ཙན་དན་བསིལ་སྨྱུག ༼སྔོན་མའི་འཕྲོས༽
༑ཚད་མའི་ཐད་ཚད་མ་ནི་ཐོག་མར་མུ་སྟེགས་རིག་པ་ཅན་པའི་ཁྲོད་དུ་ཡོད་པ་དང་། ཕྱོགས་གླང་ཆོས་གྲགས་དང་ཁྱད་པར་དུ་ཆོས་གྲགས་ཀྱིས་རྣམ་འགྲེལ་ལེའུ་གཉིས་པའི་འགྲེལ་ཚུལ་གྱིས་ནང་པའི་ལུགས་སུ་ཁ་བསྒྱུར་བ་བཤད་འདུག་ཀྱང་། གནད་དོན་འདི་ནི་ད་སྟེ་ལོ་ཆིག་སྟོང་སྐོར་རྗེས་འཐད་པ་གང་ཡིན་སུས་དག་ཐེར་བྱས་ནུས་ཏེ། “གསུང་རབ་གང་དུ་ཡང་ཚད་མ་དང་ཚད་མིན་གྱི་རྣམ་གཞག་དང་རྟགས་ཡང་དག་དང་ལྟར་སྣང་གི་རྣམ་དབྱེ་གསལ་པོར་མ་གསུངས་” ཞེས་བཤད་པ་གསུང་རབ་ཡོད་དོ་ཅོག་ད་ལྟའི་བཀའ་འགྱུར་པོད་བརྒྱ་ལྷག་སྐོར་འདིའི་ནང་འདུས་པའི་ཁ་ཚོན་གཅད་ག་ལ་ནུས། སྔར་ནཱལནྜའི་དཔེ་མཛོད་ཁང་མེར་བསྲེགས་པའི་སྐབས་ཇི་ཙམ་ཤུལ་མེད་དུ་གྱུར་ཡོད་པ་དང་། འོ་ཅག་གི་སྐད་དུ་མ་བསྒྱུར་པར་ལྷག་ཅིང་ཕྱིས་དཔེ་བརླག་སོང་མིན་སུས་རྣམ་པ་གཅིག་ཏུ་ཐག་གཅད་ཐུབ་བམ། དེ་ལྟ་ནའང་། སློབ་དཔོན་གཉིས་ཀྱིས་ནང་པའི་ལུགས་སུ་བེད་སྤྱོད་མཛད་པ་ནི་མ་འགྲིག་པའམ་མ་རུང་བ་གང་ཡང་མེད་དེ། མུ་སྟེགས་པ་དང་རྩོད་པའི་ཚེ་ཕ་རོལ་པོ་དང་ཐུན་མོང་གི་བརྡ་ལམ་དང་རིགས་ལམ་བཀོལ་སྤྱོད་བྱས་པ་ཅིས་ཀྱང་འཚམ་པ་ཡིན། སྟོན་པ་ཚད་མར་གྲུབ་པའི་གདུལ་བྱར་སྐབས་དེའི་མུ་སྟེགས་པ་དང་བློ་ཐག་མ་ཆོད་པའི་ཡུལ་གྱི་རྒྱལ་བློན་འབངས་དང་བཅས་པ་ཡིན་མི་དགོས་པའི་རྒྱུ་མཚན་མེད། མངོན་པ་མཛོད་ཀྱང་ཕྱི་རོལ་པའི་གཞུང་ལས་ཕྱུང་བར་གླེང་མཁན་ཡང་ཡོད་ཚོད་འདུག་པས་འདི་རྣམས་ལ་ཁ་སྐྱེང་དགོས་པ་དང་རང་ལུགས་ཤོར་བའི་གནས་སུ་བརྩི་ག་ལ་དགོས།
༑“གསང་སྔགས་རྡོ་རྗེ་ཐེག་པ་ལ་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པ་སྨོས་མི་དགོས་མོད།” ཅེས་སྨྲས་པ་དང་དེའི་རྗེས་གསང་སྔགས་ལ་དགག་པ་བྱས་པ་དེ་རྣམས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ངོས་ནས་མ་བལྟས་པར། ལུགས་སྤྱིའི་གྲོས་ཀྱིས་དགག་པ་མང་དག་བྱས་འདུག །དེའི་ཕྲོད་བདེན་པའི་སྨྲ་བ་ཡང་མེད་པ་རེད་མིན་འདུག །རི་རབ་འཇོག་ཏུ་མེད་པས་དེའི་སྟེང་གསུང་བར་གྲགས་པའི་རྒྱུད་སྡེ་རྣམས་ནི་དེ་བས་ཀྱང་གཞི་མེད་དུ་འགྱུར་བ་ལྟར་རྗེས་སུ་དཔག་རུང་ཡང་། གསང་སྔགས་ཀྱི་ཆོས་ཇི་ལྟར་འབྱུང་བའི་ཚུལ་དང་། རིང་བརྒྱུད་དང་ཉེ་བརྒྱུད་སོགས་ཀྱི་རྣམ་གཞག་དང་། དག་སྣང་ལས་འབྱུང་བ་སོགས་ནི། ཐུན་མོང་སྣང་ཚུལ་ངོས་ནས་འགྲེལ་དུ་མེད་པ་ལོས་ཡིན། གསང་བའི་དོན་ནི། མི་མངོན་སྦས་པའི་ཚུལ་གྱིས་བསྒྲུབ་དགོས་པ་ཡིན་པ་དང་། སློབ་དཔོན་གྱི་ངག་ནས་མན་ངག་སོགས་ཐོབ་དགོས་པས་སྔར་རྒྱ་གར་ན་དེ་ཙམ་མངོན་གསལ་དོད་པོ་མེད་སྲིད་ཅིང་། ཡི་གེར་བཀོད་པའང་ཉུང་བ་སོགས་ལ་བརྟེན། ཕྱིའི་དུས་རབས་བདུན་པའི་ནང་རྒྱ་གར་དུ་བྱོན་པའི་རྒྱའི་བཙུན་པས་གསང་སྔགས་སྐོར་ཁུར་མ་འོངས་པ་དང་། མྱ་ངན་མེད་ཀྱིས་ཆོས་ཀྱི་ཕོ་ཉ་བཀྱེ་བའི་ཡུལ་སིངྷལ་(སིངྒལ)རུ་གནས་བརྟན་སྡེ་པ་ལས་ཐེག་ཆེན་གསང་སྔགས་མ་དར་བ་ལྟར་སྣང་མོད་ཀྱང་། དགེ་འདུན་ཆོས་འཕེལ་གྱིས་སིངྷལའི་ལོ་རྒྱུས་ནང་ཡུལ་དེར་སྔར་ཐེག་ཆེན་དར་བ་དང་གསང་སྔགས་ཀྱི་ཡི་དམ་ལྷའི་རྡོ་སྐུ་སྣང་བརྙན་སོགས་མཇལ་དུ་ཡོད་པ་གསུངས་ཡོད། དེ་བཞིན་དུ། ༧གོང་ས་མཆོག་གི་གསུང་ལས་ཀྱང་། རྒྱ་གར་གྱི་ནཱ་ལེནྡྲ་ལ་སོགས་པའི་གཙུག་ལག་ཁང་བཤད་གྲྭ་ཆེན་པོ་དེ་ཚོའི་ནང་ནས། སྒྲོལ་མའི་སྐུ་དང་། སྤྱན་རས་གཟིགས་ཀྱི་སྐུ་དེ་འདྲ་ཐོན་ཡོང་གི་འདུག༡ །ཅེས་གསུངས་ཡོད་ཅིང་། གནས་དེ་རྣམས་སུ་འགྲེམས་སྟོན་ཁང་དང་། དྲང་སྲོང་ལྷུང་བའི་ནགས་དེང་སྐབས་སཱརནཱཐར་འབོད་པའི་འགྲེམས་སྟོན་ཁང་ནང་དུའང་འདྲ་སྐུ་དེ་རིགས་དང་རྡོར་སེམས་སོགས་ཀྱི་འདྲ་སྐུ་མཇལ་དུ་ཡོད། ༼ ༡ །ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༨ ཉིན་བཞུགས་སྒར་དུ་བསྩལ་བའི་བཀའ་སློབ་ལས་ཕྱུང་། ཤོག་གྲངས་ ༡༩༨ །ཆོས་སྐྱོང་བསྟེན་ཕྱོགས་སྐོར་བཀའ་སློབ་སྔ་རྗེས་བསྩལ་བ་ཁག་ཆ་ཚང་ཕྱོགས་བསྡེབས། དྷ་ས་ཤེས་རིག་དཔར་ཁང་། ༡༩༩༦༽
