བསྟན་པའི་དངོས་གྲུབ།
སྤྱི་འཐུས་ཡིན་ཁུལ་བསམ་མེད་རེ་ཟུང་གིས།།
ཆོལ་ཞེན་སྒེར་ནད་སྤྱི་ལ་འཁྱེར་ཡོང་ནས།།
ཨ་མ་ལྟ་བུའི་བོད་མིའི་སྒྲིག་འཛུགས་འདི།།
ཧམ་པ་ཆེན་པོས་གཏོར་འདོད་འདི་ཡ་མཚན།།
ས་ཆ་སྦར་གང་བདག་དབང་མེད་བཞིན་དུ།།
ཤ་ཚ་ཡོད་མདོག་ཤ་འཁོན་རྩོད་པ་དང་།།
ལ་རྒྱ་ཡིན་མདོག་རྩ་དོན་ཡིན་ཟེར་མཁན།།
ར་ལུག་ལས་ཀྱང་གླེན་པའི་སྤྱི་འཐུས་འགའ།།
ཡ་མཚན་སྤྱོད་ངན་འཛེམ་བག་མེད་པ་ལ།།
འ་ཆད་འུ་ཐུག་གཞུང་ལ་རྒོལ་བ་ཚོས།།
ཟ་འཐུང་ལྟོ་གོས་ཙམ་ཡང་མི་འཇོན་པར།།
ཞ་བོ་ལག་རྡུམ་བྲག་ལ་འཛེགས་པ་བཞིན།།
ཝ་མོ་འདྲ་བའི་འཇུ་ཆེན་དཀོན་མཆོག་གིས།།
ཛ་དྲག་གནས་སྐབས་གོ་སྐབས་འདི་བཟུང་ནས།།
ཚ་དང་གཡེར་མ་ལྟ་བུའི་སྐད་ཆ་དེས།།
ཙ་ཀུ་ར་སྐྱེས་ལྟ་བུའི་གྲོས་ཚོགས་གཏོར།།
མ་རུངས་ཇུས་ངན་ཁོག་བཟུང་སྤྱི་འཐུས་ཚོགས།།
བ་གླང་ལས་ཀྱང་གཏུམ་དྲག་ཆེ་བ་འདི།།
ཕ་མ་བཟང་བོའི་བསླབ་བྱ་མ་ཐོབ་རྐྱེན།།
པ་ཏྲ་ལྟ་བུའི་གྲོས་ཚོགས་མཐོང་ན་སྐྱོ།།
ན་ནིང་རྐྱེན་ངན་ཉོག་དྲ་འདི་ལྷག་ནས།།
ཏཱ་ལའི་བླ་མ་མཚན་འཁོད་སྙན་ཞུ་ཕུལ།།
ཐ་མ་དམ་བཅའ་རྫུན་མ་ཞིག་ཕུལ་ནས།།
ད་ལྟ་བར་དུ་ཉོག་དྲ་རྐྱང་རྐྱང་བཟོས།།
ཉ་ཉོག་ཅན་གྱི་གྲོས་ཚོགས་ར་བ་འདི།།
ཇ་ཆང་ཁ་ཟས་རོལ་བ་མང་དྲགས་པས།།
ཆ་ལུགས་འདྲ་མིན་སྣ་ཚོགས་མཐོང་ཡོང་སྐབས།།
ཅ་ལག་རིན་ཐང་མེད་པ་ངང་གིས་རྟོགས།།
ང་ཡིན་ཁོ་ཡིན་ཟེར་ནས་ཚིག་གི་བརྡ།།
ག་དུས་ཡིན་ཡང་མེད་པ་མི་སྲིད་པས།།
ཁ་ནས་ཅི་བཤད་འགན་ཁུར་མི་དགོས་པས།།
ཀ་བ་གསུམ་པོ་ཁ་ཆག་སྣ་རལ་བཏང་།།
སྐབས་བཅུ་བདུན་པའི་བོད་མི་མང་གྲོས་ཚོགས་འཚོགས་དུས་ ༤ འདི་་ལྟར་རྐྱེན་ངན་བྱུང་སྐབས་ཡིད་སྐྱོ་བའི་ངང་ཧྥ་རན་སི་ནས་ལས་ཞོར་ལ་བྲིས་སོ།།