ཙན་དན་བསིལ་སྨྱུག
༄༅།།བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
རྟོག་གེ་བའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན། ཞེས་ཁ་ཡིག་ཅན་གྱི་དེབ་ཐེར་ཞིག་ཉེ་འཆར་ངེད་ལ་ཆོས་གྲོགས་དགེ་བཤེས་ལྷ་རམས་པ་ཞིག་གིས་བསྟན་མཛད་དེ་བཀླག་དགོས་པ་དང་། དེ་རྗེས་བསམ་ཚུལ་གང་ཡོད་གསན་འདོད་ཡོད་ཚུལ་བསྙད་བྱུང་། རྩ་བའི་དེབ་ཐེར་དེ་ཕྱོགས་བསྒྲིགས་བྱས་པའི་དེབ་ཐེར་དུ་ཐོན་ནས་ལོ་ལྷག་ཕྱིན་ཡོད་ཚོད་ཡིན་འདུག ཆོས་གྲོགས་ཀྱི་ཐུགས་འདོད་ལྟར། དེབ་ཐེར་དེར་རྟོག་དཔྱོད་ཡུད་ཙམ་བྱས་པ་ལས། གསལ་བཤད་ཀྱི་ཚུལ་དུ་ལན་འདེབས་པར། སྤྱིར་བརྗོད་པ་དང་། བྱེ་བྲག་ཏུ་བརྗོད་པ་དང་། གནད་དོན་གཞན་བརྗོད་པ་གསུམ་ལས།
དང་པོ་སྤྱིར་བརྗོད་པ་ནི། ངའི་ལག་ཏུ་ཡོད་པའི་དེབ་ཐེར་འདིའི་ནང་ལེའུ་དྲུག་ལས་ལྔ་ནི་སྨྱུག་མིང་ཚ་བ་མདའ་སྨྱུག་པའི་དཔྱད་བཤད་ཡིན་འདུག །དྲུག་པ་ནི། ཞོ་འོང་དཀོན་མཆོག་སྐྱབས་མཚན་འཁོད་དཔྱད་བཤད་ཡིན་པ་དྲུག་པ་དེར་རྟོག་དཔྱོད་གང་ཡང་མ་བྱས། ༼ཚ་བ་མདའ་སྨྱུག་པའི་འབྲི་རྩོམ་དེ་རྣམས་ལེའུ་སོ་སོ་བྲིས་ཏེ་རིམ་ཅན་དུ་དུས་དེབ་ལྟ་བུར་བཏོན་པའམ། དྲྭ་རྒྱར་ཟིན་འབྲི་རིམ་ཅན་དུ་བཀོད་པར་སྣང་ཡང་། འདིར་སྨོས་དེབ་ཐེར་དེ་ནི་དེ་རྣམས་ཕྱོགས་བསྒྲིགས་བྱས་པར་མངོན། འོག་ཏུ་འདིར་ཚ་བ་མདའ་སྨྱུག་པའི་ཚིག་དྲངས་པའི་སྐབས་འདིར་དྲྭ་རྒྱའི་ཡིག་འཆར་བདེ་བའི་ཆེད་དུ་ཡིག་གཟུགས་གཞན་དུ་མ་བཀོད་པར་ནུབ་སྲོལ་གྱི་ལུང་འདྲེན་གྱི་རྟགས་ “ ” འདི་བཀོད་ཡོད། ༽
༑མདའ་སྨྱུག་པའི་ལེའུ་ལྔ་པོ་དེའི་ནང་རིགས་པའི་དཔྱད་པ་ལེགས་ཀྱང་། སྐྱོན་ཆ་ཆེ་ཤོས་ཤིག་ནི། གཞན་ལུགས་དགག་པའི་ཚེ་གང་ཟག་ལ་མཚན་སྨོད་དང་ཚིག་རྩུབ་ཏུ་ཐལ་བའི་བརྗོད་པ་བེད་སྤྱོད་བྱས་འདུག་པ་འོག་ཏུ་གསལ། ཐོས་བསམ་བཟང་བའི་རྟགས་སུ་གང་འགོག་པར་བརྩམས་པའི་ནང་པ་སངས་རྒྱས་པའི་གཞུང་ལུགས་རྣམས་ལ་རྒྱུས་མངའ་དང་མཐའ་དཔྱོད་བྱས་ཡོད་པ་མངོན་པར་གསལ།
