ཚེ་རིང་སྐྱིད།
རི་རྒྱལ་ལྷུན་པོ་ལྟ་བུའི་བརྩེ་དུང་གི་གཏན་ཚིགས།།
མི་ཁ་གནམ་ལྕགས་ཐོག་གིས་ལྷག་མེད་དུ་གཏོར་སོང༌།།
གཙང་བོའི་བཞུར་རྒྱུན་ལྟ་བུའི་མཛའ་སེམས་ཀྱི་དར་སྐུད།།
ལས་དབང་རྡོ་རྗེའི་བྲག་རིས་དུམ་བུ་རུ་བཅད་སོང༌།།
ང་དང་གངས་རིའི་འཁྱམ་པོ་གཞན་ཡུལ་ནས་འཕྲད་པ།།
སྔོན་བསགས་བསོད་ནམས་བཟང་བོའི་ལས་འཕྲོ་རུ་ངེས་ཀྱང༌།།
མཛའ་གཅུགས་ཐལ་བར་གཏོར་བའི་གྱེས་གདུང་གི་གཞི་མ།།
མ་བཙལ་རང་འགར་རྙེད་པའི་ལན་ཆགས་སུ་གྱུར་སོང༌།།
ཁྱེད་སེམས་བདག་ལ་ཤོར་བའི་གཏམ་རྒྱུད་དེའི་གཞུང་ནས།།
བདག་ཡིད་ཁྱེད་ལ་གཏད་པའི་རི་མོ་ཞིག་བྲིས་ཀྱང༌།།
ལེ་དབར་སྟོང་གིས་ཆོད་པའི་ཕར་ཚུར་གྱི་ངོགས་ནས།།
བརྩེ་སེམས་འཇའ་རུ་གྱུར་བའི་ངང་ཚུལ་འདི་སྐྱོ་ཨང༌།།
རྒྱ་སྡེ་མི་ཁ་རླུང་ནག་འཚུབ་མ་བཞིན་ལྡང་ལ།།
མི་སེམས་རྣམ་རྟོག་ལ་ཁའི་ན་བུན་ལྟར་མཐུག་པོས།།
དྭངས་གསལ་ཆུ་ཤེལ་ལྟ་བུའི་མདངས་ཅན་གྱི་མཛའ་སེམས།།
ཕན་ཚུན་ཡིད་ཆེས་བོར་བའི་གཏམ་རྒྱུད་ཁྲོད་བརླག་སོང༌།།
མཛེས་མའི་འཇོ་སྒེག་མཐོང་ཡང་མིག་ཟུང་དེ་མི་འཕེན།།
འཕྱོན་མའི་བཅོས་འཛུམ་བསྟན་ཡང་འགྱུར་བག་ཅིག་མེད་ལ།།
ཨ་གསར་གློག་ལས་མྱུར་བའི་རང་གཤིས་ཤིག་མེད་པ།།
འདང་ཅན་དགའ་ལོར་དུང་བའི་གསང་རྣམ་ལ་ཐིམས་སོང༌།།
མི་ལ་མི་གཤིས་མེད་པའི་དུས་ཚིགས་ཀྱི་གཞུང་ན།།
གྲོགས་ལ་ཕྱི་ཐག་ཡོད་པའི་གཏམ་རྒྱུད་དེ་མེད་ཀྱང༌།།
འཁྲལ་འཁྲུལ་ལས་ལ་མི་གཞོལ་བདེན་དྲང་གི་གཤིས་ཀ།
འདང་ཅན་དགའ་ལོར་ཡོད་པའི་དམ་ཚིག་གི་ཐོག་མ།།
གར་སོང་གར་འདུག་ས་ནས་ཡང་ཡང་དུ་དྲན་མྱོང༌།།
ཕྱིར་དྲན་སྒྱུ་མའི་ཞིང་ནས་ཡང་ཡང་དུ་བཙལ་མྱོང༌།།
བྱམས་པའི་ལས་འཕྲོ་ཟད་པའི་དེ་རིང་གི་ནམ་ཟླ།།
བདག་ཡིད་འཁྱག་ལ་འབྱར་བའི་འཁྲུལ་སྣང་ཁྲོད་ཐིམས་སོང༌།།
༢༠༠༥་ལོར་བྲིས།
ཁྱོད་ཞི་མོ་ཕྱི་ཐག་ཅན་ཞིག་རེད་བསམས། ཞིབ་ཕྲ་མི་ཤེས།
མཛེས་མ་ཚེ་རིང་སྐྱིད་ལགས། ཁྱེད་ཀྱི་གསར་རྒོད་དེ་ཤོར་སོང་ནི་མིན་པཱ། སྤྱིར་ཐོབ་ཤོར་ནི་ཐོག་མ་ཉིད་ནས་ང་རང་ཚོ་དང་འགྲོགས་བསྡད་ཡོད་ནི་ཞིག་རེད། དོན་དེར་བསྒོམས་ནས་སེམས་ཁམས་ལྷོད་ལ་ཕོགས།
མཛེས་མ་དགོངས་དག ངས་ཁྱོད་ལ་དཀའ་ངར་ཞིག་འཕྲད་ཡོད་ཀྱི་རེད་བསམ་ནས་རྩོམ་མཇུག་ཀློག་རྒྱུ་མ་བྱུང་བར་སེམས་གསོས་མཆན་འདེབས་ཁུལ་བྱས་པ་ཡིན་མོད། ད་བྱས་དུས་ཉིད་ཀྱིས་རྩོམ་ཡིག་དེ་༢༠༠༥་ལོར་བྲིས་པ་ཞིག་རེད་འདུག
