདག་གིས་གནས་འདིར་གདན་དྲངས་པ་ད་ལྟ་ཀུན་གྱི་མཇལ་དུ་ཡོད་པའི་མཆོད་རྟེན་འདིའི་ནང་བཞུགས་པ་ཡིན།
འདིར་ངོ་མཚར་བའི་གཏམ་རྒྱུད་ཅིག་བྱུང་བ་ནི། ཕྱི་ལོ་༢༠༡༡ ལོར་ཁོ་བོ་གནས་འདིར་མཇལ་དུ་ཡོང་སྐབས་སྐུ་གདུང་མཆོད་རྟེན་འདི་དཀར་པོ་རང་དུ་མཇལ་ཞིང་། ད་དུང་རྒྱུ་ཆ་ངན་ངོན་ཅན་གྱི་དཀར་རྩི་བགོས་ཡོད་ཀྱང་གས་སྲུབ་སོགས་ཀྱང་ཅུང་ཡོད་པ་དང་། བཟོ་དབྱིབས་ཧ་ཅང་རྙིང་པ་ཡིན་ཞིང་བཟོ་སྒྲོས་ཀྱང་དེ་ཙམ་ལེགས་རྒྱུ་མེད་པས་མཆོད་རྟེན་ཤིན་ཏུ་རྙིང་པ་ཞིག་ཏུ་སྣང་། ཡིན་ཡང་༢༠༡༤ ལོར་འདིར་འབྱོར་སྐབས་མཆོད་རྟེན་གྱི་བཟོ་དབྱིབས་ཤིན་ཏུ་ལེགས་པར་མ་ཟད། གཞི་དམར་པོ་དང་དེའི་ཐོག་ལ་གསེར་འབུར་གྱིས་བཟོས་པའི་པ་ཊ་དང་མེ་ཏོག སེང་ཁྲིའི་ངོས་ལ་ཕྱོགས་སོ་སོར་གསེར་གྱི་སེང་གེའི་འབུར་གཟུགས་སོགས་དུས་རབས་གསར་བའི་དཔལ་འབྱོར་དང་ལག་ཤེས་ཀྱི་རྒྱུ་རྩལ་དགའ་རབ་མངོན་པས། ངས་དཀོར་གཉེར་ལ། འདི་ལ་གསར་དུ་བཟོ་བཅོས་བྱས་འདུག་ག་ཞེས་བཤད་ཅིང་། དེའི་རྐྱེན་གྱིས་ཕར་བཤད་ཚུར་བཤད་འགའ་རེ་བྱས་ཀྱང་། དཀོན་གཉེར་གཉིས་འདུག་པ་ཁ་གཅིག་གྲག་གིས། མ་མཐའ་ཡང་ལོ་བཅུ་གྲངས་ཤིག་གི་ཡར་སྔོན་ནས་བཟུང་མཆོད་རྟེན་འདི་ལ་བཟོ་བཅོས་གང་ཡང་བྱས་ཡོད་མ་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་འདུག་ཀྱང་། ངས་ཉི་མ་དཀར་དཀར་ལ་མཆོད་རྟེན་རྙིང་པ་དེར་དངོས་སུ་མཇལ་ཞིང་ལག་པས་རེག སྐོར་བ་བྱས། ཐོད་པ་གཏུགས་ཏེ་བྱིན་རླབས་ཞུས་པ་ཡིན་པས་ཁོང་གཉིས་ལ་བདེན་ཁ་སྟེར་ཐབས་མ་བྱུང་མོད། ཕྱིར་ཨ་རིར་སླེབས་ནས་གནས་ཡིག་འདི་ཉིད་འབྲི་བའི་སྐབས་སུ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེས་མཛད་པའི་སྟག་ཚང་རྡོ་རྗེ་གྲོ་ལོད་ཀྱི་དཀར་ཆག་ལས། དེ་མཚུངས་རླངས་ཆེན་དཔལ་གྱི་སེང་གེའི་སྐུ་གདུང་རླན་གཤེར་སོགས་ཀྱིས་ཉམས་ཆག་ཅི་ཆེར་གྱུར་ཡོད་པའི་ཁར། སྐུ་གདུང་མཆོད་རྟེན་ཐིག་ཚད་ཇི་བཞིན་མི་ལྡན་པ་སོགས་ཐུགས་ཀྱིས་མ་བཟོད་པར་ས་གནས་གཞུང་དུ་སྙན་སྒྲོན་སྦྱར་ཏེ་མཆོད་རྟེན་དབྱིབས་བཟོ་ཚད་ལྡན་ལ། པ་ཊ་དང་དང་རྒྱལ་ཆེན་བཞི་སོགས་རི་མོར་བཀོད་ཅིང་། སྔར་ཡོད་ཉི་ཟླའི་ཏོག་ལ་སྐྱིད་བློན་ནས་གནང་བའི་གསེར་ཟངས་ཀྱི་ཆོས་འཁོར་བཅུ་གསུམ་གསར་དུ་བསྐྲུན་ཅིང་། ཆར་ཆུའི་འཇིགས་པ་མི་འབྱུང་བའི་ཆེད་དུ་ཡ་ཕུབ་དང་། རྒྱབ་ངོས་ནས་རྒྱ་གར་ཨར་ས་སི་མན་ཀྲིས་ཞལ་བ་ཞིབ་ཚགས་དང་ཞེས་སོགས། ཕྱི་ལོ་༡༩༧༠སྟག་ཚང་དུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་འདྲ་གསར་བཞེངས་ཞུས་པ་དང་དུས་མཚུངས་སུ། ད་ལྟ་མཇལ་དུ་ཡོད་པའི་མཆོད་རྟེན་འདི་ཉིད་འདི་ལྟར་ཉམས་གསོ་བྱས་ཚུལ་གསུངས་འདུག་པས་གོང་གི་དཀོར་གཉེར་གཉིས་ཀ་བདེན་པར་བྱུང་པ་དང་། ཁོ་བོས་ནི་ཕྱི་ལོ་༢༠༡༡ལོར་སྔར་གྱི་མཆོད་རྟེན་རྙིང་པ་དེ་ཀ་རང་མཇལ་བ་ཡིན་འདུག་པས། མཆོད་རྟེན་འདི་ལ་མཐོང་སྣང་སྣ་ཚོགས་ཡོང་རྒྱུ་ཡོད་པ་མིག་མཐོང་ལག་ཟིན་གྱིས་གྲུབ་པ་བྱུང་།
༈ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཁང་དུ་གཡས་ནས་རིམ་བཞིན་བླ་མ་དགོངས་པ་འདུས་པ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེ། ཚེ་དཔག་མེད། གུ་རུ་རྡོ་རྗེ་གྲོ་ལོད། རྡོ་རྗེ་ཕུར་པ་ཡབ་ཡུལ་རྣམས་ཀྱི་སྐུ་བརྙན་ཆེ་ཞིང་ལེགས་པ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཁྲི་རྒྱབ་ཀྱི་ནོར་བུ་པ་ཊའི་ནང་གུ་རུ་མཚན་བརྒྱད་ཀྱི་སྐུ་བལྟ་ན་སྡུག་པ་དག་བཞུགས་ཤིང་། རྡོ་རྗེ་གྲོ་ལོད་ཀྱི་སྐུ་འདྲ་འདི་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ཕྱི་ལོ་༡༩༧༠ལོར་ཕྱོགས་གང་སར་འབྱུང་བའི་འཇིགས་པ་སོགས་སྣོད་བཅུད་ཀུན་ལ་བཀྲ་མི་ཤིས་པའི་མཚན་མ་མང་དུ་བྱུང་སྐབས། སྣོད་བཅུད་ཀྱི་རྒུད་པ་གསོ་བ་དང་། འབྲུག་གི་བསྟན་སྲིད་སྤྱི་ལ་སྨན་པའི་ཞབས་རིམ་ཅི་དགོས་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་ཐུགས་བརྟག་ཞུས་པར། བདུད་འཇོམས་རིན་པོ་ཆེས། སེང་གེ་རྫོང་དུ་རྡོ་རྗེ་ཕུར་པ་དང་། སྐུ་རྗེས་ལྷ་ཁང་དུ་གུ་རུ་སྣང་སྲིད་ཟིལ་གནོན། སྤ་གྲོ་སྟག་ཚང་དུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་རྣམས་ལ་སོ་སོའི་སྐུ་བརྙན་འབུམ་ཕྲག་རེའི་ཟུང་འཇུག་དང་བཅས་བཞེངས་ན་དུས་ཀྱི་རྒུད་པ་ཟློག་པའི་བཀའ་ཕེབས་པ་བཞིན། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཐུགས་སྲས་གྲུབ་དབང་ཤཱཀྱ་ཤྲཱིའི་དངོས་སློབ་བླ་མ་བསོད་ནམས་བཟང་པོས་རྟེན་བཞེངས་ཀྱི་དོ་དམ་མཛད་ནས་བཞེངས་པ་ཡིན་ཞིང་། ཟུང་འཇུག་ལ་ཡེ་ཤེས་སེམས་དཔའི་རྟེན་དུ་རྒྱལ་ཡུམ་ཆེན་མོ་ཕུན་ཚོགས་ཆོས་སྒྲོན་གྱིས་གནང་བའི་གནམ་ལྕགས་ཀྱི་གཏེར་ཕུར་དང་། གྲོ་ལོད་སྐུ་བརྙན་འབུམ་ཕྲག རིང་བསྲེལ་རྣམ་པ་བཞི་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བ་མང་དུ་བཞུགས་ཡོད་འདུག
ཚེ་དཔག་མེད་ཀྱི་གཡས་ཕྱོགས་སུ་བཞུགས་པའི་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་བརྙན་ཤིན་ཏུ་འབྱོན་ལེགས་པ། ད་ལྟ་རང་གསུང་འབྱོན་ནམ་སྙམ་པ་ཞིག་འདུག་པ་དེ་ནི། ཁོ་བོའི་བྲིས་པའི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་དུ་གསལ་བ་བཞིན། ཕྱི་ལོ་༢༠༡༡ཟླ་༤པའི་ཚེས་༡༨ཉིན། སྙིགས་མའི་མར་གཤམ་དུ་སྐྱེས་པའི་གུ་རུའི་ཆོས་བརྒྱུད་འཛིན་པ་ཞིག་གནས་འདིར་སླེབས་ཏེ། ཕ་གཅིག་ཐུགས་རྗེའི་གཏེར་ཆེན་དེ་ཉིད་རྗེས་སུ་དྲན་པའི་གདུང་ཡུས་དང་བཅས། རབ་ཏུ་དམའ་བའི་ས་ལ་གུས་པས་བསྡད་ནས་ཚིག་བདུན་གསོལ་འདེབས་ཀྱི་བླ་མའི་རྣལ་འབྱོར་བཏོན་སྐབས། གུ་རུ་རིན་པོ་ཆེ་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ་བརྒྱུད་གསུམ་རིག་འཛིན་བླ་མའི་དོན་བརྒྱུད་ཀྱི་རྟོགས་པ་སྙིང་ལ་འཕོས་པའི་སྐུ་བརྙན་བྱིན་ཅན་དེ་ཡིན་སྟབས། མ་འོངས་པར་ཁོ་བོའི་སློབ་བརྒྱུད་འཛིན་པ་རྣམས་ཀྱིས་ནི། སྐུ་བརྙན་འདི་ཉིད་རང་རེའི་མེས་པོ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གུ་རུས་རྗེས་སུ་བཟུང་བའི་སྐུ་བརྙན་ཡིན་ཞེས་གཞན་ལ་ངོ་སྤྲོད་བྱེད་ཆོག་པར་ཡོད་དོ༎