༑ཚན་རིག་པ་ཚོས་ལྟ་གྲུབ་དང་རྙེད་དོན་མང་པོ་ཞིག་ཁོང་ཚོའི་ལུགས་ལའང་རྣམ་པ་གཅིག་ཏུ་ངེས་པའི་གྲུབ་པའི་མཐའ་རུ་མི་རྩི་བ་སྟེ། རྟོག་གེ་བ་ཁྱེད་ཀྱིས་ཀྱང་། “ཚན་རིག་པའི་བཤད་སྲོལ་འདི་དག་གི་ཁྲོད་ནས་འགའ་ཞིག་ཚོད་དཔག་ཙམ་ལས་ཁྱབ་མཐའ་ཆོད་པ་རང་མིན་ཡང་།” ཞེས་སྨྲས་པ་ལྟར་ཡིན་མོད་ཀྱང་། ཁྱེད་ནི་ཚན་རིག་ཉིད་ཚད་མར་འཛིན་པའི་ཕྱོགས་སུ་ཐལ་ཆེ་བར་འགྲོ་བར་མངོན་གསལ་དོད་པོ་ཐོན་པ། མཐའ་མའི་ཚིག་ཕྲེང་ནའང་འདི་སྨྲས་འདུག ། “རིགས་གསར་གྱི་རྣམ་གཞག་འདི་དག་སྲོག་ཆད་ཀ་མའི་མི་ལ་སྨན་བཞིན་དུ་གནད་ལ་འཕྲོད་པར་བྱུང་བས་ད་གཟོད་ཡིད་ཆེས་པའི་གནས་སུ་བཟུང་བ་ལགས་སོ།” ཞེས་གསལ། ཚན་རིག་པ་ཁོང་ཚོའང་ཁོང་ཚོའི་རྙེད་དོན་ལ་མཐའ་གཅིག་ཏུ་ངེས་པ་མིན་པར་ད་དུང་ཡང་མ་འོངས་པ་ན་རྙེད་དོན་དེ་ལས་གཞན་ཞིག་ཏུ་ར་འཕྲོད་སྲིད་པའི་བློ་ཁ་ཡངས་པའི་ལྟ་སྟངས་དེས། ཚན་རིག་པ་རང་ཉིད་ཀྱི་རྙེད་དོན་ལའང་གཏན་ནས་འཐད་པའི་རློམ་པ་མེད་བཞིན་དུ། ངེས་དོན་གྱི་ཡིད་ཆེས་པའི་གནས་ནི་དེ་བས་ཀྱང་ག་ལ་རུང་།
དཔྱད་བྲིས་དེར་ནང་པའི་གཞུང་ནས་གསུང་བའི་འཇིག་རྟེན་གྱི་རྣམ་གཞག་ནི། ཁྱེད་ཀྱིས་ལུང་དྲངས་པ་ལྟར་༧གོང་ས་མཆོག་གིས་ལོ་མང་སྔོན་ནས་དེང་གི་དངོས་མཐོང་གནས་ཚུལ་དང་མི་མཐུན་པ་ཡིན་པ་གསུངས་ཟིན། སྤྱི་ཁེགས་པས་བྱེ་བྲག་ཚད་དང་དབྱིབས་སོགས་འགོག་པའི་ངལ་བ་བྱས་པ་དོན་ཆེར་མི་མཐོང་། འོན་ཀྱང་། ཁྱེད་ཀྱིས་སྔ་རྒོལ་ཆེ་གེ་མོ་རྣམས་འགོག་པའི་སྐབས་མངོན་པ་དང་དུས་འཁོར་སོགས་ནས་ཞིབ་ཆ་གནམ་རིག་པ་དང་བཤད་བསྡུར་བྱས་འདུག་པ་ཐོས་པ་བཟང་བའི་ཚོད་དུ་ཁུམས།
