–བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག (1974——?)
༡༽ ཉམ་ཐག་པའི་ཚེ་སྲོག་ཅིག་གིས།
མི་ལོ་གསུམ་གྱི་ཡར་སྔོན་དུ་ངས་བཤད་འདོད་པའི་སྐད་ཆ་ཁ་ཤས་ཀྱི་ཆེད་དུ་ཕ་མ་དང་དགེ་རྒན། སྤུན་ཟླ་དང་གྲོགས་པོ། ཐ་ན་ལྟེ་ཁྲག་འཐོར་སའི་ཕ་ས་དང་བཅས་པ་ལྟག་རྒྱབ་ཏུ་གཏོར་མ་གཡུག་གཡུག་གཡུགས་ནས་ས་མཐའ་རུ་འཁྱམ་དགོས་ཐུག་སོང་། ད་ལྟ་དེང་རབས་ཅན་གྱི་མཚོན་ཆ་ཐོགས་པའི་དམག་དཔུང་ཞིག་བོ་ཡོང་ནས་འཇིག་རྟེན་མི་ཆོས་ལས་འདས་པའི་གཉའ་གནོན་དང་བརྙས་བཅོས་དཔེ་མི་སྲིད་པ་ཞིག་ངའི་མགོ་ཐོག་ཏུ་འཇོག་འོང་གི་འདུག ད་ངས་ཅི་ཞིག་བློས་གཏོང་བྱས་ཏེ་གང་དུ་འགྲོ་དགོས་པ་ཡིན་ནམ། ང་དངོས་གནས་ས་ཐོག་ཏུ་འདུག་མི་ཆོག་པ་ཨེ་ཡིན།འོ་ན། ངས་ནག་ཉེས་ཅི་ཞིག་བསགས་པ་རེད་དམ།ད་ནི་དཀོན་མཆོག་གིས་ཀྱང་ང་ལ་དྲང་པོ་མི་གནང་བ་ལགས་སམ། ངས་གོ་བ་ལོན་མ་སོང་། ང་མགོ་འཐོམས་སོང་། ང་གད་མོ་ཤོར་སོང་།
2008.4.29 4:06:00ཉིན།
༢༽ མགོ་ནམ་ཡང་མི་སྒུར་ཡུམ།
ལྟ་ལོག་ལྟས་ངན་ཟེར་ནས་སྨོད་ཀྱང་རུང་།།
བསྟན་དགྲ་དམ་ཉམས་ཟེར་ནས་སྡིག་ཀྱང་ཆོག།
ནག་ཅན་ཁྲིམས་འགལ་ཟེར་ནས་གསོད་ཀྱང་བླ།།
དྲང་གཏམ་ཐད་ཀར་སྨྲ་བའི་དམ་བཅའ་འཇོག།
ཚེ་ཡི་འདུ་བྱེད་གཏོང་བ།
མི་མིན་གཤིན་རྗེ་རྒྱལ་པོའི་བཀའ་ལུང་ལྟར།།
མི་ཡུལ་ལན་གཅིག་འགྲིམ་པའི་མདའ་སྨྱུག་ངས།།
མི་འདོད་ཁ་དང་སྐྱུར་བའི་འཚོ་བ་དག།
མི་མྱོང་དགུ་མྱོང་མྱངས་པས་ད་ཆོག་གོ།
ངའི་མི་ཚེའི་རིན་ཐང་།
ཕམ་ཁ་རི་བོ་ཙམ་ཞིག་རྒྱབ་ལ་ཁུར།།
ཞེན་ཆགས་རྒྱལ་མཚོ་ཙམ་ཞིག་ཁོག་ཏུ་བླུགས།།
མི་ཁ་རྫ་མ་ཙམ་ཞིག་མགོ་ལ་གྱོན།།
འདི་ནི་ཁོ་བོ་ཕྱི་མར་འགྲིམ་པའི་ཚུལ།།
ང་ཕམ་སོང་།
འཁོར་བའི་ཆོས་ལ་སྐྱོ་བ་མ་སྐྱེས་ཤིང་།།
མི་ཡི་འཚོ་བར་ཞེན་པ་མ་ལོག་མོད།།
ཁོར་ཡུག་རྭ་ཅོ་འདྲ་བའི་འཇིག་རྟེན་ནས།།
ཁོ་བོ་གསོན་པའི་རེ་ཐག་བཅད་ནས་ཐལ།།