༈ གནས་ཁང་ནི་གནས་བདག་སེང་གེ་བསམ་འགྲུབ་ཀྱི་ལྷ་ཁང་ཡིན་ཞིང་། ལྷ་ཁང་སྟེང་འོག་གཉིས་ཀྱི་སྟེང་མ་ལ་གུ་རུ་རིན་པོ་ཆེ་དང་། སྟོན་པ་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔའ་སོགས་ཀྱི་སྐུ་དང་། འོག་མ་ལ་སེང་གེ་བསམ་འགྲུབ་ཀྱི་སྐུ་འདྲ་འབྱོན་ལེགས་བཞུགས། གནས་བདག་སེང་གེ་བསམ་འགྲུབ་ནི་རྟ་སྔོན་པོ་ལ་བཅིབས་ཤིང་། ཕྱག་གཡས་ན་མདུང་དར་དང་། གཡོན་ན་ནོར་བུ་དང་ཞགས་པ་ཐུགས་ཀར་འཛིན་པ། དབུ་ལ་པད་ཞྭ་མནབས་པ་ཞིག་ཏུ་འདུག་ཅིང་། གསང་ཡུམ་མཚོ་སྨན་ནོར་བུ་རྒྱལ་མོ་ནི། སྐུ་སྨད་སྦྲུལ་མཇུག་ཅན་དང་། ཕྱག་གཡས་ན་མདའ་དར་དང་གཡོན་ན་ནོར་གཞོང་བསྣམས་པ། སྐུ་སྨད་མཚོ་ནང་དུ་གནས་པ་ཞིག་བཞུགས། གནས་ཁང་འདི་ལ་དམིགས་བསལ་གྱིས་རེ་བ་མ་ཞུས་པར་གང་བྱུང་དུ་སྒོ་མི་ཕྱེ་ཞིང་བུད་མེད་རྣམས་ནང་དུ་ཕེབས་མི་ཆོག་པར་འདུག སྐབས་འདིར་དོན་གཉེར་ཅན་རྣམས་ཀྱིས་ཅིས་ཀྱང་ཤེས་དགོས་པ་ཞིག་ལ། གསོལ་འདེབས་ལེའུ་བདུན་མའི་ནང་གི སྟག་ཚང་སེང་གེ་བསམ་གྲུབ་ཀེའུ་ཚང་དུ་ཞེས་པའི་དོན་ཡང་། སྤ་གྲོ་སྟག་ཚང་ཞེས་གནས་བདག་སེང་གེ་བསམ་གྲུབ་ཀྱིས་བདག་ཏུ་བཟུང་བའི་ཀེའུ་ཚང་ངམ་བྲག་ཕུག་ཏུ་ཞེས་པའི་དོན་ཡིན་པར་འདུག་སྟེ། ཁོ་བོས་ཀྱང་འདིར་དངོས་སུ་མ་སླེབས་བར་དུ་དེའི་དོན་མ་རྟོགས་སོ༎
༈ ཚེ་དཔག་མེད་ཀྱི་ལྷ་ཁང་དུ་དཀྱིལ་ལ་ཚེ་དཔག་མེད་དང་། གཡས་སུ་སྒྲོལ་མ། གཡོན་དུ་གཙུག་དོར་རྣམ་རྒྱལ་མ་བཅས་ཚེ་ལྷ་རྣམ་གསུམ་སོགས་བཞུགས།
༈ རྣམ་སྲས་ལྷ་ཁང་དུ་གཙོ་སྐུ་ལ་རྒྱལ་ཆེན་རྣམ་ཐོས་སྲས་དང་། འཁོར་རྣམ་སྲས་རྟ་བདག་བརྒྱད། ལྷ་ཁང་གི་གྱང་རིས་ལ་ཡང་ཨོ་རྒྱན་ནོར་ལྷ་དང་། ཛཾ་ལྷ་རིགས་ལྔ་སོགས་ལྷ་ཁང་འདིར་ནོར་གྱི་ལྷ་ཚོགས་སྣ་ཚོགས་པ་བཞུགས།
༈ གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་དུ་གུ་རུ་མཚན་བརྒྱད་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཆ་གཅིག སངས་རྒྱས་ཚེ་དཔག་མེད། སྟག་ཚང་གི་ལྷ་ཁང་ཐོག་མར་བཞེངས་མཁན་འབྲུག་གི་སྡེ་སྲིད་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་གྱི་སྐུ་འདྲ་སོགས་བཞུགས་ཤིང་། འདིར་གནས་མཇལ་བ་རྣམས་ཀྱིས་དོ་གལ་བྱེད་དགོས་པ་ཞིག་ལ། ལྷ་ཁང་འདིའི་ནང་གི་པང་གཅལ་གྱི་དཀྱིལ་ན་ཤིང་སྒོ་གྲུ་བཞི་མ་དར་གྱིས་བསྡམས་པ་ཞིག་ཡོད་པ། ཆ་མེད་རྣམས་ཀྱིས་གང་ཡིན་མི་ཤེས་ཤིང་དོ་སྣང་ཡང་མི་བྱེད་པར་འགྲོ་ཡང་། དཀོར་གཉེར་ལ་ཞུས་ནས་ཤིང་སྒོ་དེ་ཡར་བཀྱག་ན་དེའི་འོག་ཏུ་ས་དོང་གྲུ་གསུམ་གཏིང་ཟབ་མོ་འཇིགས་རུང་བལྟ་མི་བཟོད་པ་ཞིག་ཡོད་པ། སྔོན་གུ་རུ་རིན་པོ་ཆེས་རྡོ་རྗེ་ཕུར་པ་བསྒྲུབས་པའི་གནས་ཡིན་ཟེར་ཞིང་། གུ་རུས་སྟག་ཚང་སེང་གེར་ཕུར་པའི་སྒྲུབ་པ་མཛད་ཚུལ་ནི་གཏེར་ཁ་དུ་མ་ནས་ཀྱང་བྱུང་ངོ་༎
༈ མཚན་བརྒྱད་ལྷ་ཁང་གི་མདུན་དུ་ཕ་བོང་ཆེན་པོ་ཞིག་འདུག་པར་གུ་རུ་རིན་པོ་ཆེས་གཏེར་སྦས་ཡོད་པས་གཏེར་རྡོ་རུ་གྲགས་ཤིང་། རྡོ་དེའི་ཐོག་ན་ཡེ་ཤེས་ཀྱི་སྤྱན་རང་བྱོན་ངོ་མཚར་བ་དང་། གཏེར་སྒོ་ཡིན་ངེས་སྙམ་པའི་རྟགས་ཡ་མཚན་པ་ཞིག་ཀྱང་འདུག་ཅིང་། དེ་མཚུངས་དཔལ་ཕུག་གི་གཡས་ཕྱོགས་སུ་ཡང་གཏེར་རྡོ་ངོ་མཚར་བ་ཞིག་བཞུགས།
༈ སྟག་ཚང་གི་གཡས་ཕྱོགས་ཀྱི་བྲག་གཡང་མཐོན་པོ་དེ་ནི་སྔོན་གུ་རུ་རིན་པོ་ཆེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཆོས་གནང་ས་ཡིན་ཞིང་། གུ་རུའི་ཤེལ་དཀར་གྱི་ཕྱག་ཕྲེང་ཞིག་ཡེ་ཤེས་མཚོ་རྒྱལ་ལ་གནང་བ་ལས་གནས་དེར་ཤེལ་དཀར་གཟར་ཞེས་ཐོགས། བྲག་གཡང་དེ་ལས་འབབ་པའི་ཆུ་བོ་དེ་མཁའ་འགྲོ་སྟོང་གི་སྒྲུབ་ཆུ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་ཤིང་། སྔོན་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེས་ཀྱང་དགོས་པ་ཁྱད་པར་ཅན་ལ་གཟིགས་ཏེ་སྒྲུབ་ཆུའི་མདུན་ནས་ཆོས་སྐུའི་གཟིགས་སྟངས་ཅན་གྱི་སྐུ་པར་བཀྱོན་ཡོད། སྟག་ཚང་ལྷ་ཁང་ནས་བལྟས་ན་སྒྲུབ་ཆུ་འདི་བྲག་ནག་པོ་བྷ་གའི་དབྱིབས་ཅན་ཞིག་གི་ཁ་ནང་ནས་བརྒྱུད་དེ་འབབ་བཞིན་ཡོད་པས་མཁའ་འགྲོའི་སྒྲུབ་ཆུ་ཟེར་བ་སེམས་ལ་དྲན་ན་དགོད་ཤོར་བ་ཙམ་ཞིག་མཆིས།
༈ ཡང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཡེ་ཤེས་མཚོ་རྒྱལ་ཀྱི་རྣམ་ཐར་བསྟོད་པ་ལས།
སྤ་གྲོ་སྟག་ཚང་ཟབ་ལམ་བརྟུལ་ཞུགས་སྤྱོད༎
སྒོ་གསུམ་བདེ་ཆེན་རྡོ་རྗེ་གསུམ་དུ་གྱུར༎
བཅུ་དྲུག་ལང་ཚོས་སྒེག་པའི་གཟི་བྱིན་འབར༎
དཔལ་མོ་ཧེ་རུ་ཀ་ལ་གསོལ་བ་འདེབས༎ ཞེས་གསུངས་པ་བཞིན་ཤེལ་དཀར་གཟར་གྱི་གཡོན་ཕྱོགས་སུ་གུ་རུ་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་སྒྲུབ་པ་མཛད་སའི་སྒྲུབ་ཕུག་ཆུང་ངུ་གཅིག་ཡོད་པ་དེ་ལ་སེང་གེ་ཕུག་ཅེས་ཟེར་ཞིང་། ད་སྐབས་ལྷ་ཁང་ཆུང་ངུ་ཞིག་ཀྱང་ཡོད་པ་དང་རྡོ་རྐས་གཟར་པོ་ཞིག་ལ་འཛེགས་ནས་འགྲོ་དགོས། རྡོ་སྐས་ཀྱི་འགྲམ་དུ་ལྕགས་ལེབ་ཀྱི་སྦྱར་བྱང་ཞིག་ལ་སེང་གེ་ཕུག་གི་ངོ་སྤྲོད་མདོར་བསྡུས་ཤིག་མཆིས་ཤིང་། འབྲུག་པ་རྣམས་ཀྱིས་ནི་སེང་གེ་ཕུག་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཅེས་འབོད་པར་སྣང་། སེང་གེ་ཕུག་གི་ལྷ་ཁང་ནང་དུ་མཁའ་འགྲོའི་ཞབས་རྗེས་དང་། ཚོན་སེར་པོས་རྟགས་བརྒྱབ་པའི་གཏེར་སྒོ་ངོ་མཚར་བ་ཞིག་ཀྱང་མཇལ་རྒྱུ་ཡོད་པས་གནས་འཇལ་བ་རྣམས་ཀྱིས་འདི་ཉིད་མཇལ་རྒྱུ་མ་ཆད་པ་བྱེད་དགོས།
གཞན་ཡང་གནས་འདིར་ཕྱག་ཞབས་ཀྱི་རྗེས་དང་གཏེར་གནས་དུ་མ། རང་བྱོན་སྣ་ཚོགས་དང་རྩ་ཆེ་བའི་སྨན་ཤིང་མེ་ཏོག་གི་རིགས། དམ་པ་དུ་མའི་སྒྲུབ་གནས་དང་སྒྲུབ་ཆུ་སོགས་ཤིན་ཏུ་མང་བ་ཡོད་ངེས་སུ་འདུག་ཀྱང་རེ་ཞིག་འདི་ཙམ་ཞིག་ལས་འབྲི་བར་མ་སྤོབས་མོད། སླད་ནས་མཁས་པ་གཞན་དག་དང་། སྤ་གྲོའི་གནས་ལ་ས་རྒྱུས་ཆུ་རྒྱུས་ཆེ་བ་རྣམས་གྱིས་བྲིས་པའི་གནས་ཡིག་ལོ་རྒྱུས་འདྲ་རྙེད་ན་འདིར་ཁ་སྐོང་བར་བྱ་ཞིང་། དེར་མ་ཟད་ཕྱིས་སུ་ཡང་གནས་མཆོག་འདི་མཇལ་བར་ཡང་ཡང་བསྐྱོད་རྩིས་ཡོད་པས། རྗེས་ཀྱི་མཐོང་ཐོས་རྣམས་སླད་ནས་འབྲི་བར་བྱའོ༎