༑དབུ་མའི་ལུགས་ལ་དཔྱད་བཤད་བྱེད་པའི་ལེའུར། ཀུན་རྫོབ་སྐབས་བཤད་པ་མང་བ་གྲུབ་མཐའ་རྣམས་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གང་དུ་གཏོགས་མ་གཏོགས་ཀྱི་སྨྲ་བ་རིང་མོ་ཞིག་བྱས་པ་དང་། དེའི་ཕྱོགས་སྔ་བོད་ནང་གི་མཁས་པ་ག་གེ་མོ་རྣམས་ལ་དགག་པ་རྒྱས་པར་བྱས་འདུག་ཀྱང་། སྤྱིར་ན་སེམས་གཙོ་དང་དངོས་གཙོ་ཞེས་གང་གི་ཁོངས་སུ་གཏོགས་མ་གཏོགས་དཔྱད་པ་བྱེད་པས་དོན་ཆེ་གང་ཡང་མེད་ལ། ཐ་སྙད་དེ་གཉིས་ཀྱང་ནུབ་གླིང་ནས་དར་བ་ཡིན་ཡང་། ཁོ་པའི་སྐད་དོད་ལ་གཙོ་ཞེས་པ་མེད་པ་སྟེ། སེམས་པ་བ་།སིཔིརིཅུཨལིསྚི། དང་། དངོས་པོ་བ་།མེཊིརིཨལིསྚི། ཞེས་ཚིག་ཟིན་དེ་ཙམ་ཡིན།
༑དོན་དམ་གྱི་སྐབས་དགག་པ་བྱས་པའི་ཁུལ་དུ། ཀླུ་སྒྲུབ་དགོངས་རྒྱན་རྗེས་ཟློས་བྱས་པ་ཙམ་དུ་ཟད།
༑གཉིས་པ་བྱེ་བྲག་ཏུ་བརྗོད་པ་ནི། དེབ་ཐེར་གྱི་ཤོག་གྲངས་ཨང་རིམ་ལྟར་ཁྱེད་ཀྱིས་བཤད་པ་བྱས་པར་མཆན་ལན་བྱ་བ་ཡིན་པ་འདི་ལྟར།
༑ཤོགས་གྲངས་ ༡ ནས་བཟུང་“ཆོས་མངོན་པའི་ལུགས་ཀྱི་སྣོད་བཅུད་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ། ” ཞེས་དེའི་སྐབས་སྲོལ་རྒྱུན་གྱི་བཤད་པར་དགག་པ་བྱས་པ་དེའང་དེང་སྐབས་ཀྱི་གནམ་རིག་པ་དང་དངོས་ཡོད་གནས་ཚུལ་དང་མི་མཐུན་ཚུལ་སྐོར་༧རྒྱལ་དབང་མཆོག་གི་ལུང་ཁྱེད་ཀྱིས་དྲངས་ཏེ། སྔ་རྒོལ་ག་གེ་མོ་ཁོང་ཚོར་དགག་པ་བྱས་པ་དེའི་ཐད་ངས་འདིར་གོང་དུ་སྤྱི་བཤད་སྐབས་བཤད་ཟིན།
༑ཤོག་གྲངས་ ༡༣ །“དུས་འཁོར་ལུགས་ཀྱི་སྐར་རྩིས་དེ་ནི་དུས་རབས་བཅུ་པ་གཡས་གཡོན་གྱི་རྒྱ་གར་ཤར་ནུབ་ཏུ་དར་བའི་གནམ་རིག་གི་ཚབ་མཚོན་ལྟ་བུ་ཡིན་ལ། གནའ་བོའི་རྒྱ་དགར་ནི་སྐར་རྩིས་རིག་པའི་ཕ་ཡུལ་ལྟ་བུ་ཡིན་པས་དེར་དེང་གི་གནམ་རིག་དང་ཕྱོགས་མཐུན་གྱི་ལེགས་ཆ་ལོས་ཡོད། ” ཅེས་བཤད་པའི་སྐར་རྩིས་དེ་ནི་དེ་ལྟར་དུས་རབས་བཅུ་པའི་གཡས་གཡོན་གྱི་རྒྱ་གར་ཤར་ནུབ་ཏུ་དར་བའི་གནམ་རིག་གི་ཚབ་མཚོན་ལྟ་བུ་ཡིན་པའི་ཁུངས་གང་ཡོད་དམ། རྒྱ་གར་ལྷོ་གང་དུ་དཔལ་ལྡན་འབྲས་སྤུངས་ཡོད་པ་དང་རྒྱ་གར་བྱང་ནས་ཀྱང་མིན་པ་ཁ་ཚོན་གཅད་ཐུབ་བམ།