2008.1.218:59:00ཉིན།
༣༽ ཡི་མུག་པའི་སྐྱོ་གླུ།
ཡུལ་མཐོ་ལ་སྤྱིད་པའི་གངས་ལྗོངས་དང་གཅིག།
ལུས་ལང་ཚང་ཚོ་སྐྱེད་པའི་ཨ་མ་དང་གཉིས།།
ཞེ་སྣང་བ་མཐུན་པའི་གྲོགས་པོ་དང་གསུམ།།
ངས་བསྐྱུར་ནས་འགྲོ་འདོད་མི་འདུག་སྟེ།།
མིས་མགོ་ཐོག་བཞག་པའི་རྐང་པ་དང་གཅིག།
རང་ཕྲག་ཏུ་བབས་པའི་འོས་འགན་དང་གཉིས།།
སེམས་བྱང་ཁོག་སྟོད་ཀྱི་གཅོང་ནད་དང་གསུམ།།
ངས་ཁུར་ནས་ཁྱག་ཐབས་མི་འདུག་ལགས།།
མགོ་ན་ནས་རྡོ་དང་བརྡུང་པ་དང་གཅིག།
ངོ་བཀབ་ནས་ཁྲོམ་ལ་འགྲོ་བ་དང་གཉིས།།
མིག་བཙུམས་ནས་གཡང་ལ་ལྕེབ་པ་དང་གསུམ།།
འུ་ཐུག་པའི་ལས་ཀ་ལོས་ཡིན་ཏེ།།
ཕྱི་འཛམ་བུའི་གླིང་གི་དཔལ་ཡོན་དང་གཅིག།
ནང་སྒང་པ་བོད་ཀྱི་ཉམས་རྒུད་དང་གཉིས།།
མི་ང་ལ་ཡོད་པའི་ཁ་སྟབས་དང་གསུམ།།
ས་འཇིག་རྟེན་གཅིག་ལ་མི་ཤོང་འདུག།
2008.1.218:59:00 ཉིན།
ཚ་བ་མདའ་སྨྱུག་གྲོངས་པར་བློ་ཕམ་ཡོད། རིག་པ་རྣོན་པོ་དང་དཔྱད་པ་བྱ་རྒྱུར་དགའ་བའི་ཕོ་གསར་ཞིག་རེད། ཁམས་པའི་ནང་ལ་ཤིན་དུ་དཀོན་པའི་རིགས་པ་སྨྲ་བ་ཞིག་རེད། དེང་སང་རིག་པ་དང་རིག་གནས་ཟེར་ན་ཨ་མདོ་བ་ཚོ་ཡིད་ལ་འཆར་གྱི་འདུག
ཡིག་ནོར་མང་པོ་འདུག མདའ་སྨྱུག་བོད་ཡིག་ལ་བྱང་པོ་མེད་པ་འདྲ། ཁོང་དགོན་པ་འགྲིམས་པ་ལས་སློབ་གྲྭ་འགྲིམས་མེད་ཚོད། འོན་ཀྱང་རིག་པ་ཤིན་དུ་བཟང་། ཁོང་གི་དཔྱད་པ་དེ་ཚོར་ཡིད་དབང་ཤོར་མྱོང་།
ཨ་རིའི་སེམས་ཁམས་རིག་པ་ཚོའི་བཤད་རྒྱུན་ལ་མི་དྲན་རྒྱུ་རྒོད་པོ་དང་། རིག་པ་རྣོན་པོ་དེ་ཚོ་སེམས་ཁམས་གྱི་ཆ་མི་སྙོམས་པའི་ན་ཚའི་རྟགས་རེད་ཟེར། དཔེར་ན། དབྱིན་ཇིའི་སྐད་གྲགས་ཅན་གྱི་བགོད་སློང་མཁན་ཆར་ལི་སི་ཆབ་ལན་དང་། གྲགས་ཅན་རྩོམ་པ་པོ་ཤེག་སེ་ཕེར། དེ་བཞིན་ཉེ་འཆར་རང་ཤི་སྐྱོན་མཁན་རོ་སྦིན་ཝི་ལམ། དེ་བཞིན་རིག་པ་ཤིན་དུ་གྲུང་བ། མི་སྡེབ་གསོད་རྒྱབ་མཁན་ཨ་རིའི་ཉེས་ཅན་སྐད་གྲགས་ཡོད་པ་ཆར་ལི་སི་མན་སུན་སོགས་རེད། ཁོང་ཚོ་ཚང་མ་རིག་པ་ཤིན་དུ་རྣོ་ཞིང་། དྲན་རྒྱུ་རྒོད་པོ་དང་དཔྱད་པ་བཟང་པོ་ཡོད། རིག་པ་བཀོལ་རྒྱུ་མང་དྲགས་པ་དང་། དཔྱད་པ་བྱེད་རྒྱུ་མང་དྲགས་ན། ཀླད་པའི་ནང་ལ་འདོད་པ་ཚིམས་པའི་རྩ་དེ་ལ་སྐྱོན་ཤོར་ནས། གང་ལ་ཡང་འདོད་པ་ཚིམས་རྒྱུ་མེད་པ་ཆགས་ནས་མཐར་རང་ཤི་བརྒྱབ་པའི་ལམ་ལ་ཤོར་ཟེར། གོང་གི་སྐད་ཆ་འདི་སྨན་པའི་སྐད་ཆ་རེད། ངའི་མིན།
ངའི་དྭོགས་པར་ཚ་བ་མདའ་སྨྱུག་ཀྱང་རིག་པ་རྣོན་པོ། དྲན་རྒྱུ་རྒོད་པོ། དཔྱད་པ་དྲག་ཏུ་བཀོལ་བས། སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ལ་འདོད་པ་མ་འཁེངས་པས། རང་སྲོག་དོར་བ་རེད་སྙམས།
འདི་ནི་བསམ་ཚུལ་ཁོ་ན་ཡིན། ཁོང་གི་ཡིད་མུག་པའི་སྙན་ངག་དེ་ཚོ་མཐོང་རྗེས་བསམ་བློ་འདི་འཁོར་སོང་།
མདའ་སྨྱུག་ཤེས་རབ་རྟུལ་བོ་ཞིག་རེད་ཅེས་སྨྲ་མི་ཕོད་ཀྱང་འཆི་ཁར་དཀོན་མཆོག་ཟེར་བའི་སྐྱབས་མགོན་ཞིག་ལ་ལེ་བདའ་བྱས་འདུག་པར་བརྟགས་ན་ད་དུང་རྨོངས་དད་ཚབས་ཆེ་ཙམ་འདུག་བསམས།
ཕྱི་ཡི་ལུས་ཕུང་དམར་པོའི་མཚོན་གྱིས་གནོན།
ནང་གི་སེམས་ཁམས་བླ་མའི་ཆོས་ཀྱིས་གནོན།
ལུས་སེམས་གཉིས་ཀྱི་རང་དབང་ཤོར་བའི་ཚེ།
རང་སྲོག་རང་གིས་བཅད་མཁན་ཉུང་ཉུང་མིན།
རང་གི་རྒྱལ་ཁབ་གཞན་གྱི་ལག་ཏུ་ཤོར།
སྐྱོབ་གསོ་རོགས་དངུལ་བླ་དཔོན་རྣམས་ཀྱིས་ཟོས།
ལྟོ་གོས་དཀའ་ངལ་ཅན་གྱི་ཉམ་ཐག་ཚོས།
རང་ཉིད་གཡོག་ལ་དེད་མཁན་ཉུང་ཉུང་མིན།
ཁ་ཡིས་སྡིག་གསོག་འཆལ་བས་རྟགས། །
རང་སྲོག་བཅད་པ་བླུན་པོའི་རྟགས། །
སྨོན་ལམ་ལོག་པ་མ་ཐེབས་པར། །
བདེ་ནས་བདེ་བར་སྐྱེ་བར་ཤོག །
–བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག (1974——?) བར་སྟོང་འདི་སུ་གང་གིས་ཀྱང་བཀང་མི་ཐུབ་པ་དེ་ཅི་ཡིན་ནམ། ལགས།
སྐལ་འཕྲིན།
དམ་པ་བཞུད་པའི་རྗེས་ཤུལ་ལ།།
མཆོད་རྟེན་དཀར་ནག་བཞེངས་པ་མཚར།།
དངོས་དོན་རིག་རྒོད་མ་འདོད་ནས།།