སྤྱིར་སྟག་ཚང་དཔལ་ཕུག་ཡོད་སའི་བྲག་རི་འདི་ཁྲོ་བོ་སྤྱན་གསུམ་པ། ཞལ་གདངས་པ། ཤངས་གཉེར་བ། མཆེ་བ་གཙིགས་པ། དབུ་སྐྲ་གཟེངས་པ་ཞིག་གི་དབྱིབས་ཇི་མ་ཇི་བཞིན་འདུག་པས་ཤིན་ཏུ་ངོ་མཚར་ཞིང་། ཁྱད་པར་དཔལ་ཕུག་གི་སྒོ་ཁང་དུ་བཤམས་ཡོད་པའི་སྟག་ཚང་གི་གནས་ཀྱི་པར་རིས་རྙིང་པ་དེ་ལ་བལྟས་ན་རང་བྱུང་རང་ཤར་གྱིས་ཁྲོ་ཞལ་མངོན་སུམ་དུ་དོད་འདུག་པས། ཁོ་བོས་ཀྱང་ཐོག་མར་པར་རིས་འདི་བཟོས་མ་ཞིག་ཡིན་ངེས་སྙམ་པ་བྱུང་མོད། ཡ་མཚན་པ་ཞིག་ལ་ཁོ་བོ་རང་གིས་རྒྱང་རིང་པོ་ནས་བཏབ་པའི་པར་ཞིག་གི་ནང་དུ་ཁྲོ་ཞལ་དེ་ཀ་རང་བཅས་བཅོས་མེད་དོད་འདུག་པས། སྟག་ཚང་གི་མདུན་ཀྱི་གཡོན་ཕྱོགས་གམ། དེ་བས་ཀྱང་མདུན་ངོས་གཡོན་ཕྱོགས་ཀྱི་མཐོ་ས་ནས་བལྟས་ན་ཁྲོ་ཞལ་དེ་མངོན་སུམ་གྱི་མིག་ལ་མཐོང་ངེས་སུ་འདུག འོན་ཀྱང་དེ་ལ་ཁྲོ་ཞལ་མི་ཟེར་བར་སེང་གེའི་གདོང་པ་ཟེར་དགོས་པ་འདྲ་སྟེ། རྒྱལ་པོ་བཀའ་ཡི་ཐང་ཡིག་ལས། དེ་ནས་ཡང་དག་བཤད་བྱ་བ༔ སྤ་གྲོ་རྫོང་གི་ཕུག་ན་བྲག་དཀར་པོ་སེང་གེ་གནམ་དུ་མཆོང་པ་འདྲ་བའི་སྡེར་མོ་གཡས་པ་ལ་ཞེས་སོགས་དང་། བདུད་འཇོམས་གཏེར་བྱོན་ཡང་གསང་ཐུགས་ཀྱི་ཐིག་ལེའི་ལོ་རྒྱུས་ལས།
རྒྱས་པ་བདེ་གཤེགས་ཡོངས་འདུས་སྐོར༔
སྐུ་ཚབ་ཡིད་བཞིན་དཔལ་འབར་དང་༔
མྱོང་གྲོལ་བདེ་ཆེན་རིལ་བུ་བཅས༔
མོན་གྱི་སྟག་ཚང་དཔལ་ཕུག་གི༔
སྒོ་གདོང་སེང་གེ་འདྲ་བའི་མགུལ༔
རྡོ་རྗེའི་ཀེའུ་ཚང་སུལ་དུ་གཏམས་ཞེས་གསུངས་ཤིང་། གཏེར་ཁ་གཞན་ལས་ཀྱང་སྤ་གྲོའི་ལུང་པའི་ཕུག་ན་བྲག་དཀར་པོ་སེང་གེ་གནམ་དུ་མཆོངས་པ་འདྲ་བ་ཞེས་བྱུང་ངོ་༎
དེ་ལྟར་གུ་རུའི་སྒྲུབ་གནས་དང་གཏེར་གནས་ཀུན་གྱི་རྒྱལ་པོ་ལྟ་བུ་ངོ་མཚར་རྨད་དུ་བྱུང་བའི་གནས་མཆོག་འདིར། སྔོན་ནས་ད་བར་ཆོས་མེད་ཀྱི་ཀླ་ཀློ་དང་། དམག་དཔུང་གིས་ལམ་སྣེ་ཁྲིད་པའི་གྲུབ་མཐའ་གསར་སྤེལ་གང་གིས་ཀྱང་དབང་བསྒྱུར་མ་ཐུབ་པའི་དྲིན་གྱིས། གོང་དུ་སྨྲོས་ཟིན་ལྟར་ཐོག་མར་སློབ་དཔོན་རིན་པོ་ཆེ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་བཅས་གུ་རུ་ཡབ་ཡུམ་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་། སློབ་དཔོན་ཆེན་པོས་བདུད་འདུལ་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ཏེ་མོན་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་འོག་ཏུ་བཅུག རྩ་བའི་གནས་དང་ཉེ་བའི་གནས་རྣམས་སུ་གཏེར་ཁ་དཔག་ཏུ་མེད་པ་སྦས། མ་འོངས་པར་གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ནུས་པའི་རྡོ་རྗེའི་གནས་ཆེན་དུ་བྱིན་གྱིས་བརླབས་པ་ནས་བཟུང་། གུ་རུའི་སློབ་བརྒྱུད་དང་ཆོས་བརྒྱུད་འཛིན་པའི་མཁས་པའི་དབང་པོ། གྲུབ་པའི་ཁྱུ་མཆོག ཟབ་པ་ས་གཏེར་དང་རྒྱས་པ་དགོངས་གཏེར་གྱི་བདག་པོ་རྣམས། གུ་ཡངས་བག་ཕེབས་ཀྱི་ངང་གནས་འདིར་བར་མ་ཆད་དུ་བྱོན་པས། ཤིན་ཏུ་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་འདིར་ནི་ད་ལྟའི་བར་དུ་མཁས་གྲུབ་གསེར་རིའི་ཕྲེང་བ་དག་གི་ཞབས་རྗེས་ཀྱི་རི་མོའི་རྒྱུན་ཆད་མ་མྱོང་བ་ཡིན་ནོ༎
དེ་ཡང་གུ་རུའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ནང་ཚན་རླངས་ཆེན་དཔལ་གྱི་སེང་གེ་གནས་འདིར་བྱོན་ནས་གྲུབ་པ་བརྙེས་པའི་ཚུལ་སོགས་ནི་གོང་ཏུ་མདོ་ཙམ་སྨྲོས་ཟིན་ཅིང་། གཞན་ཡང་སྔོན་དང་ད་ལྟའི་གཏེར་སྟོན་ཆེན་པོ་རྣམས་དང་། དམ་པ་དུ་མས་གནས་མཆོག་འདི་ནས་ཟབ་གཏེར་བཞེས་ཚུལ་དང་། སྒྲུབ་པ་མཛད་ཚུལ་འགའ་ཞིག་ཕྱོགས་ཙམ་བརྗོད་ན།
ཐང་ཡིག་ལས།
དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔
ཡར་འབྲོག་མཚོ་གླིང་དགུ་ལ་དམར་སྒར་འབྱུང་༔
སྟག་ཚང་ནང་དུ་གཙང་པ་གསུམ་གཉིས་འཆི༔
རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔
མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔
ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་ཞེས་གསུངས་པའི་ཨོ་རྒྱན་བསྟན་གཉིས་གླིང་པའམ་པདྨ་ཚེ་དབང་རྒྱལ་པོས་སྤ་གྲོ་སྟག་ཚང་ནས་ཟབ་གཏེར་བཞེས་ཚུལ་ནི། གུ་རུ་བཀྲ་ཤིས་ཀྱི་ཆོས་འབྱུང་ཆེན་མོའི་བསྟན་གཉིས་གླིང་པའི་རྣམ་ཐར་ལས། སྤ་གྲོ་སྟག་ཚང་ནས་སྔོན་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱིས་ཡང་གཏེར་དུ་སྦས་པའི་ཤོག་སེར་ལ་ལ་ཤོག་དྲིལ་དང་། ལ་ལ་པུསྟིར་ཡོད་པ་འགའ་གདན་དྲངས་ཞེས་དང་།
དེ་བཞིན་གཏེར་སྟོན་སར་བན་ཕྱོགས་མེད་ཀྱིས་སྤ་གྲོ་ནས་གཏེར་བཞེས་ཚུལ་ཀྱང་གོང་གི་ཆོས་འབྱུང་ལས། གཏེར་སྟོན་འདི་འཁྲུངས་ཡུལ་མོན་སྤ་གྲོ་བ་ཡིན། འདིས་འཇམ་དཔལ་གྱི་ཆོས་སྐོར་ཆ་ལག་ཚང་བ་སྤ་གྲོ་སྟག་ཚང་ནས་གཏེར་བཞེས་ཏེ་དེང་སང་གི་བར་དུ་དར་རྒྱས་ཆེ་ཞེས་གསུངས་ཏེ། འདིའི་གཏེར་གཞུང་གི་རྩ་བ་དངོས་ད་བར་མ་མཇལ་ཡང་། འཇམ་དཔལ་རྫོགས་པ་ཆེན་པོའི་ཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་བསྒྲིགས་སྣང་སྟོང་འོད་ལྔའི་རྒྱ་ཅན་གོང་ས་ལྔ་པ་ཆེན་པོས་མཛད་པ་ད་སྐབས་རིན་ཆེན་གཏེར་མཛོད་དུ་བཞུགས།
ཡང་གོང་གི་ཆོས་འབྱུང་ལས། མངའ་བདག་མོན་མི་འཁྱིལ་ནི། ལྷོ་རྒྱུད་དུ་བྱོན། སྤ་གྲོ་སྟག་ཚང་ནས་རྟ་མགྲིན་དཔའ་བོ་གཅིག་སྒྲུབ་ཀྱི་སྐོར་དང་། རྒྱལ་པོ་སྲོག་གི་འཁོར་ལོ། པེ་དཀར་རང་གནད་འབེབས་པའི་གདམས་པ་དང་། དྲེགས་པ་གནད་ལ་འབེབས་པའི་གདམས་སྐོར་རྣམས་སྤྱན་དྲངས་ཞེས་གསུངས་ཏེ། འདིའི་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་དང་། རྒྱལ་པོ་སྲོག་གི་འཁོར་ལོའི་ལག་ལེན་གྱི་རིམ་པ་བཅས་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཉེ་བརྒྱུད་ཅན་ད་ལྟ་རིན་ཆེན་གཏེར་མཛོད་དུ་བཞུགས།
དེ་བཞིན་པདྨ་གླིང་པའི་ཐུགས་སྲས་འགྲོ་འདུལ་ལས་འཕྲོ་གླིང་པས་ཀྱང་སྤ་གྲོ་ནས་ཟབ་གཏེར་བཞེས་མང་དུ་བཞེས་ཤིང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀྱང་སྤ་གྲོ་སྟག་ཚང་དུ་བྱོན་ནས་སྒྲུབ་པ་མཛད་པ་དང་ཟབ་གཏེར་བཞེས་པའི་ཚུལ་ནི། ལ་སྟོད་བྱང་པ་ཤེས་རབ་དཔལ་ལྡན་གྱིས་མཛད་པའི་ཐང་རྒྱལ་རྣམ་ཐར་རྗེ་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པའི་རྣམ་པར་ཐར་བ་ངོ་མཚར་རྒྱ་མཚོ་ལས། ལྷོ་ཕྱོགས་མོན་ཀྱི་པ་གྲོ་༼ སྤ་གྲོ་༽ལ་བྱོན། མོན་ཡུལ་ནམ་མཁའ་རྫོང་དང་། སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་། དུར་ཁྲོད་རྔམ་པ་སྒྲ་སྒྲོག་ཅེས་བྱ་བ། ཆུ་རྔམ་སྐད་འབྱིན་ཅིང་། བྱ་རྣམས་ཧཱུྂ་སྐད་སྒྲོག་པ་དེར། ཤིང་སྡོང་གི་ཕུག་པར། ཉིན་མོ་མི་རྣམས་ཚོགས་འཁོར་ལ་འདུས་པས་སྟོང་ཕྲག་དུ་མ་འདུས་པས་ཤོང་། གཅིག་ལས་མེད་ཀྱང་ཉམས་དགའ། མཚན་མོ་རེ་དང་། འདྲེ་སྲིན་མང་པོ་འདུ་བ་དེར་ཞག་ལྔ་བཞུགས། འབྱུང་པོ་རྣམས་པ་ཆོས་འབྲེལ་མཛད། བཀའ་བཞིན་སྒྲུབ་པར་ཁས་བླངས་ཞེས་དང་།