༑ཤོགས་གྲངས་ ༡༧ །“ནང་བཅུད་ཀྱི་སེམས་ཅན་གྱི་རྣམ་གཞག་ལ་དཔྱད་ན། དེང་གི་ཚན་རིག་པའི་མཐོང་བ་དང་ཆེས་མི་མཐུན་ས་གཅིག་ནི། འགྲོ་བ་རིགས་དྲུག་ཅེས་མི་དང་དུད་འགྲོ་གཉིས་ཀྱི་ཐོག་ཏུ་གོ་རྒྱུ་རིག་རྒྱུ་མེད་པའི་སེམས་ཅན་མི་འདྲ་བ་བཞི་བརྩི་རྒྱུ་རྙེད་ཡོད་པ་འདི་རེད། ” ཅེས་སོགས་ཐད་འཆད་པར་བྱ་བ་འདི་ལྟ་སྟེ། ༧གོང་ས་མཆོག་གི་གསུང་ལས། ལྷའི་འཇིག་རྟེན་གྱི་ཡུལ་ལའང་མགོ་ཏོག་ཙམ་བརྒྱུས། མི་ཡི་འཇིག་རྟེན་གྱི་ཡུལ་ལའང་མགོ་ཏོག་ཙམ་བརྒྱུས་ཏེ་བསྡད་མཁན་དེ་ང་ཆགས་ཡོད། དེར་བརྟེན་ལྷ་ཡི་འཇིག་རྟེན་ནང་གནས་ཚུལ་ག་རེ་ཡོད་བསྡད་པ་དང་། ང་རང་ཚོ་མིའི་འཇིག་རྟེན་ནང་ཕན་གནོད་གང་འདྲ་ཡོང་གི་ཡོད་མེད་ངོས་ནས་ཕྲན་བུ་ཤེས་པ་འདི་མཐོང་བ་མངོན་འགྱུར་མ་ཡིན་ཀྱང་ཉམས་མྱོང་དང་། གནས་ཚུལ་མང་པོ་ཞིག་རྩད་བཅད་ནས་ཡོང་དུས་ཕྲན་བུ་ཚོད་དཔག་དང་རིགས་པས་རྗེས་དཔག་བྱེད་ཐུབ་ཀྱི་འདུག༢ །ཅེས་གསུང་བ་དང་། གཞན་ཡང་། བཀའ་སློབ་འགའ་ཞིག་ཏུ། གནས་ཆུང་རྒྱུས་མངའ་ཆེ་ཤོས་ས་སྟེང་འདི་ན་ཁོང་ཡིན་པ་གསུང་བ་སོགས་ལས་འགྲོ་བ་རིགས་དྲུག་ནང་གི་ལྷའི་རིགས་ཤིག་ཡོད་པ་དོན་གྱིས་གསུང་བ་འདིས། ཁྱེད་ཀྱི་འགྲོ་བ་ལྷ་སོགས་མེད་པའི་དྭོགས་པ་སེལ་སྲིད། འདིས་ཤོག་གྲངས་ ༢༢ ན། “རང་བཞིན་གྱིས་བསྐལ་བའི་སྲོག་ཆགས་དེ་འདྲ་མེད་ཅེས་སྨྲས་ཀྱང་ཆོག་པར་སེམས། ” ཞེས་པའང་ཕྱིར་བསྡུ་བྱ་བས་འོས། ༼ ༢ །གསུང་འདི་ནི། གོང་གི་མཆན་དང་པོའི་ནང་འཁོད་དེབ་དེའི་ཤོག་གྲངས་ ༡༩༨ ན་གསལ།༽
༑ཤོག་གྲངས་ ༡༩ ནས་ ༢༠ །དམྱལ་ཁམས་ཀྱི་ལྕགས་ཁང་སོགས་གཞུང་ལུགས་པས་ལས་ལས་གྲུབ་པར་བཤད་པར་ཁྱེད་ཀྱིས། འོ་ན་མིའི་ཁམས་སུའང་ཤིང་ཁང་སོགས་གྲུབ་གྲུབ་པ་འོང་དགོས་པའི་ཐལ་བ་འཕངས་འདུག་ཀྱང་། དེ་ལ་བཤད་པ་འདི་ཡོད་དེ། འོ་ན། མི་ཚང་ཕྱུག་པོའི་ཁྱིམ་དུ་སྐྱེས་པའི་ཕྲུག་གུར་དེ་རྣམས་གྲུབ་གྲུབ་ཏུ་མི་འགྲོ་བའི་རྟགས་སུ་ཅིའི་ཕྱིར་མི་རུང་ངམ།
