ཨ་འབྲུག་དཀོན་མཆོག—-
སྣང་བའི་སྤྲིན་པ་མྱོང་བའི་ཆུ་ཁུར་ཅན། །
འཚོ་བའི་རི་ཐང་ཀུན་ནས་འགོག་མེད་འཕྱུར།།
དབྱིབས་དང་ཁ་དོག་མ་ངེས་སྣ་ཚོགས་ཀྱིས།།
སེམས་ཀྱི་འཇིག་རྟེན་མོག་ཅིང་འཁྲུག་པར་བྱེད།།
ཆུང་གི་དྲན་སྣང་འཇའ་རིས་ཐགས་བྲན་དང་།།
གཞོན་པའི་རེ་བཞག་དཔྱིད་མགོའི་མེ་ཏོག་མ།།
མི་ཚེའི་སྣང་བ་སྨུག་ལོང་ཐང་བྲན་ཁྲོད། །
ད་ནི་སྣང་ཙམ་ཡལ་ཙམ་ཉིད་དུ་ངེས། །
དུས་ཀྱི་སྐུད་པར་བརྒྱུས་པའི་མི་ཚེའི་ཕྲེང་། །
གཞན་དབང་ལག་པས་འདྲེན་པར་མ་ངེས་པས། །
ཚོར་བ་ཁྲིམས་ཀྱིས་འཛེར་བའི་ར་བ་རུ།།
རང་སེམས་བཙོན་ལ་ཚུད་ཙམ་ཤོར་ཙམ་གདའ། །
རེ་བའི་གཤོག་པ་རེས་ཆད་རེས་སྐྱེས་དེས།།
ཡར་ལ་བཏེགས་ཤིང་མར་ལ་བརྡབས་པ་ཡི།།
སེམས་ཀྱི་བྱེའུ་ཆུང་ངལ་བའི་ཁ་དོག་ཅན།།
སྣང་བའི་མཁའ་ན་འཕུར་མ་ལྡིང་གིས་གཡོ། །
སྣང་བ་རགས་མོའི་སེམས་ཀྱི་རྒྱལ་ཁམས་ནས།
འཆར་ཡན་གནམ་ལ་འདྲེས་པའི་སྤོབས་པ་ཡང་།།
མྱོང་སྣང་ཕྲ་བ་ཚེར་མའི་རྩེ་མོ་ཡིས། །
དམ་ལ་འདོགས་པའི་ངང་ཚུལ་ཉམ་རེ་ང་།།
བདེ་མོའི་ཐང་ནས་ལྷང་ལྷང་སྐད་སྙན་ཡང་།།
རྩུབ་མོའི་གཤོངས་ནས་ཅབ་ཅོབ་སྒྲ་ངན་པའི། །
མི་སེམས་ཚོར་བའི་ཆུ་མིག་རྙོག་པོ་འདི། །
དུས་ཀྱི་རི་ལུང་ཁྲོད་ན་ཆོ་ངེས་འཕྱོ། །
རེ་བ་འཇག་སྐྱའི་རྩེ་མོས་བཏེགས་ནས་དགོད། །
དོགས་པ་རིལ་མའི་རྡོག་ལམ་ཁེགས་ནས་ངུ་། །
རང་ཅག་ཕལ་བའི་སེམས་ཀྱི་གཉོམ་ལག་འདི།།
སྐྱེ་བ་འདི་ལ་འཚར་ལོངས་དཀའ་བར་སྣང་།།
མི་སྡེ་རྒྱ་མཚོ་ཁོལ་མའི་རླབས་རྩེ་ནས།།
སྐྱེ་བོ་རེ་རེ་ཟེགས་མ་ཉམ་ཆུང་རེ།།
སྟོང་བའི་དབྱིངས་སུ་འཕྱོ་ཚུལ་སྒེག་ན་ཡང་།།
བྱེ་མའི་ཐང་ལ་བརྡབ་ཚུལ་སྐྱི་རེ་གཡའ།།
འུར་འདྲོགས་རླུང་གི་མགོ་བོ་མཐོ་མཐོ་ཡང་། །
འཚོ་བའི་འདམ་གྱི་རྐང་ཟུང་ཉམ་ཆུང་བས། །
མགོ་རྐང་ཡ་འགལ་གྱུར་བའི་ལས་དབང་གི །
ཚེ་མའི་ལྕགས་ཀྱིས་སྙིང་ལ་བྲབ་པ་གཟན། །
དྲན་པ་རབ་རིབ་སྲང་གི་གཏམ་ལ་ཐོགས།།
གོམ་འགྲོས་འཁྱར་འཁྱོར་འཚོ་བའི་རྙི་ལ་ཐོགས།།
འཕར་རྩ་གཉོམ་པོས་བྱིལ་ཙམ་སྒུལ་ཙམ་འོག །
སྙིང་ཆུང་གཅེར་བུ་མྱོང་བའི་བཙོན་ལ་ཐོགས།།
ཆགས་སྡང་ཕག་མཆུ་ངར་མས་རྐོ་སློག་གི།
སྣང་ཚུལ་སྙིགས་རོའི་ཚིག་གི་དྲི་ངན་གྱིས། །
རྫབ་དོང་ཁྲོམ་སྟོན་ངོ་མཚར་གནས་ཡིན་ཞེས། །
ཀྱེ་མ་བྱིས་པའི་ཚོགས་ནི་ག་ཆད་འུར། །
རང་སེམས་གནོང་གི་དོང་ནས་མ་ཐར་བའི།།
འཁུན་སྒྲ་གླུ་རུ་བཅོས་པའི་ཨག་རྒྱང་ཆེ།།
ངག་གི་རླངས་པར་འཕྱུར་བའི་ང་རོ་ཙམ།།
དབྱངས་ཅན་རིག་བྱེད་རོལ་མོ་ག་ལ་ཡིན། །
འདི་སྣང་ཡིད་བྱེད་རླུང་གི་འཕྲུལ་འཁོར་གྱིས།།
བྱེ་མར་གཙུབས་པའི་སེམས་ཀྱི་རྡུལ་སྐྱ་བོ།།
ཆད་མེད་འབབ་པའི་མི་ཚེའི་བྱང་ཐང་ནས།།
རང་སེམས་གཅེར་བུ་མཐོང་མཁན་འགའ་ཡོད་དམ། །
གཉིད་ཙམ་སད་ཙམ་ལྟ་བུའི་མི་ཚེ་འདིར།།
འཁྲུལ་དང་བདེན་པའི་ལྟད་མོ་མང་ན་ཡང་། །
ཚོགས་དྲུག་འཕྲོ་འདུའི་རླབས་ཀྱི་གཉེར་མ་ཅན། །
སེམས་ཀྱི་མཚོ་ཆེན་སྐྱོམས་པར་འགྲན་ནུས་ཅི། །
རྟོག་པའི་བར་སྣང་མུན་པའི་གོས་ཅན་ནས།།
ཡི་གེའི་གློག་འགྱུ་ཚོར་བའི་གདངས་རོལ་ཅན།།
མྱོང་བའི་གཏིང་ནས་འདྲེན་པའི་རྩལ་ལྡན་པ། །
རིག་པའི་མགྲིན་པ་དབྱངས་ཀྱིས་སྒེག་པས་སོ། །