མོན་པ་བདེ་བ་བཟང་པོས་མཛད་པའི་བླ་མ་ཐང་སྟོང་རྒྱལ་པོའི་རྣམ་ཐར་གསལ་བའི་སྒྲོན་མེའི་ལེའུ་རེ་གཅིག་པ་ལས། གྲུབ་ཐོབ་ཆེན་པོ་དཔོན་སློབ་རྣམས་ཀྱིས་མོན་སྤ་གྲོ་ལ་བྱོན། ཨུ་རྒྱན་པདྨ་འབྱུང་གནས་ཀྱི་སྒྲུབ་གནས། སྟག་ཚང་སེང་གེ་བསམ་འགྲུབ་ཏུ་བཞུགས། ཕུར་པའི་སྒྲུབ་མཆོད་མཛད། དཔལ་རྡོ་རྗེ་གཞོན་ནུས་གཙོ་བོ་མཛད་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཞལ་གཟིགས། སྟག་ཚང་ཉི་ཟླ་ཟུང་འབྲེལ་གྱི་གནས་བདག ཀླུ་བདུད་མགོ་དགུ་དེ་ན་རེ། གྲུབ་ཐོབ་ཆེན་པོ་ལགས། ཁྱད་པར་གྱི་ཆོས་སྐལ་ཨུ་རྒྱན་ཆེན་པོས་བཞག་ཡོད་པ་ཆོས་གཏེར་ཟབ་མོ་འདོན་པར་ཞུ་ཟེར་བ་དང་། སྟག་ཚང་གི་བྲག་ལོགས་དེ་ནས་ཆོས་གཏེར་ཤོག་རིལ་འདོམ་བཅུ་ཡོད་པའི་མན་ངག་འཕྲུལ་གྱི་ལྡེའུ་མིག མདོ་སྔགས་ཐམས་ཅད་ཀྱི་ཟབ་དོན་རང་གི་ཆོས་སྐལ་དུ་འདུག་པ་དེ་གཏེར་ནས་བཏོན་པ་ཞེས་གསུངས་སོ༎
གཞན་ཡང་བླ་མ་ཕ་ཇོ་འབྲུག་སྒོམ་ཞིག་པོ་ཡང་གནས་འདིར་ཕེབས་ནས་སྒྲུབ་པ་མཛད་པ་དང་། དེ་རྗེས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་པུ་ན་ཁ་རུ་བཞུགས་དུས་གནས་བདག་ཆོས་སྐྱོང་གིས་གདན་འདྲེན་ཞུས་པ་བཞིན་ཕྱི་ལོ་༡༦༤༥ ལོར་གནས་འདིར་ཕེབས་ཏེ་སྨོན་ལམ་དང་། ཚེ་དཔག་མེད་ཀྱི་གསུངས་ཆོས་བདུན་ཕྲག་གཅིག་གི་རིང་གནང་བ་སོགས་ཀྱི་མཛད་ཕྲིན་བསྐྱངས་པ་ལས། དེང་སང་གི་བར་འབྲུག་ཟླ་ ༥ པའི་ནང་བདུན་ཕྲག་གཅིག་གི་རིང་སྟག་ཚང་དུས་སྟོན་ཟེར་བ་གཞུང་གྲྭའི་གྲྭ་ཚང་གིས་སྤེལ་སྲོལ་ཡོད་འདུག
དུས་ཕྱིས་སུ་ཡང་། སྙིགས་མའི་དུས་འདིར་ཨོ་རྒྱན་དངོས་སྣང་ཁྲག་འཐུང་བདུད་འཇོམས་གླིང་པའི་ཡང་སྲིད་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། ༧གོང་ས་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ་དང་། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཡང་སྲིད་༧དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ་ལས་རབ་གླིང་པའི་ཡང་སྲིད་༧ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་རྣམས་ཀྱིས་ཀྱང་སྤ་གྲོ་སྟག་ཚང་ནས་ཟབ་གཏེར་གྱི་སྒོ་དུ་མ་ཕྱེས་པ་ཡིན་ཏེ།
བདུད་འཇོམས་གཏེར་བྱོན་ཕུར་པ་སྤུ་གྲི་རེག་ཕུང་གི་རྩ་བ་ལས། ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཁྲུམ་སྟོད་ཀྱི་ཉ་བར་མོན་སྤ་གྲོ་སྟག་ཚང་སེང་གེ་ཕུག་ཏུ་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས་ཤིག རྨི་ལམ་དུ་མཚོ་རྒྱལ་ཡིན་སྐད་བུ་མོ་རྒྱན་བཟང་མ་ཞིག་གིས་ལྕགས་ཀྱི་ཕུར་པ་མཐོ་གང་ཙམ་པ་ཤིན་ཏུ་སྒྲོས་གཙང་ཞིག་གཏད་ནས། འདི་གུ་རུ་རིན་པོ་ཆེ་གནས་འདིར་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་དུས་སྡེ་བརྒྱད་དམ་ལ་བཏག་ཅིང་རྒྱལ་བསེན་ཚར་གཅོད་བྱེད་ཀྱི་ཕྱག་མཚན་ངོ་མ་དེ་རེད། ཕྱིས་གུང་ཐང་ལ་ཁར་ཕེབས་སྐྱེལ་གྱི་དུས་སུ་ཁོ་མོར་གནང་བ་ཡིན། ད་ལམ་ཁྱེད་ལ་སྦྱིན་པ་ཡིན་གྱིས་སྙིང་ནོར་དུ་ཆོངས་ཞེས་རུམ་དུ་བཅུག་བྱུང་བར། དགའ་ཆེས་པས་ཕྱག་ནས་བཙན་ཐབས་སུ་འཕྲོག་སྟེ། ཐོག་མར་དབང་ཞིག་ལེན་དགོས་སྙམ་སྤྱི་བོ་དང་མགྲིན་པར་གཏུགས། སྙིང་ཁར་རེག་མ་ཐག་ཕྱག་མཚན་ཕུར་པ་དང་རང་ལུས་དབྱེར་མེད་དུ་འདྲེས་ནས་ཁོག་སྟོད་ད་ལྟའི་ལུས་འདི་རང་ལ་ཁོག་སྨད་ལྕགས་ཕུར་མེ་ཡི་ཚྭ་ཚྭ་འཕྲོ་བར་གྱུར་ཏེ། ངག་ནས་ཀཱི་ལ་ཡ་སྒྲོགས་པས་ས་ཀུན་གཡོ་བ་སྙམ་བྱེད། དེར་བུ་མོ་དེས། འོ་དབང་དང་བྱིན་རླབས་དངོས་གནས་དེ་རེད། རྒྱུད་ལུང་མན་ངག་གཅིག་དྲིལ་གྱི་གཏེར་མཛོད་དེ་ཡིན། འདི་ཡལ་བར་མ་དོར་ན་དགོས་པ་ཆེན་པོ་ཡོད། སྔོན་དུས་གུ་རུ་རིན་པོ་ཆེའི་དྲུང་ནས་དབང་དང་གདམས་ངག་བཀའ་རྫོགས་ལུང་རྫོགས་སུ་ཞུས་པ་ཨེ་དྲན་ཟེར་ཞིང་ལག་ནས་འཐེན་བྱུང་བས་གཉིད་སད། དེ་འཕྲལ་སྔར་གྱི་བགས་ཆགས་མང་པོ་འལ་འོལ་དྲན་ཅིང་། ཁྱད་པར་ཕུར་བའི་ཆོས་སྐོར་བཀྲ་ལམ་གྱིས་ཡིད་ངོར་གསལ་བ་བྱུང་སྟེ། རིག་པའི་ཀློང་ནས་གང་བརྡོལ་བརྡ་ཐད་ཀར་བསྒྱུར་ན་གཏེར་སྟོན་གོང་མ་གཉིས་ཀྱི་ཆོས་སྐོར་ལས་ཀྱང་རྒྱས་ཤིང་། མན་ངག་ཕྲིན་ལས་ལས་ཚོགས་ཀྱི་རིམ་པ་སྔར་མ་གྲགས་པའང་ཇི་སྙེད་ཅིག་སྣང་མོད་ཀྱི་ཞེས་སོགས་དང་།
ཡང་བྱ་བྲལ་སངས་རྒྱས་རྡོ་རྗེས་བསྐུལ་ངོར་རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་དབང་ཆོག་ཕྲིན་ལས་བཅུད་ཐིག་རྗེ་ཉིད་ཀྱིས་མཛད་པ་ལས། བིདྱཏྟོ་མ་ལ་འབུམ་སྡེའི་ཡང་སྙིང་དྲག་སྔགས་སྤུ་གྲིར་འབྲེལ་བ། རྣོ་ལ་ཚན་ཆེ་བ། སློབ་དཔོན་རྣམ་པ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་ནས་ཁ་ཚང་དོན་འདྲིལ་དུ་གདམས་པ། ཟབ་དོན་ཐུགས་ཀྱི་ཉིང་ཁུ་སྤུ་གྲི་རེག་ཕུང་གི་ཆོས་སྐོར་འདི་ཉིད་གཞན་གང་ལའང་མ་སྤེལ་བར། ལྷོ་ནུབ་སྲིན་ཡུལ་དུ་ཕེབས་པའི་གཤེགས་སྐྱེལ་ལ་མཚོ་རྒྱལ་དཔོན་སློབ་གསུམ་བྱོན་པའི་སྐབས་སུ། ཕུར་བའི་བཀའ་བབས་ཚེ་རབས་ཀྱི་ལས་ཅན། གཏན་གྱི་གཟུངས་མར་དགོངས་ནས་སྐྱེལ་ལན་གྱི་ཚུལ་དུ་མཁར་ཆེན་བཟའ་ཁོ་ན་ལ་མནོག་ཆོས་གཅིག་བརྒྱུད་དུ་གནང་། དེས་ཀྱང་ཆེས་ཆེར་སྙིགས་མའི་མཐར་ཐུག་པའི་གདུལ་བྱ་ལ་དགོངས་ཏེ་སུ་ལའང་མ་སྤེལ་བར་ལས་ཅན་སྨོན་ལམ་ལ་དབང་བའི་སྐྱེས་བུ་གཅིག་གི་སྙིང་ལ་བཀའ་རྒྱས་བཏབ་སྟེ་མི་སྣང་བར་སྦས་པ་ལས། དེང་དུས་གུ་རུ་ཡབ་ཡུམ་གྱི་ཐུགས་རྗེ་འགོག་པ་མེད་པའི་མཐུ་ལས། རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྨི་ལམ་དག་པའི་སྣང་ངོར་མཁའ་འགྲོ་མཚོ་རྒྱལ་མས་རྗེས་སུ་བཟུང་བའི་གསལ་སྣང་ལ་བརྟེན་ནས་ཟབ་མོ་དགོངས་པའི་གཏེར་ཁ་ཤུགས་འབྱུང་དུ་བརྡོལ་ཏེ་གཏན་ལ་ཕབ་པའི་ཟབ་ཆོས་ཏེ། བཀའ་གཏེར་རྡོ་རྗེ་ཕུར་བའི་ལམ་སྲོལ་རིང་བརྒྱུད་ཀྱི་ཆུ་བོ་འདུས་པ། ཉེ་བརྒྱུད་ཀྱི་དྲོད་ཚད་ལྡན་པ། བཀའ་བབས་ཀྱི་བྱིན་རླབས་ཆེ་བ། ཕྲིན་ལས་ཀྱི་ཚན་ཁ་འབར་བ། རྟེན་འབྲེལ་གྱི་སརྒྷ་མ་ལོག་པ་འདི་ཉིད་ཞེས་སོགས་གསུངས་པ་དང་། དེའི་སྐབས་ཀྱི་གཏེར་ཡུམ་ཡང་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་སྐྱེད་ཡུམ་མཁའ་འགྲོ་རིན་པོ་ཆེ་ཚེ་བརྟན་གཡུ་སྒྲོན་ཡིན་པར་གསུངས་སོ༎
