བསྟན་འཛིན་ཤེས་རབ།
རྒྱང་རིང་རྒྱང་རིང་ཞིག་ལ་མིག་ཟུང་ཅེར་བཞིན།།
དུ་སྨུག་བན་བུན་དེ་ཚོ་ཐོལ་གྱིས་བརྒལ་བཞིན།།
རེ་འདུན་སྤར་མོ་གང་བོ་ལག་པས་སྐྱོར་ཏེ།།
ལྷ་ཁྱོད་སྙིང་ལ་སྒོམ་བཞིན་སྒོམ་བཞིན་འོང་ཡོད།།
ན་ནིང་འོངས་ཀྱང་ཁྱོད་ཀྱི་ཞབས་རྗེས་མ་སྙོབ།།
གཅིག་བུ་རི་རྩེར་འགྲོ་བར་དངུལ་གྱིས་མི་འདང་།།
བར་མ་བར་ནས་ཉི་མ་ནམ་རྩ་འདས་ཏེ།།
ཁྱོད་ཀྱི་ཞལ་རས་མཇལ་བའི་སྐལ་བ་མ་བྱུང་།།
དེ་རིང་དུས་ཀྱི་རྒྱལ་མོས་གོ་སྐབས་བསྩལ་བྱུང་།།
ཞེ་བློ་སྣང་བ་སྐྱིད་པའི་གླུ་ཞིག་ལེན་བཞིན།།
གཞུང་བཟང་གྲོགས་པོ་དག་ལ་སྐུལ་མ་བྱེད་བཞིན།།
ཁྱོད་ཀྱི་ཕྱོགས་སུ་གོམས་སྟབས་བྲེལ་བས་བླངས་ཡོད།།
གནམ་གྱི་བདག་མོས་ང་ལ་ཀུ་རེ་རྩེད་འདྲ།།
སྣང་བ་བསམ་སར་མ་སོང་ཟགས་སར་ལྷུང་འདྲ།།
མགོ་བོ་ན་བའི་འུར་གྱི་འཁོར་ལོ་ཞིག་གིས།།
གློ་བུར་ང་ཡི་རྒྱབ་ལ་ར་མདར་ཆས་བྱུང་།།
བློ་རྒྱ་ཁབ་རྩེར་འཁོར་བའི་འདྲེ་ཚོགས་དེ་ལ།།
སྙོག་ཆུའི་ཆུ་སྒོ་གློད་པའི་གོ་སྐབས་ཐོབ་པས།།
ང་ཡི་འགྲམ་གྱི་ཤ་བ་སྨུག་ཆུང་འདི་ལ།།
རྫོབ་དྲིའི་གྲིབ་ཀྱིས་བསྒག་པའི་ཉེན་ཞིག་སླེབས་འདུག།
རི་རྩེ་ལྷ་དང་ལྷ་མོའི་བརྗིད་ཀྱིས་འགྱིང་ཡང་།།
རི་འདབས་འདྲེ་དང་གདོན་གྱིས་བདག་ཏུ་བཟུང་བས།།
ང་དང་འཁྱ་མ་འཁྱོར་གྱི་གྲོགས་པོའི་ཚོགས་ལ།།
ངལ་བ་དགུ་བརྩེགས་ཐོགས་པའི་རྔུལ་ཆུས་གཙེས་བྱུང་།།
རྒྱང་རིང་གནམ་ས་འདྲེས་པའི་མཐའ་མཚམས་དེ་ན།།
སྤྲིན་དང་སྨུག་པ་འདྲེས་པའི་མཚམས་རོལ་དེ་ན།།
ང་ཡིས་རེ་ཞིང་སྨོན་པའི་ཞིང་དེ་ཡོད་དམ།།
ང་ཡི་རྣམ་ཤེས་ཕྲ་མོ་དབང་མེད་ཕྱོགས་སོང་།།
རི་བོ་གླང་ཆེན་འདྲ་ཞིག་འགྱིང་ནས་བསྡད་འདུག།
རི་ཆུང་ནོར་བུ་འདྲ་ཞིག་གོར་སེ་བསྡད་འདུག།
