ཨ་འདུས་སྐལ་བཟང་རྒྱ་མཚོ།
ཙོང་ཁའི་ཡུལ་ནས་སྔར་མེད་བུ་ཞིག་འཁྲུངས།།
དབུས་སུ་ཕེབས་ཏེ་རིས་མེད་དམ་པ་བསྟེན།།
ཤེས་རབ་རྣོ་བས་གྲུབ་མཐའ་གསར་པ་བརྩམས།།
དམ་པ་དེ་ལ་བློ་བཟང་གྲགས་པར་འབོད།།
ངག་དབང་གྲགས་པ་ལ་སོགས་ཐུགས་སྲས་བསྐྱངས།།
དགའ་ལྡན་རི་བོའི་རྩེ་རུ་གདན་ས་བཏབ།།
བོད་ཀྱི་རྒྱལ་སར་ཆོ་འཕྲུལ་སྨོན་ལམ་བཙུགས།།
མི་བོ་ཆེ་དེར་ཙོང་ཁ་པ་ཞེས་བྱ།།
ལུང་དང་རིགས་པའི་རལ་བ་ལྗིད་ཆེ་བས།།
མཁས་གྲུབ་མང་པོའི་ང་རྒྱལ་མེ་ལོང་བཅག།
ཞི་དུལ་མཚན་དཔེའི་དཔལ་གྱིས་འཛུམ་པ་ཡི།།
སྐྱེས་མཆོག་གང་དེ་དྲན་ན་གློ་བ་དགའ།།