ཡང་གོང་དུ་གསལ་བ་ལྟར་བདུད་འཇོམས་རིན་པོ་ཆེ་དགུང་ལོ་སུམ་ཅུ་རྩ་བཞིའི་ཐོག སྤ་གྲོ་སྐུ་ཕྱོགས་ཟེར་བས་སྦྱིན་བདག་མཛད་ནས་སྟག་ཚང་དུ་སྐུ་གོང་མའི་གཏེར་བྱོན་ཕུར་པ་གནམ་ལྕགས་སྤུ་གྲིའི་སྨན་སྒྲུབ་གནང་སྐབས་བདུད་རྩི་ཁོལ་པ་དང་། གདུང་སྲས་རིན་པོ་ཆེ་དགུང་ལོ་དྲུག་ལོན་པ་དེས་ཕྱི་ལོག་ནས་མགྲོན་པོ་མང་པོ་སླེབས་སོང་ཞེས་འུར་མཛད་ཏེ་མི་རྣམས་ཕྱིར་ཐོན་དགོས་པ་གནང་ཞིང་། དེར་སྐད་ཆ་དྲིས་པས་མགྲོན་པོ་རྣམས་ལམ་ནང་ནས་ཡོང་གིན་མི་འདུག ནམ་མཁའི་ཁམས་ནས་མར་བབས་ཡོང་གིན་འདུག་ཅེས་ཡེ་ཤེས་ཀྱི་ལྷ་ཚོགས་དངོས་སུ་ཕེབས་པའི་གཟིགས་སྣང་བྱུང་བ་གྲགས་ཆེ་བར་ཡོད།
གཞན་ཡང་བདུད་འཇོམས་གཏེར་བྱོན་ཡང་གསང་ཐུགས་ཀྱི་ཐིག་ལེའི་ལོ་རྒྱུས་ལས།
ཀུན་གྱི་སྙིང་པོའི་ཞུན་ཐིག་ནི༔
ཡང་གསང་འདུས་པ་རྩ་བའི་སྐོར༔
ཐུགས་ཀྱི་ཐིག་ལེ་དྭངས་མའི་བཅུད༔
ཕྱི་རོལ་དངོས་པོའི་ས་གཏེར་དུ༔
སྦ་ཞིང་འཇོག་པར་བློས་མ་ཐོངས༔
ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔
དགོངས་ཀློང་དབྱིངས་ཀྱི་སྒྲོམ་བུར་སྦས༔
ཡེ་ཤེས་རིག་པའི་གཟུངས་སུ་གཏམས༔ ཞེས་གསུངས་པ་བཞིན། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པ། ཡང་གསང་ཐུགས་ཀྱི་ཐིག་ལེའི་རྡོ་རྗེ་གྲོ་ལོད་ཀྱི་ཆོས་སྐོར་རྣམས་ལ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་ཡང་དག་པའོ་ཞེས་པ་ཙམ་ལས། གནས་གང་དུ་དགོངས་པའི་གཏེར་ལས་ཕབ་པའི་གསལ་ཁ་མ་བྱུང་ཡང་། དགོངས་གཏེར་དེ་དག་གཏན་ལ་ཕབ་པའི་གནས་ཀྱང་སྟག་ཚང་སེང་གེ་འདི་ཉིད་ཡིན་པར་རྒྱུས་ཡོད་ཀྱི་དམ་པ་རྣམས་གསུངས་ཤིང་། ཕྱིས་སུ་བདུད་འཇོམས་རྣམ་ཐར་རྒྱས་པར་དེའི་སྐོར་བཞུགས་པ་མཇལ་ན་འདིར་འཛུད་པས་ཆོག་གོ།
དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་གནས་འདི་ནས་ཟབ་གཏེར་བཞེས་པའི་ཚུལ་ནི། དིལ་མཁྱེན་དགོངས་གཏེར་རང་བྱུང་པདྨའི་སྙིང་ཐིག་གི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་གདུག་ཅན་མཐར་བྱེད་རྡོ་རྗེའི་གོ་ཆ་ལས།
རྩ་རླུང་ཐིག་ལེའི་ལང་ཚོ་སྨིན་པ་ཡིས༎
མགོ་སྐྱེས་ཙམ་པ་ཀ་ཡི་ཐོད་བཅིངས་པ༎
པདྨ་གར་དབང་མདོ་སྔགས་གླིང་པའི་སྡེས༎
རིག་རྩལ་ཡེ་ཤེས་ཆོས་གཏེར་སྤྲོ་བའི་གནས༎
གངས་ཅན་སྐྱབས་གཅིག་མཚོ་སྐྱེས་རྒྱལ་བའི་དབང་༎
འཆོལ་བའི་ཁྲོ་རྒྱལ་སྐུར་བཞེངས་རྡོ་རྗེའི་བྲག།
སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་ནས༎
གཏན་ལ་ཕབ་འདིས་ཞེས་གསུངས་པ་དང་།
ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་སྟག་ཚང་ནས་ཟབ་གཏེར་བཞེས་ཚུལ་ཡང་། དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་ཁྱེར་ཕྲིན་ལས་ཀུན་འགྲུབ་ལས།
ཤཱཀྱའི་དགེ་སློང་ལེགས་བཤད་བཟང་པོ་ངས།།
ཤེས་རབ་ཚུལ་ཁྲིམས་གཙང་མའི་རྒྱན་འཆང་ནས༎
བསྟན་འགྲོའི་དོན་ཆེན་བསྒྲུབ་པར་བྱ་བ་ལས༎
སྦས་དོན་ཟབ་མོ་སྙིང་ལ་སྦ་སྙམ་ཡང་༎
པདྨའི་བདེན་ཚིག་སྨོན་ལམ་མཐུ་བཙན་པས།།
གསང་ཚིག་ཁ་ཤས་ངག་གི་ལམ་ནས་ཐལ༎
ཟབ་པ་ས་གཏེར་རྒྱས་པ་དགོངས་གཏེར་གྱི༎
ཆོས་མཛོད་དུ་མའི་བདག་པོར་གྱུར་ཟིན་ཀྱང་༎
ཟབ་ཆོས་སྤེལ་བའི་སྣོད་ལྡན་རྙེད་དཀའ་བས༎
སྨྲ་བ་མང་པོའི་སྤྲོས་པ་བསྐྱུང་བར་བྱ༎
མ་འོངས་རྡོ་རྗེ་ཐོགས་མེད་རྩལ་ཞེས་པས༎
ཆོས་འདི་བཏོན་ནས་བསྟན་འགྲོར་སྨན་པར་ཤོག། ཅེས་ཉམས་མཚར་དུ་སྨྲས་སོ༎ ཞེས་པ་འདི་ནི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་བདུད་དང་དམ་སྲི་མ་ལུས་པ་བཏུལ་བའི་གནས་མཆོག་འབྲུག་སྟག་ཚང་དཔལ་ཕུག་ཏུ་ཐོན་སྐབས། ཟབ་པ་སའི་གཏེར་ཁ་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཀྱི་སྒྲུབ་སྐོར་རྒྱས་པ་ལས། ལུས་དཀྱིལ་སྙིང་པོ་ཙམ་མཁའ་འགྲོས་བརྡ་ཡིས་བསྐུལ་བ་དོན་ཡོད་པར་བྱ་ཕྱིར་ཡི་གེར་སྤེལ་བསྟན་འགྲོའི་རྒུད་པ་མ་ལུས་པ་འཇོམས་པའི་རྒྱུར་གྱུར་ཅིག་ཅེས་གསུངས་ཤིང་། འདིར་གསལ་བའི་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཞེས་པ་ནི་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གཏེར་བྱོན་ཡང་གསང་ཐུགས་ཀྱི་ཐིག་ལེའི་ལོ་རྒྱུས་ལུང་གི་བྱང་བུ་ལས།
དངོས་ཀྱི་གདུལ་བྱས་གོ་ཕྱེས་ཏེ༔
བརྒྱུད་ནས་མ་འོངས་ལན་ཅན་དོན༔
སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཚུལ༔
མང་དུ་བསྟན་ཅིང་སོ་སོར་སྦས༔
དེ་དག་ཀུན་གྱི་སྙིང་པོའི་བཅུད༔
རྩ་གསུམ་ཐུགས་ཀྱི་སྒྲུབ་པའི་སྐོར༔
ཟབ་རྒྱས་ཁ་ཚང་དོན་འདྲིལ་བར༔
འབྲོག་ཅན་ལོ་ཙཱར་བརྩེ་བས་གདམས༔
རྒྱས་བསྡུས་སྐོར་ཚོ་བཞི་རུ་ཕྱེས༔
རྒྱས་པ་བདེ་གཤེགས་ཡོངས་འདུས་སྐོར༔
སྐུ་ཚབ་ཡིད་བཞིན་དཔལ་འབར་དང་༔
མྱོང་གྲོལ་བདེ་ཆེན་རིལ་བུ་བཅས༔
མོན་གྱི་སྟག་ཚང་དཔལ་ཕུག་གི༔
སྒོ་གདོང་སེང་གེ་འདྲ་བའི་མགུལ༔
རྡོ་རྗེའི་ཀེའུ་ཚང་སུལ་དུ་གཏམས༔
འབྲིང་པོ་རིག་འཛིན་ཡོངས་འདུས་སྐོར༔
བོད་ཁམས་བདེ་བའི་མན་ངག་དང་༔
བདག་གི་ཕྱག་མཚན་ཐུགས་རྟེན་བཅས༔
མཆིམས་ཀྱི་གནམ་ལྕགས་འབར་བའི་བྲག༔
མཁར་རྔ་འདྲ་བའི་ལོགས་སུ་སྦས༔
བསྡུས་པ་གསང་བ་ཡོངས་འདུས་སྐོར༔
པདྨ་བཀོད་ཀྱི་ལམ་ཡིག་དང་༔
སྦས་ཡུལ་བདེ་བའི་མན་ངག་བཅས༔
རྒྱ་ལ་དཔལ་གྱི་རི་བོའི་འགྲམ༔
ཕ་ཝཾ་རྟེན་སྒམ་འདྲ་བར་སྦས༔ ཞེས་གསུངས་པའི་རྒྱས་པ་བདེ་གཤེགས་ཡོངས་འདུས་ཀྱི་སྐོར་དེ་ཉིད་ཡིན་ཞིང་། ཆོས་རྗེ་མཆོག་འདིར་ཕེབས་སྐབས་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཀྱི་ཆོས་སྐོར་པོད་ཆེན་དགུའི་བདག་ཉིད་ཅན་དུ་བཞུགས་པ་གཏེར་ནས་སྤྱན་དྲངས་འོས་ཤིན་ཏུ་ཆེ་ཡང་། ཆོས་བདག་གི་མཐུན་རྐྱེན་མ་འཛོམས་པས་བཞག་པར་གསུངས་ཤིང་། དེའི་གཏེར་ཕུད་ཙམ་དུ་གོང་གི་གྲོ་ལོད་ཀྱི་རྒྱུན་ཁྱེར་ལུས་དཀྱིལ་ཅན་ཉུང་ངུ་འདི་ཙམ་ཞིག་གཏེར་ནས་བཞེས་པའི་བྱིན་མཐུ་ལ་བརྟེན་ནས། དཔལ་ལྡན་འབྲུག་གི་རྒྱལ་ཁབ་ཀྱི་བསྟན་སྲིད་ལ་ལོ་བཅུ་གཉིས་ཀྱི་བར་དུ་འཕོ་འགྱུར་ཆེར་མི་འབྱུང་བའི་ཞལ་བཞེས་དང་ལུང་བསྟན་གནང་བ་བཞིན། ལོ་བཅུ་གཉིས་ཀྱི་བར་དུ་འཕོ་འགྱུར་ཆེར་མ་བྱུང་བ་ལ། དེའི་རྗེས་ནས་རྩ་ཁྲིམས་ཁྱབ་བསྒྲགས་དང་རྒྱལ་པོའི་སྲིད་དབང་གྲོས་ཚོགས་ཀྱིས་འཛིན་པའི་དམངས་གཙོའི་ལུགས་སུ་འཕོ་འགྱུར་བྱུང་བའི་ལོ་རྒྱུས་ངོ་མཚར་བ་ཡོད་དོ༎
གཞན་ཡང་ཆོས་རྗེ་མཆོག་གི་གསུང་འབུམ་ཁྲོད་དུ་བཞུགས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་ལ་ཕུལ་བའི་ཞུ་ཡིག་ཀུན་བཟང་དགྱེས་པའི་མཆོད་སྤྲིན་དུ་གྲགས་པ་ཡང་དགོས་པ་ཁྱད་པར་ཅན་ལ་གཟིགས་ནས་གནས་འདིར་མཛད་པ་ཡིན་ཏེ། དེའི་མཛད་བྱང་ལས། ཚིགས་སུ་བཅད་པ་རྒྱལ་སྲིད་སྣ་བདུན་གྱི་གྲངས་ལྡན་འདི་ནི། གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་དྲེགས་པ་སྡེ་བརྒྱད་མ་ལུས་པ་དབང་དུ་བསྡུས་པའི་གནས་ཆེན་འབྲུག་སྤ་གྲོ་སྟག་ཚང་དུ། ངག་དབང་བློ་གྲོས་མཚུངས་མེད་པས་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་ཡང་ཡང་བསྐུལ་གནང་མཛད་པ་དོན་ཡོད་པར་བྱ་བའི་ཕྱིར་གུས་པས་ཕུལ་བ་ཞེས་གསུངས་སོ༎
དེ་ལྟར་ན་རང་རེ་རྣམས་ཡབ་མེས་རིག་འཛིན་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། རྟོགས་པ་བརྙེས་ཤིང་གཏེར་བཞེས་པའི་གནས་རྣམས་སུ་མཇལ་སྐོར་དུ་འགྲོ་བ་ནི། གནའ་ཤུལ་རྙིང་པ་ཞིག་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་བ་ཙམ་གྱི་ཆེད་མིན་པར། པད་སྡོང་བརྩེགས་པའི་རྒྱུད་ལས།
སྤྱི་དང་བྱེ་བྲག་གང་ལ་ཡང་༎
གནས་དང་ཡུལ་དང་ཉེ་བའི་གནས༎
རྒྱལ་བས་ཞབས་བཅགས་བཀྲ་ཤིས་པ༎
ཡིད་དང་མཐུན་པ་མཆོག་ཏུ་གཅེས༎ ཞེས་དང་། དགོངས་འདུས་ལས།
ཕལ་བའི་གནས་སུ་ལོ་གཅིག་སྒྲུབ་པ་བས༎
འདི་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༎ ཞེས་སོགས་གསུངས་པ་ལྟར། གནས་ཀྱི་གང་ཟག་བྱིན་གྱིས་རློབས་པ་དང་། རིག་འཛིན་གོང་མ་རྣམས་ཀྱི་བྱིན་རླབས་ཐོལ་སྐྱེས་སུ་སྙིང་ལ་བབས་པ་སོགས་ཀྱི་དགོས་པ་ཡོད་པས། གནས་ཆེན་འདི་འདྲར་སླེབས་སྐབས་སྦྱོར་དངོས་རྗེས་གསུམ་ཚང་བའི་ཟབ་ཆོས་ཀྱི་ཉམས་ལེན་ཇི་ནུས་རེ་བྱེད་པ་ཡང་ཤིན་ཏུ་གལ་ཆེ་ཞིང་། གནས་སོ་སོར་གནས་དེ་ཉིད་དུ་རིག་འཛིན་གོང་མ་རྣམས་ཀྱིས་ལྷག་པའི་ལྷ་གང་ཞིག་དང་བསྐྱེད་རྫོགས་གང་ཞིག་ལ་བརྟེན་ནས་གྲུབ་པ་བརྙེས་པའམ། ཡི་དམ་གྱི་ལྷ་གང་ཞིག་གི་ངོ་བོར་བཞེངས་པའི་ཆོས་དེ་ཉིད་ཉམས་སུ་བླངས་ན་དོན་བརྒྱུད་ཀྱི་རྟོགས་པ་འཕོ་བ་ལ་དམིགས་བསལ་གྱི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པས། འདིར་ཡང་རྟེན་འབྲེལ་མཚོན་བྱེད་ཙམ་དང་། རྡོ་རྗེ་གྲོ་ལོད་ཀྱི་གནས་ཀྱི་རྗེས་འབྲེལ་དུ་དོན་གཉེར་ཅན་འགའ་རེ་ལ་ཕན་དུ་རེ་བའི་བསམ་པས། གྲོ་ལོད་ཀྱི་མངོན་རྟོགས་ས་བཅད་མ་སྟོང་ཙམ་ཞིག་བརྗོད་ན།
ཕྱིར་གསང་བདག་ཞལ་ལུང་སོགས་ལས་གསུངས་པ་ལྟར་ཁྲོ་བོ་ལ། ངང་གིས་ཁྲོ་བ་དང་། རྟོགས་པ་ངང་གིས་ཁྲོ་བ། ཐུགས་རྗེ་ཤུགས་ཀྱིས་ཁྲོ་བ། ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་སྟེ་བཞིར་གསུངས་པ་ལས། འདི་ནི་གདུག་པ་འདུལ་བ་ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་སྟེ། དེ་ཡང་རྡོ་རྗེ་གྲོ་ལོད་ཅེས་བྱ་བ་ནི། ལེགས་སྦྱར་སྐད་དུ་ཀྲོ་དྷ་ལོ་ཀོཏྟ་ར་སྟེ་ཁྲོ་བོ་འཇིག་རྟེན་མཆོག་ཅེས་འཇིག་རྟེན་གྱི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཡེ་ཤེས་ཀྱི་ཁྲོ་རྒྱལ་ཆེན་པོའི་སྐུར་བསྟན་པ། སྒྲ་ཟུར་ཆག་པས་ངེས་དོན་མདོ་སྔགས་ཟུང་འཇུག་གི་སྐུའི་ཆས་ལས་རྡོ་རྗེ་གྲོ་བོ་ལོད་དེ་ཞེས་སྦས་ཡུལ་ལམ་ཡིག་པདྨ་དཀར་པོའི་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པ་ལས་གསུངས་ཤིང་།
མོན་བོད་གཉིས་སུ་གྲོ་ལོད་ཀྱི་བསྐྱེད་རྫོགས་ཡན་ལག་དང་བཅས་པའི་སྒྲུབ་སྐོར་ཇི་ལྟར་བྱུང་བའི་ཚུལ་ནི། གོང་དུ་གསལ་བ་ལྟར་ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་བྱོན་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་གྲོ་ལོད་སྒྲུབ་ཐབས་ལས།
བདག་འདྲ་པདྨ་བདུད་འཇོམས་ངས༔
མ་འོངས་འགྲོ་བློའི་མུན་ཁམས་སུ༔
ཕན་བདེའི་ཉི་མ་འཆར་བའི་ཕྱིར༔
སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ༔
རང་གི་སྒྲུབ་པ་རང་གིས་བྱས༔
བསྟན་པ་མི་ནུབ་དར་རྒྱས་ཕྱིར༔
མི་འགྱུར་རྡོ་རྗེའི་གཏེར་དུ་སྦས༔ ཞེས་གསུངས་པ་ལྟར་སློབ་དཔོན་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་མོན་བོད་ཀྱི་ལྷ་སྲིན་རྣམས་དམ་འོག་ཏུ་བཅུག་རྗེས། རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་སོགས་མཛད་ནས་གཏེར་དུ་སྦས་པ་དང་། ཡང་ཁམས་ཀྱི་རོང་རྨེ་དཀར་མོ་སྟག་ཚང་སོགས་སྟག་ཚང་མིང་ཅན་གཞན་རྣམས་སུ་ཡང་བདུད་འདུལ་གུ་རུ་དྲག་པོའི་སྐུར་བཞེངས་ནས་སྒྲུབ་ཐབས་རྒྱས་བསྡུས་དུ་མ་མཛད་དེ་གཏེར་དུ་སྦས་པ་ལས། སྔོན་ནས་ད་ལྟའི་བར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཆོས་སྐོར་དཔག་ཏུ་མེད་པ་བཀའ་གཏེར་གཉིས་སུ་མཚམས་མ་ཆད་པར་བྱུང་བ་ཡིན་ལ། རིན་ཆེན་གཏེར་མཛོད་གཅིག་པུའི་ནང་དུ་ཡང་། གར་དབང་ཞིག་པོ་གླིང་པ་དང་། འབྲི་གུང་རིན་ཆེན་ཕུན་ཚོགས། རིག་འཛིན་འཇའ་ཚོན་སྙིང་པོ། རིག་འཛིན་བདུད་འདུལ་རྡོ་རྗེ། རྒྱལ་དབང་ལྔ་པ་ཆེན་པོ། གཏེར་ཆེན་ཆོས་རྗེ་གླིང་པ། པདྨ་བདེ་ཆེན་གླིང་པ་སོགས་ཀྱི་གཏེར་བྱོན་ཤིན་ཏུ་མང་ཞིང་། དེར་མ་འདུས་པ་ཡང་། ཡོངས་དགེ་མི་འགྱུར་རྡོ་རྗེ་དང་། རྗེ་བླ་མ་གཏེར་ཆེན་རྣམ་གཉིས། ཆོས་རྗེ་ཡིད་བཞིན་ནོར་བུ་སོགས་སྔོན་དང་ད་ལྟའི་གཏེར་སྟོན་རབ་ཏུ་མང་པོའི་གཏེར་བྱོན་བཅས་མདོར་ན་ད་བར་འཇིག་རྟེན་དུ་བྱུང་བའི་གྲོ་ལོད་ཀྱི་ཆོས་སྐོར་ཡོངས་རྫོགས་ཕྱོགས་བསྒྲིགས་ཤིག་བྱས་པའི་དབང་དུ་བཏང་ན་གླང་པོས་ཁུར་བཟོད་པ་ཙམ་དུ་ཡོད་དོ༎
