གདུགས་དཀར་རྒྱ་མཚོ།
ཆལ་ཆིལ་རླབས་ཀྱིས་གཏོར་བའི་དུས་རབས་ནང་།།
ལང་ཚོའི་སྒེག་ཉམས་ངོམས་པའི་ང་རྒྱལ་གྱིས།།
དབྱངས་གསལ་སོ་བཞིའི་ལས་དབང་ཉམས་ནའང་།།
ཙོང་ཁའི་སྣ་བོ་ཆེ་ཡིས་རིན་ཐང་རྙེད།།
མག་མོག་སྤྲིན་པའི་གསེབ་ཏུ་ཟུག་ནའང་།།
མགྲིན་པའི་སྒྲོན་མེ་གསལ་བོར་མ་མཐོང་ལ།
དམིགས་འདུན་ས་ལ་བཞག་པར་བསྐྱོད་པའི་ཚེ།།
ཙོང་ཁའི་སྣ་བོ་ཆེ་ཡིས་དཀར་ངོགས་བསྟན།།
རང་རྒྱལ་གཞན་ཕམ་ཞིག་གིས་རྒུད་པའི་སྐབས།།
ལེགས་བཤད་ཆོས་ཀྱི་དགའ་སྟོན་ཆུ་རྒྱུན་གནང་།།
རང་གི་བློ་ཡིས་བུམ་པ་གང་བྱོ་བ།།
ཙོང་ཁའི་སྣ་བོ་ཆེ་ཡིས་མིང་བྱང་འོངས།།
དབུས་ཀྱི་ཕྱོགས་ལ་མཁས་པར་མང་ནའང་།།
རང་ལུགས་གཏད་སོ་མེད་པའི་ཆོས་པ་ཆིལ།།
དགོངས་པའི་སྙིང་པོ་ཟབ་མོ་དབུ་མའི་ལུགས།།
སྙིང་བོར་འཁྲུངས་པ་ཙོང་ཁའི་སྣ་བོ་རྒྱལ།།
གྲུབ་མཐའ་ཕྱོགས་སུ་འཛིན་པར་ཕལ་མོ་ཆེ།།
མདོ་སྔགས་ཡོངས་རྫོགས་མཁས་པ་ཕྱོགས་རེ་བ།།
ས་སྒང་འདི་ནས་ཙོང་ཁའི་ལུང་རིག་རྙེད།།
མཁས་པའི་ཁྱུ་མཆོག་ཙོང་ཁའི་སྣ་བོ་ཆེ།།
ཡོད་མེད་དོན་ལ་རིག་པའི་གནད་བརྒྱ་བསྲིངས།།
འུར་ཟིང་འབྲེལ་བའི་ཚོམས་ཆེན་བཀང་གྱུར་ན།།
བཅུ་ཕྲག་རིག་པའི་རྩལ་རབ་རྫོགས་མཁན་དེ།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་མ་ཡིན་སུ།།
གངས་ལྗོངས་བསྟན་པའི་ཉི་མ་བྱང་དུ་དར།།
བསྐལ་བའི་མཐར་ཡང་འཇིག་པ་བསྟན་པའི་ཚེ།
བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་ཕེབས།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་ཕྱོགས་ལས་རྒྱལ།།
གསེར་ཏོག་རྩེ་རུ་ཅན་ནས་བཞུགས་མ་མྱོང་།།
ཕྱི་ཚུལ་མཛེས་པའི་གྲོང་པ་བྱེད་མ་མྱོང་།།
ངེས་འབྱུང་ཞི་བའི་ཆོས་སྐད་ཆད་མ་མྱོང་།།
ཙོང་ཁའི་སྣ་བོའི་རང་ལུགས་གཏད་སོར་ངེས།།
འགྲོ་བའི་དོན་ཆེན་གཙུག་ནས་དོར་མ་མྱོང་།།
ལྟ་སྒོམ་སྤྱོད་གསུམ་ཐུགས་ནས་བརྗེད་མ་མྱོང་།།
ཆོ་ལོའི་མིང་བྱང་སོགས་ནི་འཚོལ་མ་མྱོང་།།