༑འདུལ་སྐོར་དགེ་འདུན་པའི་ན་བཟའ་སོགས་ཀྱི་སྐོར་རྒྱ་གར་གྱི་ཆོས་པའི་གོས་ལ་དཔེ་བལྟས་པ་ཡིན་ཚུལ་སོགས་བཤད་འདུག་པ་དེ་ལྟར་མིན་པ་ཤོད་པའི་སྔ་རྒོལ་མེད་བཞིན་དུ། འགྲེལ་བཤད་དེས་སངས་རྒྱས་ཀྱིས་གསར་གཏོད་མི་མཛད་པའི་ཟུར་ཟ་དོན་མེད་པར་མཐོང་།
མུ་འགོད།
ཡག་པོ་འདུག །ཐུགས་རྗེ་ཆེ།
ཚ་བ་མདའ་སྨྱུག་གི་གཉེན་པོ། ཙན་དན་བསིལ་སྨྱུག
ཚ་བ་མདའ་སྨྱུག་གོ་ཡས་མིན་འདུག ཧ་ལམ་རྒྱ་ལག་ཏུ་ཤོར་ཟིན་ཚོད། ཕངས་པོ་རེད། རིགས་པ་དང་རྒྱུ་མཚན་རྣོན་པོ་བཤད་ཐུབ་མཁན་གྱི་ཁོང་། དཔྱོད་རྒྱང་ཆེ་ཤིང་། ཐོས་པ་རྒྱ་ཆེ་བའི་ཁོང་། ད་དུང་བསམ་གཞིགས་ཟབ་པའི་ཁོང་། འདི་ལྟར་ཡིན་རུང་། འདིར་སྐད་ཆ་ཚིག་གསུམ་ནང་ལ་ཚ་བ་མདའ་སྨྱུག་གི་བསམ་བློ་འབུར་སྟོན་བྱས་ན་འདི་ལྟར་ཏེ།
མདའ་སྨྱུག་ཁོང་རྙིང་མའི་དད་པ་དང་དག་སྣང་ལས། རྒྱུ་མཚན་དང་རིགས་པ་འགྲོ་ས་མེད་པའི་དཔེ་ཁྲིད་ཀྱི་ལམ་ལུགས་ལ་སྐྱོ་སྣང་ཆེ་སྐྱེས་དང་། གསར་མའི་ལ་རྒྱ་དང་ཞེན་ཁོག་གི་རིགས་པའི་བརྩོད་གྲུབ་དང་རྟགས་བསལ་ལས། གཟུར་གནས་དང་དཀྱེལ་ཡངས་ཆུང་བའི་གཞུང་ལུགས་ལ་བློ་བསུན་ནས། གསར་རྙིང་གཉིས་ཀར་གནད་ལ་སྨིན་པའི་དྭོགས་འདྲི་དང་བསུན་སྦྱིན་ནས་གཤེགས་པར་ཐལ།
ཁོང་གིས་རྙིང་མའི་སློབ་དཔོན་རྣམས་ལ་བློ་འདས་དང་ཡེ་ཤེས་ཟེར་བ་ཤ་ལྤག་རུས་གསུམ་གྱི་ཀླད་ཞོ་ལས་འདས་པའི་བསམ་བློ་ཞིག་ཡོང་མི་སྲིད་པ་སྟེ། ཀླད་པ་མེད་ན་བསམ་བློ་རང་གར་ཚུགས་མི་ཐུབ་པས། ཡེ་ཤེས་དང་དག་སྣང་ཟེར་བ་དེ་ཚོ་ཚང་མ་བསམ་ཚུལ་ལས་ཁུངས་སྐྱེལ་ཡག་མིན་འདུག་ཅེས། རྙིང་མའི་སློབ་དཔོན་ཚང་མའི་གདོང་ལ་ཐལ་བ་བཏབ་པ་ལྟ་བུ་དང་།