མངོན་རྟོགས་དངོས་ཀྱི་སྐོར་ལ། གཏེར་ཁ་རྣམས་ཀྱི་ནང་དུ་འགའ་རེ་གཙོ་རྐྱང་དང་འགའ་རེ་འཁོར་མཁའ་འགྲོ་སྡེ་བཞི་ཅན་དང་། ཡང་འཁོར་དུ་བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་སོགས་ཀྱིས་བསྐོར་བ། ཕྱག་གཡས་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་དང་རྩེ་དགུ་པ་བསྣམས་པ། ཡང་སྤྱི་བོར་ཡེ་ཤེས་ཀྱི་ཁྱུང་ཡོད་མེད་དང་། སྡིག་མཛུབ་ཀྱི་རྩེ་ན་ལྕགས་སྡིག་གི་ཚ་ཚ་ཡོད་མེད། དེ་བཞིན་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཅན་དང་པདྨ་རྒྱལ་པོ་ཅན་སོགས་མངོན་རྟོགས་ཕྲན་བུ་ཙམ་རེ་མི་འདྲ་བར་བྱུང་བ་ནི། སྐབས་སོ་སོའི་དག་དྲན་གྱི་དབང་དུ་བྱས་ཏེ་དགོས་པ་ཁྱད་པར་ཅན་གྱིས་དེ་ལྟར་བྱུང་བ་ལས། རྩ་བའི་མངོན་རྟོགས་ལ་མི་འདྲ་བ་ཆེར་མེད་པས། སྤྱི་རིགས་ཙམ་གྱི་དབང་དུ་བྱས་ན། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་གྲོ་ལོད་ལས་བྱང་ནོར་བུའི་ཕྲེང་བ་ལས།
རང་ཉིད་སྐད་ཅིག་རིག་རྩལ་དྲན་རྫོགས་སུ༔
གནམ་ལྕགས་ལས་གྲུབ་ཕུར་བ་ཧཱུྂ་དམར་མཚན༔
འོད་འཕྲོས་དམ་སྲི་བདུད་དཔུང་མ་ལུས་བསྒྲལ༔
ཚུར་འདུས་གཏུམ་དྲག་རྡོ་རྗེ་གྲོ་ལོད་ནི༔
སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔
ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔
གཡོན་པས་ཕུར་བུ་དང་བཅས་སྡིག་མཛུབ་མཛད༔
སྡིག་མཛུབ་རྩེ་ནས་ལྕགས་སྡིག་མགོ་དགུ་པ༔
དྲི་མ་མི་ཞིམ་དཔག་ཚད་རྒྱང་གྲགས་འཕྲོ༔
ས་བདག་ཀླུ་གཉན་མ་ལུས་བརྒྱལ་ཞིག་འབོག༔
སྐར་ལྟར་འཁྲུགས་ཤིང་རྒྱལ་བསེན་སྙིང་ཁྲག་འཇིབ༔
སྤྱན་གསུམ་སྡང་མིག་བར་སྣང་ཁམས་སུ་གཟིགས༔
ཞལ་གྱི་མཆེ་བ་རྣོ་དཀར་མན་དུ་བརྩེགས༔
སྨྲ་ར་སྨིན་མ་དམར་སེར་མེ་ལྟར་འབར༔
དབུ་སྐྲ་སྣུམ་པོ་ཝང་མིག་གཡས་སུ་འཁྱིལ༔
སྐུ་སྟོད་ཟ་འོག་སྨུག་བེར་ལྷུབ་ཆེན་གསོལ༔
སྐུ་སྨད་མཐིང་ཤམས་དམར་སྨུག་རླུང་གིས་གཡེངས༔
བརྒྱ་ཕྱེད་ཁྲག་འཛག་མགོ་ཕྲེང་དོ་ཤལ་མཛད༔
སྙན་གཉིས་རྒྱན་ཆ་དུང་གི་ཝང་མིག་མཛེས༔
ཆོས་གོས་དམར་པོ་གསེར་གྱི་ཧ་རིས་གསོལ༔
ཞབས་གཉིས་འདོར་སྟབས་འགྱིང་བག་ཅན༔
སྟག་མོ་གྲུས་མའི་སྟེང་ན་བརྗིད་པར་འགྱིང་༔
བདུད་དཔུང་མ་ལུས་ཟིལ་གནོན་ཅིང་༔
ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ ཅེས་དང་། པདྨའི་རྒྱལ་ཚབ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གཏེར་བྱོན་ཡང་གསང་ཐུགས་ཀྱི་ཐིག་ལེའི་གྲོ་ལོད་སྒྲུབ་པ་ལས།
རང་ཉིད་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ༔
སྐུ་མདོག་སྨུག་ནག་གར་དགུའི་ཉམས་འགྱུར་ཅན༔
གཏུམ་དྲག་མི་བཟད་སྡང་མིག་གློག་ལྟར་འཁྱུག༔
སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འོད་དུ་འཕྲོ༔
ཁྲོ་གཉེར་ཤངས་ནས་སྲིད་པའི་འཐོར་རླུང་འབྱིན༔
ཨམ་གཙིགས་ཧཱུྃ་ཕེམ་ང་རོ་འབྲུག་སྟོང་ལྡིར༔
དབུ་སྐྲ་དམར་སེར་གཡས་འཁྱིལ་དུང་ལུང་འཁྲོལ༔
ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔
གཡོན་པས་ཕུར་བུ་བགེགས་ཀྱི་སྙིང་ལ་གཟིར༔
སྡིག་མཛུབ་རྩེ་ནས་ལྕགས་སྡིག་ཁྲ་ཐབས་འགྱེད༔
གསང་གོས་ཕོད་ཀ་ཆོས་གོས་སག་ལྷམ་གསོལ༔
ཁྲག་འཛག་མགོ་ཕྲེང་དོ་ཤལ་སེ་རལ་འཕྱང་༔
སྒྲོལ་ཡུམ་ཟ་བྱེད་སྟག་མོ་གྲུས་མ་ནི༔
སྡེར་མོས་རྒྱལ་བསེན་སྙིང་རྩ་འདྲེན་པའི་སྟེང་༔
གྱད་གྱི་འདོར་སྟབས་འགྱིང་ལོག་འཆམ་སྟངས་བཅས༔
བསྐལ་མེ་འུར་འུར་འབར་བའི་ཀློང་ན་རོལ༔
སྤྱི་བོར་མེ་ཁྱུང་སྤུ་གྲིའི་སྒྲོ་གཤོག་ཅན༔
རྔམ་བརྗིད་འཕུར་ལྡིང་ཁྱུང་གི་ཚྭ་ཚྭ་འཕྲོ༔
རིགས་ཀྱི་བདག་པོ་སྣང་མཐའ་ཚེ་དཔག་མེད༔
གསང་ཡེ་ཡུམ་སྦྱོར་འཇའ་ཟེར་ཀློང་དུ་བརྗིད༔
འཁོར་དུ་རིགས་ཀྱི་ཡུམ་བཞི་གིང་སྒོ་སྐྱོང་༔
དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབས༔
ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཞེས་གསུངས་པ་ལྟ་བུའོ།།
དེ་ཡང་གུ་རུ་རྡོ་རྗེ་གྲོ་ལོད་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་ཡེ་ཤེས་ཀྱི་ཁྲོ་བོར་སྣང་བ་གསང་སྔགས་གསར་རྙིང་གི་མཁས་གྲུབ་དམ་པ་ཀུན་ལ་ཡོངས་སུ་གྲགས་པ་ལྟར་ཡིན་པས། ལམ་འདིའི་བསྐྱེད་རྫོགས་ལ་ཞུགས་ན་ཕྱིའི་རྒྱལ་གདོན་འབྱུང་པོ་སྤྱི་དང་། ནང་འཕྲལ་བྱུང་གི་རྐྱེན་ངན་དང་བར་ཆད་ཐམས་ཅད། གསང་བ་ཉོན་མོངས་དུག་གསུམ་གྱི་འགེགས་ཚོགས་དང་བཅས་པ་དུས་གཅིག་ལ་གཞོམ་པ་དང་། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་འབྲས་བུའི་ཆོས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་རང་རྒྱུད་ལ་བསྐྱེད་པའི་ནུས་མཐུ་ཁྱད་དུ་འཕགས་པ་ཡིན་པས་འདི་དང་མཚུངས་པ་གཞན་མེད་ཅིང་། ཁྱད་པར་དུས་ཞབས་ཀྱི་དམ་སྲིའི་རིགས་རྣམས་ཀྱིས་དངོས་སམ་བརྒྱུད་ནས་གླགས་མི་རྙེད་པ་ཡིན་ཏེ། ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་སྒྲུབ་ལས།
འདི་ཉིད་ཉམས་སུ་ལེན་པའི་བུ༔
པད་འབྱུང་ང་དང་གཉིས་སུ་མེད༔
ཚེ་འདིར་གྲོལ་བ་མ་ཐོབ་ན༔
པད་འབྱུང་བདག་གིས་དེ་བསླུས་སོ༔
པདྨ་འབྱུང་གནས་གསང་བའི་བདག༔
སྒྲུབ་སྡེ་བརྒྱད་དང་ཕྲིན་ལས་ལྷའི༔
དགོངས་པ་རོ་གཅིག་རོལ་པའི་ལྷ༔
འཆོལ་བ་རྡོ་རྗེ་གྲོ་བོ་ལོད༔
བདེ་གཤེགས་ཡོངས་འདུས་བདག་ཉིད་ཡིན༔ ཞེས་དང་། བདུད་འདུལ་གྲོ་ལོད་གཏེར་གཞུང་ལས།
དབང་འདི་ལན་གཅིག་འབྲེལ་བས་ཀྱང་༔
སྐྱེ་མེད་ཆོས་སྐུ་མ་འགྲུབ་ན༔
པད་འབྱུང་བཀའ་ལ་བདེན་པ་འགྲུབ་རེ་རྐན༔
འདས་ཚེ་འཇའ་འོད་ས་གཡོས་དང་༔
གདུང་རིགས་ལྔ་དང་རིང་བསྲེལ་ཡིག་འབྲུ་ཕྱག་མཚན་ངེས་པར་འབྱུང་༔
དབང་འདི་ལན་གཅིག་འབྲེལ་ཐོབ་ན༔
གསང་སྔགས་དཀྱིལ་འཁོར་ཀུན་གྱི་དབང་རྫོགས་ངེས༔ ཞེས་དང་གཏེར་ཁ་གཞན་ལས་ཀྱང་།
ཁྱད་པར་དམ་སྲི་རྒྱལ་འགོང་གྲི་སྲིའི་གཉེན༔
ཁྲོ་རྒྱལ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔
མ་རུང་འཆོལ་བ་རྡོ་རྗེ་གྲོ་བོ་ལོད༔
བྱིན་རླབས་ཚ་ཟེར་གཞན་ལས་ཁྱད་པར་འཕགས༔
ལྷ་འདྲེ་ཚ་ངར་གནོད་པ་ཇེ་ཆེའི་དུས༔
གཉེན་པོའི་སྟོབས་ཀྱང་ཇེ་ཆེ་ཇེ་མྱུར་འགྲོ༔
བདེན་རྫུན་ལག་ཏུ་ལོངས་དང་གསལ་བར་འགྱུར༔ ཞེས་སོགས་གཏེར་ཁ་ཤིན་ཏུ་མང་པོ་ནས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྐྱེད་རྫོགས་ལ་ཞུགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པ་རེ་ཞིག་ཡིག་ཚོགས་ཀྱིས་འཇིགས་ནས་མ་སྤྲོས་ཀྱང་། དོན་གཉེར་ཅན་རྣམས་ཀྱི་སྒྲུབ་ཐབས་རང་རང་གི་གཏེར་འབྱུང་དང་གཞུང་ལས་ཤེས་པར་བྱའོ༎
