ཨེ་མ་ཧོ།
ན་མོ་གུ་ར་ཝེ།
ཆོས་ཀུན་དེ་ཉིད་རྟོགས་པའི་ངེས་དོན་བླ་མ།།
ཆོས་རྗེ་ཡིད་བཞིན་ནོར་བུ་སྙིང་ནས་དྲན་ཚེ།།
ཆོས་ཀྱི་གྲོང་ཁྱེར་བརྗེད་པའི་གོ་སྐབས་བྲལ་ཞིང་།།
ཆོས་མཆེད་སྙིང་གྲོགས་ཡོངས་ལ་མྱ་ངན་ཞུའོ།།
འདུས་བྱས་མི་རྟག་ཡིན་པ་དངོས་པོ་ཆོས་ཉིད།།
ཟག་བཅས་སྡུག་བསྔལ་ཡིན་པ་འཁོར་བའི་རྣམ་གྲངས།།
ཆོས་རྣམས་བདག་མེད་ཡིན་པ་རིགས་པའི་གྲུབ་ཆ།།
མྱང་འདས་བདེ་ཆེན་ཞི་བ་ཐར་ལམ་མཐར་ཐུག།
གངས་ལྡན་ཉེར་ལྔའི་གདན་ས་སྟོང་པ་བཟོས་ཞིང་།།
བྱང་ཕྱོགས་ས་ལུའི་སྨན་ལྗོངས་རྩ་མེད་གཏོར་ཐལ།།
མཁས་གྲུབ་དམ་པའི་འབྱུང་གནས་འདྲེ་ལག་གཡུགས་པས།།
གངས་ཅན་མེ་ཏོག་འཛུམ་པའི་གཡང་ར་ཉམས་སོང་།།
གསེར་ལྗོངས་ལྔ་རིག་ཞིང་ས་དམ་ཆོས་གྲོང་ཁྱེར།།
ཉེས་མེད་སྣོད་བཅུད་བརླགས་པའི་ཚུར་རྣམ་མཐོང་ཚེ།།
སྙིང་དཀྱིལ་ཚལ་བ་སྟོང་དུ་གས་དང་མཚུངས་ཕྱིར།།
སྐྱོ་བའི་མྱིག་ཆུ་སྙིང་གི་ན་ཚ་འཕར་ནས།།
རྩ་གསུམ་རྒྱལ་བ་རྒྱ་མཚོར་ར་མདའ་སྒྲོན་ནོ།།
ཕྱི་སྣོད་མི་རྟག་འབྱུང་བའི་འཕོ་འགྱུར་ཙམ་ལ།།
ནང་བཅུད་མི་རྟག་སེམས་ཀྱི་རྟོག་འགྱུའི་བརྡ་ཙམ།།
ཐམས་ཅད་མི་རྟག་སྒྱུ་མའི་ངང་ཚུལ་ཡིན་ཡང་།།
བསམ་བཞིན་ཐུབ་ཚོད་བྱེད་པ་བཟོད་ནུས་ཐུབ་བམ།།
ཆོས་ལུགས་ཕྱོགས་ཞེན་ཞིག་གི་དུག་ནད་རྒྱས་པའི།།
ཆོས་མེད་དམར་པོ་ཚང་གི་བྱེད་སྟངས་འདི་ཉིད།།
ཆོས་བཞིན་སྤྱོད་པས་མཐོང་ན་སྙིང་རླུང་ལྡིང་གི།
ཆོས་སྐྱོང་སྲུང་མས་མཐུ་རྩལ་དུས་ལ་བབས་སོ།།
བཀྲ་ཤིས་ཆོས་དུང་དཀར་པོའི་སྒྲ་དབྱངས་ཆད་ན།།
བྱང་ཆུབ་སེམས་དཔའི་གཞན་ཕན་དཀྱིལ་འཁོར་དོར་ན།།
སངས་རྒྱས་ཚེམས་ཕྲེང་བཞི་བཅུའི་ཕྲེང་བ་འཐོར་ན།།
ལྷ་དབང་རྒྱལ་བྱིན་རྫས་རྟགས་ཉམས་པ་མིན་ནམ།།
ཚངས་དགས་སངས་རྒྱས་ཕུལ་བའི་གདུགས་དཀར་ཡལ་ན།།
སྐུ་ཐོད་ཁྱིམ་ཟླུམ་གཡོ་བའི་བ་དན་ཆག་ན།།
བསོད་ནམས་ཡེ་ཤེས་རང་རྩལ་འོད་གསལ་ནུབ་ན།།
རིན་ཆེན་གདུགས་མཛེས་གསེར་ཡུ་བོར་བ་མིན་ནམ།།
བཤད་སྒྲུབ་བསྟན་པའི་འབྱུང་གནས་བླ་མ་རུང་ན།།
རྫོགས་སངས་རྒྱས་པའི་སྐུ་ལས་ཕས་རྒོལ་འཇོམས་ན།།
མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་ཁ་ཐོབ་ན།།
ཕྱོགས་ཀུན་རྣམ་པར་རྒྱལ་བའི་རྒྱལ་མཚན་མིན་ནམ།།