ཱའཌྷོ་རེད་ད་ཐེངས་རྩོམ་དེ་དྲ་ཐོག་ཏུ་འགོད་དགོས་རྐྱེན་དོན་དག་གཞན་མེད་པར་སྨོན།
ཚེ་རིང་སྐྱིད།
དུས་རབས་ཉེར་གཅིག་བརྙེས་པའི་ཁུག་མགོ་འདིར། །
དམ་ཚིག་རྡོ་ལ་མ་བསྐུས་ཆུ་ལ་བྲིས། །
བརྩེ་གདུང་སེམས་ལ་མ་བསྐྱངས་རྒྱབ་ལ་དྲུད། །
ཡོད་ཚད་ཟོང་དུ་བཀྲམ་པའི་སྐབས་འདི་ཅི། །
མདང་ནུབ་བཞག་པའི་ལན་ཆགས་སྨན་གྱིས་བསད། །
ད་ནང་བརྙེད་པའི་གསར་གྲོགས་བཙུག་ཏུ་བཀུར། །
འདི་ཕྱིའི་ཕྱི་ཐག་མིག་གིས་མི་མཐོང་བའི། །
མུན་པའི་གླིང་ནས་སུ་ལ་ཡིད་དབང་གཏོད། །
མདང་ནུབ་བཞག་པའི་ལན་ཆགས་སྨན་གྱིས་བསད། །
ད་ནང་བརྙེད་པའི་གསར་གྲོགས་བཙུག་ཏུ་བཀུར། །
འདི་ཕྱིའི་ཕྱི་ཐག་མིག་གིས་མི་མཐོང་བའི། །
མུན་པའི་གླིང་ནས་སུ་ལ་ཡིད་དབང་གཏོད། །
༄བསིལ་རླུང་འཇམ་པོས་དལ་མོས་གཡབ་པའི་ཚེ། །
རྒྱ་ཅོག་ཟིང་སྐྱ་ཞིག་གི་སྒོར་མཐའ་ན། །
འཇམ་མཉེན་ཆར་གྱི་ཟེགས་མ་ལྷུང་བའི་ཁྲོད། །
སེམས་གཉིས་མཐུན་པའི་དྲོ་སྐྱིད་ཀླུང་ནས་འཕྱོ། །
དབེན་ཤིང་ལྷིང་བའི་སྐྱེ་ཚར་ལྟུག་པོའི་ཁྲོད། །
ཉམས་ཆུང་འདབ་ཆགས་ཟུང་གི་ཚེ་སྲོག་ལ། །
འགྲམ་ཆུ་ལྡང་བའི་མགོ་ཅོག་ལྡེམ་པོ་དེ། །
བཟོད་མེད་སེམས་ཀྱི་གཏིང་ནས་ཡང་ཡང་འཆོར། །
ལང་ལུང་རྒྱ་མཚོའི་རླབ་དང་མི་གཉིས་པའི། །
བརྩེ་གདུང་སེམས་ཀྱི་རྦ་རླབས་རེ་རེས་ཀྱང་། །
སྔོན་བྱས་དམ་པ་ཞིག་གི་རྐང་རྗེས་ཡང་། །
རྨི་ལམ་ཐུང་ངུ་ཞིག་གི་ཟླ་རུ་བསྒྱུར། །
གཞོམ་བཞིག་འཇིག་པ་མེད་པའི་བརྩེ་བའི་འཛུམ། །
ཡང་ཡང་ཡིད་ཀྱི་ཚར་ན་བཞད་པ་ལ་། །
དངར་སྐྱུར་འདྲེས་མའི་མི་ཚེའི་དྲོ་བ་ཚོར། །
དེ་ཡང་རྡོ་རིང་ཞིག་གི་ཚུལ་དུ་བཙུག། །
ལང་ལུང་དུ་འཕྱོ་བའི་རྒྱམ་མཚོའི་འགྲམ་ངོགས་ནས་དུང་དུང་ཤོར་བའི་སྨྲས་ཞིག། །
ཤར་རིའི་ཚང་ཚིང་ལྟུག་པོའི་འཇིག་རྟེན་ནས། །
འཛུམ་པའི་རི་བོང་འཛིན་པའི་དཀྱིལ་འཁོར་ཡང་། །
ཡོངས་རྫོགས་ལྷོ་མཐའི་མཁའ་ལ་དཔལ་གྱིས་ལྗིད། །
འཕྲི་ལས་འོད་དཀར་འགྱེད་པས་གླིང་བཞི་ཁྱབ། །
རྣམ་དཀར་ཆུ་འཛིན་འཁྲིག་པའི་གུར་ཁང་ནས། །
ལེགས་བཤད་རོལ་མོ་ཁྲོལ་བའི་རྔ་གསང་དེས། །
སྐལ་ལྡན་གདུང་མཐའི་པདྨོའི་ཚར་ཡངས་ཀྱི། །
ཟུམ་པ་འབྱེད་པའི་ཆར་གྱིས་གླིང་བཞི་རླན། །