དེ་ལྟ་བུས་ན་རང་རེ་རྣམས་ཀྱིས་རྒྱལ་ཁམས་རིག་པས་བསྐོར་བ་གཅིག་པུ་ཙམ་མིན་པར། སྐབས་རེ་རྒྱལ་ཁམས་སྤྱི་དང་ཁྱད་པར་རྡོ་རྗེའི་གནས་ཆེན་རྣམས་ནི་སྒྲུབ་པ་ཉམས་ལེན་གྱིས་ཀྱང་བསྐོར་དགོས་པས། ལས་དང་སྐལ་བ་དམན་པ་རྣམས་ལ་ནི། བཞི་བརྒྱ་པ་ལས།
ཕལ་མོ་ཆེ་ཡི་མི་རྣམས་ནི༎
དམ་པ་མ་ཡིན་ཕྱོགས་ཡོངས་འཛིན༎ ཞེས་དང་། བདུལ་འདུལ་གྲོ་ལོད་གཏེར་གཞུང་ལས། འོན་ཀྱང་དུས་ངན་སེམས་ཅན་ལས་ངན་དབང་ཆེ་བས༔ སྦྱངས་པ་སྔོན་སོང་སྐལ་ལྡན་རེ་འགའ་ཙམ་རེ་མ་གཏོགས་པ༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ཤིན་ཏུ་དཀའ་ཞེས་གསུངས་པ་ལྟར། སངས་རྒྱས་ཀུན་འདུས་དང་རྩ་གསུམ་ཀུན་འདུས་ཀྱི་བསྐྱེད་རྫོགས་ཟབ་མོ་འདི་ལྟ་བུ་ཉམས་སུ་ལེན་པའི་སྐལ་བ་ཤིན་ཏུ་ཕྲ་ཡང་། ལས་དང་སྨོན་ལམ་གྱི་མེ་ཏོག་གསང་བ་ཟབ་མོའི་དཀྱིལ་འཁོར་ལ་ཕོག་པ་རྣམས་ཀྱིས་ནི། བསྐྱེད་རྫོགས་ཟབ་མོ་འདི་ལྟ་བའི་ལམ་ལ་བརྟེན་ཅིང་། དེ་ཡང་ལྷ་རབ་བྱུང་ན་དཀྱིལ་འཁོར་གྱི་གླེང་གཞི་དང་མཐུན་པའི་སྒྲུབ་པའི་གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུག་ཏེ། ཡབ་མེས་གོང་མ་རྣམས་ཀྱི་གདན་ཁྲི་ཤེས་རབ་དང་མངོན་རྟོགས་ཀྱིས་ནོན་ཐུབ་པ་ཞིག་ཅིས་ཀྱང་དགོས་སོ་ཞེས་ཐལ་མོ་སྦྱར་ནས་ཞུ་བ་ལགས་སོ།།
ཞེས་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ནུབ་ཕྱོགས་ཨ་མེ་རི་ཀའི་རྒྱལ་ཁབ་ཆེན་པོར་གནས་པའི་ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པའི་གཙུག་ལག་ཁང་དུ། ཕྱི་ལོ་༢༠༡༤ཟླ་༤པའི་ཚེས་༢༥ནས། དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་བདེ་གཤེགས་འདུས་པར་ཐོས་བསམ་དང་བསྙེན་མཚམས་ཀྱི་སྔ་དགོང་གི་ཐུན་བར་རྣམས་སུ་བྲིས་ཤིང་། ཟླ་དེའི་ཚེས་༣༠ཉིན་མཇུག་ཡོངས་སུ་གྲུབ་པར་བྱས་པ་དགེ་ལེགས་འཕེལ༎
སྐུ་ངལ་མང་བོ་ཞིག་བསྟེན་ནས་བྲིས་གནང་འདུག བཀའ་དྲིན་ཆེ། དེ་རིང་ཞིབ་མོར་ཀློག་ཁོམ་མ་བྱུང་། རྗེས་སོར་ག་ལེར་བཀླག་རྒྱུ་ཡིན།
འབྲུག་མོ་ཞིག་གི་རྐྱེན་གྱིས་ཐུན་དང་ཐུན་མཚམས་ཀྱི་སྐབས་སུ་འབྲུག་གི་སྣོད་བཅུད་ཡོད་ཚོད་ལྷའི་ཞིང་ཁམས་སུ་སྣང་བའི་སྣ་ཚོགས་གཟུགས་ཅན་རེད་འདུགགོ།
ཡག་པོ་བྲིས་གནང་འདུག སྟོན་པ་བཞུགས་པའི་སྐབས་ཀྱི་དགེ་སློང་འཆར་ཀའི་རྣམ་ཐར་ཡང་ལྷང་ལྷང་དྲན་འོང་བ་ཞིག་འདུག
འབྲུག་མོ་མཛེས་མ་ཞིག་དང་ལོངས་སྤྱོད་རྒྱུ་བྱུང་ན་སྣོད་བཅུད་ཐམས་ཅད་དག་ཞིང་མཐོང་བཟོ་འདུག ང་ལ་ཡང་འདི་འདྲ་གོ་སྐབས་ཤིག་ཐོབ་པར་ཤོག
འདྲི་བ་ཞིག་ཡོད།
“དེ་ཡང་གུ་རུ་རྡོ་རྗེ་གྲོ་ལོད་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་ཡེ་ཤེས་ཀྱི་ཁྲོ་བོར་སྣང་བ་གསང་སྔགས་གསར་རྙིང་གི་མཁས་གྲུབ་དམ་པ་ཀུན་ལ་ཡོངས་སུ་གྲགས་པ་ལྟར་ཡིན་པས། ལམ་འདིའི་བསྐྱེད་རྫོགས་ལ་ཞུགས་ན་ཕྱིའི་རྒྱལ་གདོན་འབྱུང་པོ་སྤྱི་དང་། ནང་འཕྲལ་བྱུང་གི་རྐྱེན་ངན་དང་བར་ཆད་ཐམས་ཅད། གསང་བ་ཉོན་མོངས་དུག་གསུམ་གྱི་འགེགས་ཚོགས་དང་བཅས་པ་དུས་གཅིག་ལ་གཞོམ་པ་དང་། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་འབྲས་བུའི་ཆོས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་རང་རྒྱུད་ལ་བསྐྱེད་པའི་ནུས་མཐུ་ཁྱད་དུ་འཕགས་པ་ཡིན་པས་འདི་དང་མཚུངས་པ་གཞན་མེད་ཅིང་།”
གོང་གི་གསུང་འདི་བཀའ་འགྱུར་བསྟན་འགྱུར་གང་གི་ནང་ནས་གཟིགས་པ་ཡིན་ནམ། རྒྱལ་བའི་བཀའ་འགྱུར་ནང་ལ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་འོད་དཔག་མེད་ཡིན་པ་བཀའ་འགྱུར་གྱི་རྒྱུད་ཀྱི་ནང་ལ་འདུག་ལ། དེའི་འགྲེལ་བ་བསྟན་འགྱུར་ནང་ལ་འདུག རྡོ་རྗེ་གྲོ་ལོད་ཟེར་བའ་བཀའ་བསྟན་གཉིས་ཀྱི་ནང་ལ་མེད་པ་འདི་རྒྱུ་མཚན་གང་ཡིན་ནམ།
དྲ་འབུ་རྣམ་ལ་བཤད་རྒྱུར། འདི་འདྲི་བ་ཞིག་ལས། གཞན་ཆོས་ལུགས་འཐེན་ཁྱེར་གྱི་སྐད་ཆ་མིན་པས། འཐེན་ཁྱེར་བའི་དུག་ཕྲུག་འདི་ཚོ་འདིར་འཚང་མ་ཡོང་ཨ།
སྤ་གྲོ་ཕུག་བཅལ་ལམ་སྤ་གྲོ་སྟག་ཚང་དུ་འབོད་པའི་གནས་ས་རྩ་ཆེན་འདིའི་བྱུང་རབས་ལོ་རྒྱུས་ཆ་ཚང་བ་ཞིག་འབྲི་རོགས་གནོངས་ཟེར་ནས་རེ་བསྐུལ་ཞུ་བཞིན་ཡོད། ཕྱོགས་དང་རིས་སུ་མ་བཅད་ནས་བྱུང་རབས་ལོ་རྒྱུས་ཚད་ལྡན་ཞིག་འབྲི་ཐུབ་ན་དད་ལྡན་སྐྱེ་འགྲོ་ཡོངས་ལ་ཕན་རླབས་ཆེ་བར་སེམས་སོ། །
སྤ་གྲོ་ཞེས་པ་འདི་པད་འབྱུང་གི་སྒྲུབ་ཡིན་ག་བ་ལ་གསལ་ཡོད་དམ།
ཞབས་དྲུང་རིན་པོ་ཆེར་ རླངས་ཆེན་དཔལ་སེང་སྐུ་གདུང་མཆོད་རྟེན་འོག་ཏུ་མཐའ་དམག་བཟློག་པའི་གཏེར་གྱི་ཁ་བྱང་ཡོད་པའི་ལུང་བསྟན་བྱུང་བ་དང་། སངས་རྒྱས་གླིང་པའི་ཆོས་དང་གདུང་རབས་བདུན་པ་གཏེར་བཏོན་ཀརྨ་རིག་འཛིན་སྙིང་པོ་དང་ལྷན་གཅིག་རིལ་
སྒྲུབ་མཛད་པ་དང་ སྠག་ཚང་གི་གནས་བཤད་བསྡུས་པ་དོན་ཚང་བ་ཞིག་གསུངས་ཡོད་པ་ལ་གཟིགས་ཤིག།
It is said that, Lord Guru Rinpoche has offered special hat “USHA” to རླངས་ཆེན་དཔལ་གྱི་སེང་གེ། if you have the history and the image of HAT, Please share it with me, your kind help in this matter will be highly appreciated la.
སྔོན་གུ་རུ་རིན་པོ་ཆེ་མཆོག་གིས་ རླངས་ཆེན་དཔལ་གྱི་སེང་གེ་ལ་ དམིགས་བསལ་གྱི་དབུ་ཞྭ་ཞིག་གནང་ཡོད་པའི་ ལོ་རྒྱུས་ ཡོད་པ་ལྟར་ན་ དེ་ལུགས་ཀྱི་ ལོ་རྒྱུས་ མཁྱེན་པ་ཞིག་ཡོད་ན་ པར་རིས་དང་བཅས་ ཕྲལ་མྱུར་དུ་ གནང་ཐུབ་ན་ བཀའ་དྲིན་ཤིན་ཏུ་ནས་ཆེ་བ་ལགས་སོ།
་་་་་་་་་་་་་་་ དེའི་ནང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཆེན་ཐུན་མོང་མ་ཡིན་པ། སྐུའི་གནས་ཆེན་སྒྲགས་ཀྱི་ཡང་རྫོང་། གསུང་གི་གནས་མཆོག་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་། ཐུགས་ཀྱི་གནས་ཆེན་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་། ཡོན་ཏན་གྱི་གནས་ཆེན་ཡར་ལུང་ཤེལ་གྱི་བྲག་ཕུག ཕྲིན་ལས་ཀྱི་གནས་ཆེན་མོན་ཁ་ནེ་རིང་སེང་གེ་རྫོང་། ་་་་་་་་་་་་་་་་་་་་་་
ཡག་པོ་བརྩམས་འདུག ཡིན་ནའང་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཀྱང་དབང་ལུང་ཁྲིད་གསུམ་གསན་ཡུལ་དུ་གྱུར་པའི་སྐྱེས་ཆེན་བླ་ན་མེད་པ་ཞིག་ལགས་པས་ (བྱ་བྲལ་སངས་རྒྱས་རྡོ་རྗེ་) ཞེས་ཐད་ཀར་སྨྲོས་པ་ནི་ ཆེས་ མི་འོས་པ་ཞིག་གོ།