གངས་སྦལ།
”ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་རེད།” གོང་གསལ་གྱི་སྐད་ཆ་འདི་མྱི་ནག་ཚང་ཞེས་པས་བོད་ཀྱི་དུས་བབ་དུ་བཀོད་པའི་མེར་བསྲེགས་རྗེས་ཀྱི་འཇིགས་སྣང་ཞེས་པའི་རྩོམ་ཡིག་གི་གཤམ་དུ་བཏབ་པའི་མཆན་བུ་ཞིག་རེད། སྐད་ཆ་འདི་ཧ་ཅང་ཡིད་ལ་འཛེར་པོ་བྱུང་། སྐད་ཆ་འདི་རང་ཕྱོགས་ནས་བཤད་པའི་དེ་བས་ཀྱང་ཡིད་ལ་འཛེར་པོ་བྱུང་། ཉེ་ཆར་རྒྱ་ནག་གཞུང་གི་ལག་ཆར་གྱུར་པའི་སི་ཁྲན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱལ་བསྟན་སྤྲུལ་སྐུ་ཞེས་པ་དང་། རྔ་པ་རྫོང་ཆོས་ལུགས་ལས་ཁུངས་ཀྱི་འགན་འཛིན་བསམ་གཏན་དར་རྒྱས་ཟེར་བ་གཉིས་ཀྱིས་བཤད་པའི་སྐད་ཆ་དག་དང་གཅིག་པ་གཅིག་རྐྱང་རེད་སྙམ་ན་ལྷག་ཏུ་ཞེ་སུན་པའི་སྣང་བ་ཞིག་སྐྱེས་ཐལ། གཅིག་བྱས་ན་རྒྱལ་བསྟན་སྤྲུལ་སྐུ་དང་བསམ་གཏན་དར་རྒྱས། མྱི་ནག་ཚང་སོགས་ལྟར་རིག་པའི་གཞུང་ལུགས་མང་པོ་ཞིག་གི་གཏིང་མ་ལོན་པ་ཡིན་ཤས་ཆེ། དོན་དངོས་སུ་རང་གི་ལྟ་ཚུལ་དང་རྦད་དེ་ཁ་ཁར་གྱུར་པ་ཙམ་མ་ཡིན་པར་ཧ་ཅང་ཉེན་ཁའི་རང་བཞིན་གྱི་སེམས་ཁྲལ་འཕར་མ་བྱེད་དགོས་སའི་སྐད་ཆ་ཞིག་ཏུ་གྱུར། ཡང་གཅིག་བཤད་ན་སྐད་ཆ་འདི་བཤད་མཁན་མྱི་ནག་ཚང་ཡིན་པས་ཀྱང་ཡིན་ཤས་ཆེ་སྟེ། མྱི་ནག་ཚང་ནི་ང་རང་ཉིད་ཐེ་བའི་བོད་མི་མང་པོ་ཞིག་གིས་དཔེ་ཆ་པ་འགྲིག་ཙམ་ཞིག་ལ་མཐོང་གི་ཡོད་པས། ཁོང་གིས་འདི་ལྟར་བཤད་དུས་རང་ཉིད་ཀྱིས་རྒྱུ་མཚན་མང་པོས་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ལ་ཐག་བཅད་པའི་དོན་དེ་ཡང་རིག་པའི་གཞུང་ལུགས་ཤིག་དང་བསྡུར་ན་ཅུང་གི་འགྲིག་གི་མེད་པ་ཡིན་ནམ་སྙམ་ནས་དཔེ་ཆ་མང་པོ་ཞིག་གི་དོན་ལ་བསམ་བློ་བསྐྱར་དུ་གཏོང་དགོས་བྱུང་། ཡིན་ད་ཡིན། ངས་ང་ཚོའི་རིག་གནས་ཀྱི་ངོས་ནས་ཏེ་གསལ་པོ་བཤད་ན་ནང་པའི་ཆོས་ཀྱི་དགོངས་དོན་དང་བསྡུར་ནས་བཤད་པ་ཡིན་མོད། གང་གི་དོན་དང་ཇི་ལྟར་མ་འགྲིག་པ་རྩ་བ་ནས་ཤེས་མ་སོང་། ངས་རང་གི་ད་ལྟའི་ཉམས་ལ་དཔོག་ནས་བལྟས་དུས་དེ་བས་ཀྱང་འགྲིག་རྒྱུ་མང་དྲག་པ་མཐོང་གི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཞེས་པ་འདི་མིན་ན་ཅི་ཡིན་སྙམ་པ་ཡོང་གི། འོན་ཀྱང་མྱི་ནག་ཚང་སོགས་ཀྱིས་ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་ཡིན་པར་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན་པའི་ཚུལ་དེ་མཐོང་ན་འདོད་ཀི་ཡ། ཤེས་ན་བསམ་ཀི། དོན་དངོས་སུ་རིག་པའི་གཞུང་ལུགས་གང་དང་རྣམ་ཐར་ལོ་རྒྱུས་ཅི་ཞིག་གིས་འདི་ལ་འགྲེལ་བཤད་མི་འདྲ་བ་ཞིག་རྒྱག་རྒྱུ་ཡིན་ནམ།
སྟག་མོར་ལུས་སྦྱིན་ལ་དགོངས་ནས་རང་ཉིད་རྩ་མེད་དུ་བཏང་བའི་རྒྱལ་སྲས་བྱང་སེམས་དེ་དང་བོད་མི་ས་ཡ་དྲུག་ལ་དམིགས་ནས་རང་ཉིད་མེར་བསྲེགས་བྱེད་པའི་གྲྭ་བཙུན་དང་གྲྭ་ཟུར་དག་གི་མཛད་འཕྲིན་དེ་དག་ཕན་ཚུན་བར་ལ་མཚུངས་བསྡུར་བྱ་རྒྱུ་འདུག་སྙམ།
གངས་སྤལ་ལགས། ༿སེམས་ཅན་གཞན་གྱི་དོན་དུ་རང་ཉིད་ཀྱི་སྲོག་བཅད་ན་དེ་ནི་བྱང་ཆུབ་པའི་སྤྱོད་པ་རེད། ༾ ཟེར་བ་བཞིན་གཏོང་ཕོད་ཅན་འདི་དག་དོན་དངོས་སུ་དེ་འདྲ་རང་ལ་བསམ་ཀྱིན་ཡོད། འོན་ཀྱང་མྱི་ནག་ཚང་གི་དཔྱད་མཆན་དེའི་མགོ་རྐང་ཡོངས་སུ་བསྒྲིགས་ནས་འདང་རྒྱབ་ན། བསམ་བཞིན་དུ་མྱི་ནག་ཚང་གི་རྗེས་འདེད་ལ་ར་མདའ་འདི་གཏོང་དགོས་དོན་འདྲ་འདུག་གམ་བསམ་པ་དྲན་བྱུང་། ལྷག་ཏུ་དཔེ་འཇོག་སའི་མི་བུ་དེ་དག ལོགས་སུ་དགར་ནས་ནགས་ལ་བབ་པའི་སྟ་རེ་ཁྱེར་ན་དགེ་ཕན་ཆེ་ཙམ་མི་འདུག་གམ།
དེང་སྐབས་རྒྱ་ནག་གཞུང་གིས་བཤད་སྟངས་དེ་ཚོ་ང་ཚོའི་མི་སྐོར་ཞིག་གི་ཁ་ནས་གྲག་འོང་གི་འདུག དེ་ཡ་མཚར་དགོས་པ་ཞིག་རེད། འདི་ལོ་ཤས་གོང་ཞིག་ནས་ནད་རྟགས་ཤིག་གི་ཚུལ་གྱིས་མངོན་ཡོང་གི་འདུག རྒྱ་ནག་གི་བཤད་སྟངས་དེ་ང་ཚོའི་རིགས་གཅིག་གི་ཁ ནས་གྲག་ཡོང་དུས། འདི་ཅིས་ཉེས་སམ་སྙམ་པ་ཡོང་གི་འདུག
ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་རེད། ཡིན་ཡང་། རང་ལ་འཚེ་བ་ལས་གཞན་ལ་འཚེ་བའི་གོམ་པ་དེ་ད་དུང་སྤོས་མི་འདུག
ཁྱེད་ཀྱིས་གསུངས་པ་བཞིན་ང་ལའང་སེམས་ཁྲལ་དེ་འདྲ་ཞིག་གིས་མནན་བསྡད་འདུག གཅིག་བྱས་ན་ཚོར་སྣང་དང་སེམས་ཀྱི་སྟ་གོན་འདི་འདྲ་ཞིག་བོད་མི་ཚང་མར་ཡོད་སྲིད་པ་རེད། རྩོམ་ཡིག་འདི་བྲིས་པར་ཐུགས་རྗེ་ཆེ། མྱི་ནག་ཚང་གིས་དུས་བབ་ལ་བཞག་པའི་མཆན་བུ་ཚང་མ་གོང་གསལ་དག་རེད། གཤམ་གྱི་མཆན་བུ་དེས་གོང་གི་མཆན་ཚིག་ལ་འགྲེལ་བ་ཞིག་མི་ཡོང་བ་འདྲ།
ཡང་མྱི་ནག་ཚང་གིས་མཆན་བུ་འདི་འདྲ་ཞིག་ཀྱང་བཏབ་འདུག་ <> འདི་ཡང་གནད་མང་པོ་ཞིག་མ་ཤེས་པས་ལན་འདུག་སྙམ།
མྱི་ནག་ཚང་ལུང་རིགས་རྒྱལ་གྱིས། ད་ལྟ་བོད་ནང་ན་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་འདི་འཚེ་མེད་ཞི་བའི་ལས་འགུལ་མ་རེད། འཚེ་བ་ཅན་གྱི་ལས་འགུལ་རེད་ཅེས་བཤད་ནས། དེར་ང་ཚོའི་རིག་གནས་ཀྱི་ངོས་ནས་བལྟས་ན། འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་ཕར་བརྒལ་ནས། ད་ལྟ་འཚེ་བའི་ལས་འགུལ་ཆགས་ཡོད་ཟེར་གྱི་ཡོད་པ་རེད། མིང་ཚིག་བརྗེས་ནས་བཤད་ན། དྲག་སྤྱོད་ཀྱི་ལས་ཀ་རེད་ཟེར་གྱི་ཡོད་པ་རེད། འདི་ཐལ་ཆ་ཅན་རེད། ད་ལྟ་རྒྱ་ནག་གཞུང་གིས་ཀྱང་སྐད་ཆ་དེ་བཤད་འདོད་ཀྱང་རྒྱུ་མཚན་གྱིས་མ་ལྡེང་ནས་བཤད་ཐུབ་ཀྱི་ཡོད་པ་མ་རེད། ལུང་རིགས་རྒྱལ་གྱིས་ང་ཚོའི་ལས་འགུལ་འདི་འཚེ་བ་ཅན་ཡིན་སྐོར་ང་ཚོའི་རིག་གནས་ཀྱི་ངོས་ནས་ལྟ་སྟངས་ཁ་གསལ་ཞིག་འགྲེལ་བརྗོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཁུངས་ལུང་རྒྱུ་མཚན་དང་བཅས་ཏེ་གསལ་བཤད་ཅིག་གནང་རོགས།
གངས་སྦལ་ལགས། བགྲོ་གླེང་ཐོག་མར་གང་ནས་མགོ་བཙུགས་ན་དེ་ནས་མཇུག་མཐུད་ན་སྟབས་བདེ་བོ་ཡོད་པ་རེད། དྲ་ཐོག་ཡར་མར་གང་སར་རྒྱུག་ནས་ལན་འདེབས་པ་འདིས་བགྲོ་གླེང་དེ་ཚོ་ཡག་པོ་ཡོང་གི་མི་འདུག དེ་བས་འདིར་ལན་མ་བཞག་པ་ཡིན་མ་གཏོགས། ཁྱེད་ཚོར་བརྩི་བཀུར་མ་བྱས་པ་མིན། ངས་ལན་རེ་ཟུང་ཞིག་དུས་བབ་སྟེང་ལ་བཞག་ཡོད་པས་གཟིགས་པར་ཞུ།