སྨུག་སྤྲིན་ཁ་བཏགས་འདྲ་ཞིག་འཁྱིལ་ནས་བསྡད་འདུག།
འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་ཡིན་ནམ།།
ཕྱོགས་དང་མཚམས་ཀྱི་ངོ་མཚར་ཡུལ་གྲུ་འདི་གོ།
ལྷ་དང་ཤམ་བྷ་ལ་ཡི་འཇིག་རྟེན་ཡིན་ནམ།།
དག་གཙང་ལྷིང་འཇགས་འཁྱིལ་བའི་ཁམས་དང་ཁམས་སུ།།
ང་ཡི་སེམས་དང་དབང་བོའི་འདུ་བྱེད་ཐིམ་སོང་།།
གཡོ་ཅན་ཝ་མོ་བརྒྱལ་བའི་ངུ་སྐད་མེད་ཅིང་།།
ཧམ་སེམས་རི་བོ་སྒུལ་བའི་དཔུང་ཚོགས་བྲལ་བའི།།
སྣང་བ་འོ་མར་སིམ་པ་དག་པའི་ཞིང་འདིར།།
ཚེ་ཡི་འདུ་བྱེད་འཁོར་ལོ་སྐོར་རྒྱུ་བྱུང་ན།།
དཀར་དམར་སྲད་དུ་བརྒྱུས་པའི་མེ་ཏོག་ཕྲེང་བ།།
སྐྱེས་སུ་ཆུང་རུང་ལྷ་ཁྱོད་མཉེས་བཞིན་བཞེས་རོགས།།
ད་ནི་མི་སྡོད་ང་ཡང་ཞོལ་དུ་ཆས་འགྲོ།།
ཞེན་ཆགས་ལྕི་ཡང་སེམས་རྩ་འཁྱག་པས་བསྡམས་ཡོད།།
ཁྱི་རྟུག་གསེར་དུ་འཁྲུལ་བའི་ངང་ཚུལ་ཞིག་གིས།།
མི་ཡི་འཚོ་གནས་འཇོམས་པའི་ཐོ་བ་འཕྱར་ཏེ།།
ཕུ་དཀྲུག་མདོ་དཀྲུག་བྱེད་པའི་སྦྱོར་བ་བསམ་ན།།
འདི་རུ་ལྷོད་ཀྱིས་སྡོད་པའི་ཞེ་བློ་ཡལ་འགྲོ།།
ཁང་ཆུང་ཆུ་ཡིས་འཁུར་བར་རགས་ཤིག་རྒྱ་དགོས།།
ལྡམ་ར་སད་ཀྱིས་འཇོམས་ལ་ཁེབས་ཤིག་གཡོགས་དགོས།།
བེའུ་རྡོ་ལ་བརྡབ་པར་སྲུང་བ་བྱེད་དགོས།།
སླས་རར་རྡུལ་འཚུབ་འཕྱུར་ལ་ཆབ་ཆུ་གཏོར་དགོས།།
དུག་གི་ལྕེ་ཞགས་རྐྱོང་བའི་སྦྲུལ་ནག་ངམ་པོར།།
སྲེད་པའི་སྤུ་ཚོགས་འཕྱོ་བའི་སྤྲེའུ་འཚར་བོར།།
རྔ་འཕྱར་ངུ་ཟུག་བྱེད་པའི་ཁྱི་ཕྲུག་ཚོགས་ལ།།
རང་རང་མལ་དུ་སྙེགས་པའི་ཀི་ཞིག་འདེབས་དགོས།།
ས་མཐའི་འཚོ་བ་འདི་ལ་ངེས་གཏན་མེད་པས།།
མ་འོངས་ལས་ཀྱི་བསྐོས་ཐང་གར་ཡོད་མི་ཤེས།།
གལ་སྲིད་སླར་ཡང་འོང་བའི་སྐབས་ཤིག་ཡོད་ན།།
ལྷ་ཁྱོད་ལྷོད་ཀྱིས་མཇལ་བའི་འདུན་པ་བཅངས་ཡོད།།