ལུང་རྟོགས་ཤེས་རབ་ཡེ་ཤེས་སྤྱན་བཟང་མངའ་ན།།
ཐབས་ཤེས་མཚོན་བྱེད་གཡུ་གཤོག་གསེར་མིག་ཡོད་ན།།
མཛེས་སྡུག་འོད་འཁྱུག་ལྡན་པའི་བཟོད་པ་སྒོམ་ན།།
མི་སྲིན་སྐྱེ་བོའི་ངན་སྤྱོད་ཇི་ལྟར་སྡུག་ན།།
རང་དབང་གཙང་ཁྱབ་རྒྱུ་བའི་གོ་སྐབས་ཡོད་དམ།།
ཚངས་པས་གསེར་འཁོར་རྩིབས་སྟོང་སངས་རྒྱས་ཕུལ་ན།།
བདེ་གཤེགས་ཕྱག་ཞབས་མཐིལ་དུ་ཆོས་འཁོར་བཀྲ་ན།།
བསོད་ནམས་སྨོན་སྟོབས་ལས་འཁོར་ལོས་མཚོན་ན།།
ཐེག་གསུམ་ཆོས་འཁོར་འདི་རྒྱུན་གཅོད་ཕོད་དམ།།
སྟོབས་བཅུའི་ཡོན་ཏན་རི་མོའི་དཔལ་བེའུ་ཉམས་ན།།
འོད་གསལ་འཇའ་ལུས་ཐེག་པའི་གདན་ས་གཏོར་ན།།
དབང་ལུང་མེ་ཏོག་པདྨ་དཀར་པོའི་དྲི་བཟང་ཡལ་འགྲོ།།
དམ་ཆོས་གཏེར་ཆེན་བུམ་པའི་བདུད་རྩི་བསྐམ་ན།།
འཆི་མེད་ཡེ་ཤེས་བརྙེས་པའི་རྒྱུད་པ་གཅོད་ན།།
དམ་སྲི་སྡུག་དགུའི་ཧ་གད་གསན་པ་ལགས་ན།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་བླངས་ཤོག།
བདེ་གཤེགས་ཆོས་སྐུའི་རྒྱལ་དབྱིངས་ནས་བཞེང་སྟེ།།
ཞི་ཁྲོ་རྒྱལ་བའི་ལོངས་སྤྱོད་ཞིང་ཁམས་ངོམས་ནས།།
སྣ་ཚོགས་འགྲོ་བ་འདུལ་བའི་དུས་འཁོར་དཀྱིལ་འཁོར།།
མཚུངས་མེད་སྤྲུལ་སྐུའི་ཕྲིན་ལས་ལྷུན་གྲུབ་སྨོན་ནོ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཐ་སྐར་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་དམ་ཚིག་གཅིག་པའི་ཆོས་མཆེད་དམ་པ་དང་ཆོས་སྒར་ཆེན་མོ་ལ་གློ་བུར་བར་ཆད་བྱུང་ལ་གདུང་སེམས་མཉམ་བསྐྱེད་དུ་གང་ཤར་དག་ཤྲྰིས་རྒྱ་གར་གོ་འཇོ་གསེར་འབྲུག་མགྲོན་ཁང་ནས་བགྱིས་པར་དགེའོ།། །།
༅༅། རྒྱ་དམར་པོ་ཆོས་མེད་ཀླ་ཀློ་ཡིས་བྱེད་སྟངས། འདི་བསམ་ན་མིག་ནས་མིག་ཆུ་ཡི་ཐིགས་པ།
ཉིན་ཀུན་ཏུ་ཐོན་བཞིན་སྐྱབས་སུ་ལ་བཅོལ་ལམ། ལྷ་སྲུང་མ་ཡུལ་ལྷ་རྣམ་པ་ཡི་མཐུ་ཞིག།
འདོན་ནུས་པ་མེད་པ་ཅི་ཞིག་རང་ཡིན་ནམ།
གསར་པ། གསར་བ། གསར་ཤོས། ཤྲི་མཆོག་ལ་བློ་སྐྱེད་དུ་ཕུལ།། །།
གསར་བ་འདི་ཁྱད་ཚིག་དང་། གསར་པ་འདི་མིང་ཚིག་རེད། འདི་གཉིས་ལ། བ་དང་པ་ཐོབ་མི་ཐུབ་ཀྱི་ཁྱད་པར་འབྱེད་ཤེས་དགོས་འདུག
དེས་ན།
མྱིག་ཆུ་དང་སྙིང་ནད་གསར་བ།
འདི།
མྱིག་ཆུ་དང་སྙིང་ནད་གསར་པ།
འབྲི་དགོས།