ཙོང་ཁའི་སྣ་བོའི་སྙིང་སྟོབས་ཡལ་མ་མྱོང་།།
འཇིག་རྟེན་མི་རྟག་ཞིག་གིས་ངང་ཚུལ་བསྟན།།
གཉུག་མའི་གཤིས་ལ་ཅུང་ཙམ་བསྟན་པའི་ཚེ།།
བདེ་ཆེན་རྩལ་དགུའི་གཟིམ་ཤག་ནུབ་ཏུ་ཡལ།།
ཙོང་ཁའི་ཤུགས་རྒྱུན་རིང་མོ་འོད་ཆེམ་ཆེམ།།
ལྷ་ལྡན་ལྔ་མཆོད་ཚོགས་ཀྱི་ཞིང་སར་གྱུར།།
ཙོང་ཁའི་བསྟན་བཅོས་དག་ནི་མིག་གཅིག་གྱུར།།
ཁྱེད་ཉིད་འདས་ནས་ལོ་གྲངས་མང་འཁོར་ཀྱང་།།
མཚན་གྱི་དཀྱིལ་ན་འོད་ཀྱིས་ཁྲ་ལྷམ་ལྷམ།།
ས་སྲོལ་ཉི་མའི་དྲོད་ཁོལ་ནུབ་ཏུ་ཡལ།།
ཙོང་ཁའི་སྐྱེས་རི་མགོ་བོ་སྨུག་པར་འཐིབས།།
བུ་སློབ་སྐར་ཚོགས་མང་པོས་རྗེས་དྲན་བྱས།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་མུན་པའི་རྒྱལ།།
༢༠༡༥ བོད་ཟླ་༡༠ ཚེས་༢༥ ཉིན་རང་ཤག་ཏུ་བྲིས།
མཁན་སློབ་ཆོས་གསུམ་ཆོས་སྲིད་ཉམས། །
བཀའ་བརྒྱུད་ས་སྐྱས་དར་ཆ་འཕྱར། །
བསྟན་པ་རྨང་ནས་འགྱེལ་བའི་དུས། །
སྣ་བོ་ཆེ་ཡིས་དར་ཆེན་བཙུགས། །
ལྟེ་ཁྲག་ཨ་མདོའི་ཡུལ་དུ་ལྷུང་། །
ཆུང་ནས་ཨ་མདོའི་ཡུལ་ནས་ཐོན། །
མིང་ཐོག་ཨ་མདོའི་སྣ་བོ་ཆེ། །
མཚན་སྙན་ཨ་མདོའི་ཙོང་ཁ་པ། །
ཙོང་ཁ་པ་ཡི་བསྟན་དང་མཇལ། །
ངེས་འབྱུང་བྱང་སེམས་ཡང་དག་ལྟ། །
ཅུང་ཟད་ཐོས་ལྡན་བསྟོད་པའི་དགེས། །
དགེ་ལྡན་བསྟན་པ་ཡུན་གནས་ཤོག །
དྲ་བདག་ལ་ཞུ་རྒྱུ་དྲ་མིང་གངས་བཙན་པོ་ཡིན།་་་མིང་ནོར་མ་འབྲི་རོགས།
རྒྱལ་དབང་ལྔ་པ་ཆེན་པོའི་དུས་ཙམ་ནས་བཟུང་རྗེའི་རིང་ལུགས་འཛིན་པར་རློམ་མཁན་གྱི་སྡེ་ཁག་དེ་འགྲན་ཟླ་མེད་པར་གྱུར་སྟབས་ལྔ་མཆོད་ལྟ་བུ་ཡང་གཞུང་འབྲེལ་མཛད་སྒོ་དང་དུས་ཆེན་དུ་བསྒྱུར་བ་རེད། དེའི་བག་ཆགས་འདོར་དུ་མ་བཏུབ་པའི་དྲ་འབུ་སྐོར་ཞིག་གིས་ཀྱང་ལྔ་མཆོད་དང་ལྔ་མཆོད་ཟེར་ནས་དྲ་སྟེང་བཀང་ཡོང་གིན་འདུག
༸རྗེ་རིན་པོ་ཆེ་ཁྱོད་ནི།
འདུལ་བ་འཛིན་ལ་ཞི་འཚོ་འདྲ། །
གསང་སྔགས་སྟོན་ལ་པད་འབྱུང་འདྲ། །
དབང་འདུས་ཁྲི་སྲོང་ལྡེ་བཙན་འདྲ། །
མཁན་སློབ་ཆོས་གསུམ་གཅིག་བསྡུས་འདྲ། །