ཐུར་གཙག་བྱས་པ་གད་མོའི་གནས།།
དཔེར་ན་དགེ་ཆོས་གསོན་པའི་སྐབས།།
རྡོ་སྤུས་དགེ་བཤེས་ཁུ་སིམ་ལུས།།
འཇིག་རྟེན་བྲལ་བའི་རྗེས་ཙམ་ལ།།
དམའ་འབེབས་ཚིག་མཚོན་བཏབ་དང་མཚུངས།།
དེ་བཞིན་ཚ་བ་མདའ་སྨྱུག་ཁོང་།།
འཇིག་རྟེན་བྲལ་དང་མ་བྲལ་དེ།།
སུ་དང་གང་ལ་གསལ་ཁ་མེད།།
མི་དགོས་ཐུར་གཙག་བཞག་ན་བཟང་།།
རིག་པའི་རལ་གྲི་རྣོ་ཆེ་བས།།
ལེགས་བཤད་ཚིག་ཕྲེང་རེ་རེ་ལ།།
གསོན་ཤུགས་ལྡན་པའི་འོད་རླབས་འཕྱུར།།
དེ་ལ་མ་དོ་རྙོག་བཤད་སྤོངས།།
སྔར་ནས་ད་བར་བོད་མཁས་དག།
གསོན་པའི་ཚེ་ན་རིན་ཐང་ཆུང་།།
ལྔ་ལམ་གྱུར་ཚེ་འགྱོད་སེམས་ཀྱིས།།
མིག་ཆུ་གཏོང་བ་མཐའ་མའི་ལས།།
འདས་ཟིན་ཉམས་མྱོང་མ་འོངས་པའི།།
སློབ་སྦྱོང་མན་ངག་གལ་ཆེན་རྩིས།།
ནོར་འཆུག་ཤོར་དུ་མི་འཇུག།
ཡིད་ལ་འཛིན་རྒྱུ་ཧ་ཅང་གལ།།
སེམས་ཅན་ལས་ལ་སུ་ཡིས་འཁང་ར་ནུས།།
ཁོང་ཡང་སྐྱེ་བ་རྒྱུན་མར་ཇི་ལྟ་ཡིན།།
ངས་ནི་རྟོགས་པར་མ་གྱུར་པས་ན་བཞག་།
འོན་ཀྱང་རིག་སྨྲ་མདའ་སྨྱུག་རྒྱལ་ཅིག་།
རྣམ་དཔྱོད་རིག་པའི་དཔའ་བོ་མཁས་དབང་ཚ་བ་མདའ་སྨྱུག་གམ་ཚ་སྒང་བློ་གྲོས་དཔལ་ལྡན་ལ་རྗེས་དྲན་ཞུ།
རྣམ་དཔྱོད་རིག་པའི་རྩལ་ལ་དོ་ཟླ་བྲལ།།
དད་པའི་བྲག་རི་གཞོམ་པར་གནམ་ལྕགས་ཐོག།
རྨོངས་པའི་མུན་པ་སེལ་བར་ཉི་ཟླ་ཟུང་།།
ཟླ་མེད་སྨྲ་བའི་དབང་པོ་ཁྱེད་ལ་འདུད།།
འཆད་རྩོད་རྩོམ་པས་ལོག་སྨྲ་ཟིལ་གྱིས་མནན།།
རིགས་ཀྱི་ཞེན་པ་དཀར་བ་འོ་མའི་མདངས།།
བདེན་དོན་སྲོག་ལས་གཅེས་པའི་སྙིང་ཁམས་ཅན།།
གངས་རིའི་བུ་རྒོད་ཁྱེད་ལ་རྗེས་དྲན་ཞུ།།
ཁྱེད་ཀྱི་མཁྱེན་རླབས་རྟ་བདུན་ཤར་བའི་ཚེ།།
མཚན་མོར་ཐན་སྐད་སྒྲོག་པ་འུག་པའི་ཁྱུ།།
ལོང་བའི་བསྟུལ་ཞུག་བཟུང་བའི་ངང་ཚུལ་འདིས།།
དྲན་དབང་ཁྱེད་ཉིད་སྙིང་ནས་ཅིས་མི་དྲན།།
སྤྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༩ ཉིན་དབྲ་བཀྲ་འདུས་ཀྱིས་དྷ་ས་ནས།