དེ་བཞིན་གསར་མའི་སློབ་དཔོན་རྣམས་ལ་བྱང་ཆུབ་སེམས་པའི་གཞི་མ་སེམས་ཅན་ཐམས་ཅད་དྲིན་ཆེ་བ་ཡིན་པའི་རིགས་པ་ལ་གནོད་བྱེད་རྡུལ་ཕྲན་མཚོན་བྱ་ལྟ་བུ་མང་པོ་བཏང་ནས་རིགས་པ་དེ་དག་ཐལ་བར་བརློགས། ལྷག་པར་དུ། དཔེར་ན། སེམས་ཅན་རྣམས་ངའི་ཕ་མ་ཡིན་པའི་སྒོ་ནས་བཀའ་དྲིན་ཆེ་ན། ངས་ཁོང་ཚོའི་ཕ་མ་བྱས་ནས་དྲིན་འདྲ་འདྲ་བསྒྲུབས་ཡོད་པས་དྲིན་འདྲ་མཉམ་ཡིན་པས། བཀའ་དྲིན་གསོས་ན་མཉམ་གསོ་དང་བརྗེས་ན་མཉམ་བརྗེ་ཡིན་པས།ཟེར་ནས། བྱང་སེམས་ཀྱི་སྐུལ་སློང་ལ་དྭོགས་པ་མེ་ལྟར་ཚ་བ་འབུད་ནས་ཐོན་སོང་།
ལྷག་པར་དུ། ཚ་བ་མདའ་སྨྱུག་གིས་གསར་མའི་སློབ་དཔོན་དོར་བཞི་རིན་པོ་ཆེ་གཙོ་བོར་གྱུར་བའི་མཁས་དབང་རྣམས་ལ་དྭོགས་འདྲི་དང་ཚིག་གདའ་ཡིད་ལ་གཟུག་པ་བཀོལ། རྙིང་མའི་སློབ་དཔོན་ཚུལ་ཁྲིམས་བློ་གྲོས་གཙོ་བོར་བཟུང་ནས་བརྩོད་གཤགས་ཡིད་འཚིམས་པ་མཛད་ནས། ཁོང་ཚོའི་སྐུའི་གཟི་བརྗིད་ལ་རྨ་མ་ཆུང་བ་བརྒྱབ། ཚ་བ་མདའ་སྨྱུག་གི་ཚིག་བརྩུབ་འགའ་ཤས་ཀྱི་ཀུན་སྤྱོད་ལས། ཆོས་དད་པ་མང་པོར་སེམས་ལ་ན་གཟུག་ཆེན་པོ་བཟོས་ནས། ཁོང་ལ་མི་དགའ་མཁན་གྱི་བླ་མ་སློབ་མ་མང་པོ་འཁྲུངས།
༢༠༠༨གྱི་བོད་རྒྱའི་མི་རིགས་འཐབ་བརྩོད་ཇེ་ངར་ཏུ་སོང་ནས། བོད་པ་རྣམས་ལ་གྱོང་ཁ་གསབ་མ་ཐུབ་པ་ཕོགས་སྐབས། ལ་ལས་ཁོང་རྒྱ་དམར་གྱིས་ལྐོག་ཁྲིད་བྱས་པའི་དྭོགས་པ་སྤེལ། ཡང་ལ་ལས་ཁོང་རི་ཁྲོད་ལ་ཕེབས་ནས་སྒོམ་པའི་བརྟུལ་ཞུགས་འཛིན་ཟེར། གང་ལྟར་མདའ་སྨྱུག་ཕྱི་ལ་མ་ཐོན་པར་ལོ་བཞི་ཙམ་སོང་ཟེར།
ང་རང་ཆེས་དགའ་སའི་མདག་སྨྱུག་གི་བསམ་བློ་གཅིག་ནི། ཁོང་གིས་ཁུངས་མ་བཙན་པའི་རྒྱུ་མཚན་དང་རིགས་པ་དེ་དག་ལ་ཐལ་རྒོལ་མི་གནང་བར། དེ་དག་གི་ཁུངས་མ་བཙན་པ་དང་རིགས་པ་སྐྱོན་ཅན་དེ་དག་གི་རྒྱུ་མཚན་བཙལ་ནས་གཞན་ལུགས་དགག་པའི་བློ་རྩལ་དེ་རེད། ཁོང་དང་ཞི་བ་ལྷའི་རིགས་པ་སྒྲུབ་སྟངས་ལ་འདྲ་ས་མང་པོ་ཡོད་པ་སྟེ། ཕ་རོལ་པོས་བཏང་བའི་རིགས་པ་དང་རྒྱུ་མཚན་དེ་བཀོལ་ནས་ཕ་རྒོལ་པོའི་ཞན་ཆ་བསྔོགས་པ་ལྟ་བུ་རེད་འདོད།