ཆོས་ཉམས་ལེན་གྱི་སྐབས་སུ། མིག་རྒྱང་སྲིངས། ཁོག་གསང་ལྷོད། ཅེས་གསུངས་འདུག
ངོ་མ་ཁྱེད་ཚོས་དཀྱོག་འཁྱེར་བྱེད་དགོས་ས་ཞིག་ལ་དཀྱོག་ཀྱང་ཤེས་བཞིན་མེད་པ་འདྲ། མྱི་ནག་ལགས་ཀྱིས་མི་དེ་དག་གི་ཚེ་སྲོག་མེ་རུ་བསྒྲོན་པ་འཕང་སེམས་བྱེད་བཞིན་འདུག་ལ། མུ་མཐུད་ནས་འདི་ལྟར་གཅིག་རྗེས་གཉིས་མཐུད་ངང་མེ་རུ་ཕུལ་ན་ང་ཚོའི་གྱོང་དང་། མི་རིགས་གཅིག་གི་ཁ་གྲངས་ཉུང་དུ་འགྲོ་མི་རུང་བའི་ཚོར་ཤུགས་ལྕི་པོ་ཞིག་ཀྱང་ཁུར་འདུག ལྟ་སྤྱོད་གཉིས་ཀྱི་འགྲེལ་རྒྱག་སྟངས་ལ་ཡང་ཅུང་འགལ་འཛོལ་འདུག་པའི་བསམ་ཚུལ་གནང་འདུག
དྲང་མོར་བརྗོད་ན་མི་གཅིག་གི་ཚེ་སྲོག་གཏན་བྲལ་གནང་ན་འཕང་སེམས་ཆེ། ཡང་ཁ་ཤས་ཀྱི་སྟག་མོ་ལུས་སྦྱིན་དཔེ་རུ་འདྲེན་པ་ནི་དཔེ་དང་དཔེ་ཅན་གཉིས་འགལ་བར་མངོན་འདུག སྟག་མོ་ལུས་སྦྱིན་ནི་བྱང་ཆུབ་སེམས་པའི་སྙིང་རྗེ་ཡི་སྤྱོད་པ་ཡིན་ལ། སྐུ་ཕུང་མེ་རུ་ཕུལ་བ་ནི་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་བའི་ངོ་རྒོལ་གྱི་རྣམ་པ་ཞིག་ཡིན་པས་འདི་གཉིས་ལ་འགྲེལ་ཡང་སོ་སོ་ཞིག་ཡོད་པར་སེམས།
ངས་སྐུ་ཕུང་མེ་རུ་སྒྲོན་མཁན་གྱི་དཔའ་བོ་དེ་དག་མི་རིགས་ཤིག་གི་ཆེད་དུ་རང་ཉིད་བློས་བཏང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ལས། རྒྱུན་ལྡན་ལྟར་སྐྱེ་བོ་སྒེར་པ་ཞིག་རང་ཉིད་སྒེར་གྱི་མི་ཚེ་ལ་འུ་ཐུག་ནས་རང་སྲོག་བཅད་པ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། ལྷག་པར་བྱང་སེམས་ཟེར་ནས་སྟག་མོ་གཅིག་དང་སྟག་ཕྲུག་ཁ་ཤས་ཙམ་གྱི་ཆེད་ལྟར་མིན་པར་དཔའ་བོ་དེ་དག་གིས་ས་ཡ་དྲུག་པོའི་དོན་དུ་རང་ཉིད་བློས་བཏང་བ་ཡིན་སྟབས་གཞན་དོན་གྱི་ཀུན་སློང་ཆེ་ཙམ་ཡོད་པར་འདོད་ཀྱིན་ཡོད།