ཨེ་མ་ཧོ།
གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་ཀུན་དགའ་ནོར་བུ་ཞེས་བྱ་བ།
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
ཆོས་དབྱིངས་སྐྱེ་ངང་ལས་མ་གཡོས་ཀྱང་།།
དམིགས་མེད་ཐུགས་རྗེའི་སྤྱན་རས་རྟག་གཟིགས་པའི།།
རྒྱལ་དང་རྒྱལ་བའི་སྲས་ཀུན་དེང་འདིར་དགོངས།།
བསྟན་པའི་རྒྱལ་མཚན་འཛིན་པའི་ངག་གི་དབང་།།
བཤད་སྒྲུབ་ཕྲིན་ལས་མཛད་པའི་སྤྲུལ་པའི་སྐུ།།
དཀར་མཛེས་གདོང་ཐོག་དམ་པ་རིན་པོ་ཆེ།།
སླར་ཡང་ཞིང་འདིར་མྱུར་ཏུ་བྱོན་པར་འཚལ།།
མཆོག་གི་འདྲ་འབག་གསུང་རབ་ཁང་བཟང་ལས།།
དམ་པའི་ཚུལ་དགུའི་རྒྱན་པའི་ལེགས་བཤད་ཚོགས།།
མཆོད་སྦྱིན་གཏམས་པའི་ངོ་མཚར་དགའ་སྟོན་དག།
ནམ་ཡང་ཉམས་མེད་སྤེལ་ཕྱིར་སླར་ཡང་བྱོན།།
ལམ་འབྲས་བཤེས་གཉེན་རྒྱ་མཚོའི་གཉེན་གཅིག་པུ།།
ས་ངུར་ཚར་གསུམ་བསྟན་པའི་མཛེས་རྒྱན་ཉིད།།
ཉེས་ཚོགས་མུན་པའི་ཕྱོགས་ཀུན་རབ་བསལ་ནས།།
སྙིགས་ལྔའི་མུན་ནག་འཇོམས་ཕྱིར་མྱུར་བྱོན་གསོལ།།
མགོན་ཁྱེད་ཞི་བའི་དབྱིངས་སུ་མ་གཟིམ་པར།།
སྲིད་འདིར་མཆིས་པའི་བསྟན་དང་འགྲོ་བའི་མཁར།།
རིང་མིན་མཚན་དཔེའི་འོད་སྟོང་རབ་གསལ་ནས།།
མཆོག་སྤྲུལ་ཉིན་བྱེད་གཞོན་ནུ་མྱུར་བྱོན་གསོལ།།
མཁས་དབང་དམ་པ་གོང་མའི་རྣམ་ཐར་འཛིན།།
རང་ལུགས་མ་ནོར་ཚུལ་བཞིན་རྗེས་སུ་སྐྱོང་།།
བཤད་དང་སྒྲུབ་པའི་ཕྲིན་ལས་ཕྱོགས་ཀུན་སྤེལ།།
མཚན་ལྡན་སྤྲུལ་སྐུ་དམ་པ་མྱུར་བྱོན་གསོལ།།
དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་།།
ཆོས་ཉིད་རྟེན་འབྲེལ་ཟབ་མོའི་བདེན་པ་དང་།།
བདག་གིས་ལྷག་བསམ་དག་པའི་བདེན་པ་འདིས།།
ཡང་སྲིད་བདེན་པ་མྱུར་བྱོན་འགྲོ་དོན་མཛོད།།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དཀར་ཕྱོགས་དགའ་བ་དང་པོར་ཉམ་ཆུང་གི་འཚོ་བའི་མཁས་པ་ཆེན་པོ་གདོང་ཐོག་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་རྫོགས་ཀྱང་གསུང་རབ་ཀྱི་འདྲ་འབག་བཟོ་ཡི་སྤྲུལ་སྐུ་བཞུགས་བཞིན་ན་ཡང་། བྱང་ཨ་རིའི་གྲོགས་པོ་ཞིག་གིས་འབོད་སྐུལ་དང་། རང་ལ་མཚོན་ན་དམ་པ་ཉིད་ལ་ཞལ་མཇལ་གསུང་ཐོས་སོགས་ཟུར་ཙམ་མེད་ན་ཡང་ཐོང་རངས་སྟག་གི་དུས་སུ་རྨི་ལམ་དུ་ས་སྐྱའི་དཔལ་མོ་ཡིན་[འབག་མོ་མིན་ནམ་སྙམ་མཆན།]ཞེས་པའི་མཁའ་འགྲོ་གར་ཆས་ཅན་ཞིག་གིས་མངོན་སུམ་ལྟ་བུས་འོ་ཇ་དཀར་ཟས་གནང་ནས་བཀའ་བསྐུལ་ལ་བསྟེན་རྨི་ལམ་ཉིང་འཁྲུལ་ལ་ཡང་གནས་སྐབས་ཙམ་དུ་བདེན་པ་འཛིན་པའི་ཤྲྰི་ཨ་ནནྟ་བཛྲ་འམ་རིག་འཛིན་ཨེ་མ་ཧོས་དཔལ་རིན་རྒྱལ་མཁར་ནས་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།
ཤིན་ཏུ་ལེགས་ངོ་མཚར་ཆེ་ཨེ་མ་ཧོ་།
རྗེས་སུ་ཡིད་རངས་ཡོད་ཐུགས་རྗེ་ཆེ་།
གདོང་ཐོག་ཡང་སྲིད་མྱུར་དུ་ཕེབས་པར་སྨོན་།
སྨོན་ལམ་རྒྱལ་པོ་དེ་བཞིན་འགྲུབ་པ་དང་།
འགྲོ་བའི་དོན་བཟང་གླིང་འདིར་སྤེལ་བ་ནས་།
མ་དག་སེམས་ཅན་མཐོ་རིས་འདྲེན་པ་ཤོག་།
གདོང་ཐོག་ཡང་སྲིད་མྱུར་བྱོནད་ཤོག །
བཀྲ་ཤི་ཚེ་རིང་མྱུར་བྱོནད་ཤོག །
རཀ་ར་སྤྲུལ་སྐུ་མྱུར་བྱོནད་ཤོག །
བར་ཞི་ཕུན་དབང་མྱུརད་བྱོན་ཤོག །
ཀུན་དགའ་ནོར་བུ་ཟེར་ན་དངུལ་ལ་གོ་བས། གདོང་ཐོག་སྔོན་མ་སྐྱོ་བོར་གནས་པ་དེ་དང་འབྲེལ་བ་བཀོད་དེ་བྲིས་པ་རེད་དམ།
ངོས་ལ་ཆ་བཞག་ན་གདོང་ཐོག་རིན་པོ་དངོས་སུ་ཞལ་མཇལ་སྐལ་བཟང་ཐོབ་པའི་རེ་བ་རྒྱུན་བཅངས་ངང་རིན་པོ་ཆེ་རྟེན་འབྲེལ་གཞན་དབང་དུ་གྱུར། ཁོང་གི་གསུང་རྩོམ་ཁག་གིས་བསྟན་པ་རིན་པོ་ཆེར་བླ་ན་མེད་པའི་དག་ཐེར་ཞབས་འདེགས་དང་ཨིན་བོད་ཚིག་མཛོད་བཅས་ཀྱིས་དོགས་གཅོད་བློ་སྐྱེད་སྤྲོད་སྟངས་ལ་བསམ་ན་ཁོང་སྐུ་གཤེགས་པ་དེར་གཞན་དང་མ་འདྲ་བའི་ཕངས་སེམས་ཞིག་སྟེར། གང་ལྟར་རིན་པོ་ཆེའི་་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་དང་ལྷད་མེད་པའི་ལྷག་བསམ་འཕྲིན་ལས་ཀྱི་རྒྱུན་དེ་ནམ་ཡང་བསྟན་དང་འགྲོ་བའི་དཔལ་དུ་འཕེལ་ཞིང་རྒྱས་པའི་སྨོན་ལམ་འདེབས།