༑ཤོག་གྲངས་ ༢༠ །“སངས་རྒྱས་རྣམ་པར་ཐུགས་རྗེ་ནུས་པ་དེ་འདྲ་ཆེ་ན། ལས་འབྲས་མངོན་སུམ་དུ་བསྟན་ནས་མ་འོངས་སྔོན་འགོག་གནང་དགོས་པ་ལས། དེ་ལྟར་མི་གནང་བར་ནམ་མཁའ་ཇི་སྲིད་བར་དུ་སྤྱན་ཆབ་ཁོ་ན་ཕྱུངས་ཏེ་བཞུགས་པ་ནི་ཐབས་ལ་མི་མཁས་པའི་མཛད་པ་རེད། བརྟག་དཔྱད་དེ་ཙམ་ཡང་མི་བཟོད་ན་རིགས་པས་གྲུབ་པའི་ཆོས་ལུགས་ཞེས་པའང་དེ་ཙམ་དུ་ཟད་དོ།” ཞེས་སྨྲས་པར་ལན་འདི་ཡོད་དེ། སངས་རྒྱས་ཀྱིས་དེ་ལྟར་སྔོན་འགོག་ལམ་སྟོན་གནང་བར་གདུལ་བྱ་སེམས་ཅན་ངོས་ནས་དག་པའི་ལས་བསག་མེད་ན་སེམས་ཅན་རང་ཉིད་ཀྱིས་ནོངས་པ་ཡིན།
༑ཤོག་གྲངས་ ༢༠ །“དེ་འདྲ་མེད་པར་ཐག་ཆོད་ཚར་ཡོད་པས། བརྟེན་པ་ལྷ་དང་དམྱལ་བ་ཞེས་པ་དེ་ཚོའང་གྱང་མེད་རི་མོ་ལྟར་ཡལ་འགྲོ་བ་ལས་འོས་ཅི་ཞིག་ཡོད།” ཅེས་པའི་དོན་དེ་སུ་ཞིག་གིས་ཐག་བཅད་ཡོད་དམ། ཚན་རིག་པས་ནི། མེད་པར་ཐག་ཆོད་པའི་གཞི་ཞིག་ཏུ་ཆ་འཇོག་བྱེད་པ་གང་དུ་གསལ་ཡོད་དམ།
༑ཤོག་གྲངས་ ༢༡ །“དེ་ལྟར་བསམ་ན་མི་མངོན་པའི་འཇིག་རྟེན་དེ་ཚོ་ནི་དེ་འདྲའི་དཔྱད་མི་བཟོད་པ་ཞིག་དང་། མེས་པོ་ཚོའི་བསམ་བློ་དེ་དག་ནི་དགོད་བྲོ་བ་ཞིག་རེད་བཞག་བསམ་ནས་སྙིང་ཡང་རྗེ་འོང་བར་འདུག ” །ཅེས་བཤད་པ་དེ་ནི། གོང་གི་༧རྒྱལ་དབང་མཆོག་གི་ལུང་འདྲེན་གྱིས་གསལ་ཁ་ཕྱེ་ངེས། མི་མངོན་པས་ན་མེད་མི་དགོས་པ་དང་དཔྱད་མི་བཟོད་པ་ཞིག་ག་ལ་ཡིན་དགོས། མེས་པོ་ཚོར་དེ་ལྟའི་དམའ་འབེབས་བྱས་པས་དབྱུག་པ་ལེབ་གཡུག་བྱས་པ་དེའི་ནང་སྐྱེ་བོ་དམ་པ་རྣམས་དང་། བཀའ་དྲིན་ཅན་གྱི་ཡབ་མེས་ཡུམ་མེས་རྣམས་ཀྱང་ཡོད་པར་ཁོང་རྣམས་ཀུན་ལ་ཁྲེལ་བའི་དགོད་བྲོ་བ་དང་། ཡ་ང་བའི་སྙིང་ཡང་རྗེ་འོང་བར་ཐལ་བའི་སྐྱོན་ཡོད།
༑ཤོག་གྲངས་ ༢༣ །“སངས་རྒྱས་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་སྡུག་ཤོས་ནི། སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་འདི་རེད་སྙམ་གྱི་ཡོད།” ཅེས་སྐབས་ཀྱི་སྐྱོ་སྣང་རིང་ལུགས་ཞེས་པ་དབྱིན་སྐད་ཀྱི་ །པེསིམིསེམ། ཞེས་པའི་དོད་ཡིན་པའི་བེད་སྤྱོད་བྱེད་པར་སྣང་ཡང་། པེསིམིསེམ་ཞེས་པའི་དོན་ནི། རེ་འབྲལ་ལྟ་སྟངས། ཡང་ན། རེ་ཆད་ལྟ་སྟངས། ཚིག་ཕྲལ་ན། རེ་བ་དང་འབྲལ་བའི་ལྟ་སྟངས་སམ་རེ་བ་ཆད་པའི་ལྟ་སྟངས་ཞེས་པ་དོན་འགྱུར་ཡིན་པ་ལས། སྐྱོ་སྣང་རིང་ལུགས་ཡིན་པ་གནས་མེད། འདི་ནི་ཚིག་ཙམ་གྱི་རྩོད་པར་གོ་སྲིད་ཀྱང་། སྐད་དོད་བེད་སྤྱོད་བྱེད་པར་སྐད་དོད་ཀྱི་དོན་ཇི་ཡིན་ཤེས་དགོས་པ་ཡིན། ཕྲེང་འདིར། “དགེ་བཤེས་གླང་རི་ཐང་པ་ལྟར་ཚེ་གང་པོར་ངོ་ནག་སྡུག་གེར་དང་། སེམས་སྟོང་ལྷང་ངེར་འདུག་དགོས་པ།” དེ་ནི་རྣམ་ཐར་སྨྲ་བ་པོས་དོན་གནད་གཅིག་གི་ཐད་དམིགས་བཀར་ཆེད་དུ་བརྗོད་པ་ཡིན་ལ། རྣམ་པ་གཅིག་ཏུ་ན་ཚེ་གང་པོར་ངོ་ནག་སྡུག་གེར་དང་སེམས་སྟོང་ལྷང་ངེར་བཞུགས་དགོས་པ་ཆ་མ་འཚལ་ཏེ། དགའ་བ་ཚད་མེད་དང་། བྱམས་པ་ཚད་མེད་བསྒོམ་པའི་ཚེ་དེ་ལྟར་ཡིན་པ་དངོས་འགལ་ཡིན་པའི་ཕྱིར་རོ།
༑ཤོག་གྲངས་ ༢༥ །“སྒོས་གངས་ཅན་བོད་པའི་མི་རིགས་འདིས་མིག་གིས་རྒྱབ་ཏུ་བལྟས་ཤིང་རེ་བ་གཤིན་པོ་ལ་བཅོལ་ནས་བསྡད་པས།” ཞེས་ཁྱེད་ཀྱིས་བཤད་པ་ལྟར་ན། ཁྱེད་ཀྱང་རེ་བ་གཤིན་པོ་ལ་བཅོལ་ནས་བསྡད་ཡོད་པར་ཐལ། ཚན་རིག་པ་གཤིན་པོ་སྤྱི་དང་། སྒོས་སུ་ལྟོས་བཅས་སྨྲ་བ་པ་ །ཨཡིནྶིཊཡིན། དང་། །བྷོར། ལ་སོགས་པའང་ད་ལྟ་འཚོ་བཞུགས་མེད་པའི་ཕྱིར།
༑ཤོགས་གྲངས་ ༢༧ །“ཚད་མ་རྣམ་འགྲེལ་ལས། རྒྱུ་འབྲས་དང་རྗེས་དཔག་ཁས་མི་ལེན་ཞིང་། ལུས་ཆ་མེད་དང་དབུགས་རྟག་པར་འདོད་པ་སོགས་མེད་སྨྲའི་ལྟ་གྲུབ་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ། དེར་དགག་སྒྲུབ་རྒྱས་ཤིང་རྒྱས་པ་ཞིག་གནང་དུག་པ་སྐབས་དེའི་ཕྱོགས་སྔ་དེ་ཚོར་ཕྲན་བུ་རེ་སོང་ཡོད་ཤས་ཆེ། སྤྱིར་ནི་རིགས་པ་ཕལ་མོ་ཆེ་རྩིང་ཧྲུལ་གནད་མ་ཟིན་པ་འབའ་ཞིག་ལས་བསྒྲུབ་བྱ་ལ་ངེས་ཤེས་འདྲེན་པ་དང་ལྟ་ཅི་སྟེ་ད་རེས་ཏོག་ཙམ་འདྲ་ཆགས་པོ་ཞིག་གསུངས་སོང་སྙམ་པའི་དོན་འགྱུར་གྱི་ཐེ་ཚོ་སྐྱེད་ནུས་ཤིག་ཀྱང་ཕལ་ཆེར་མེད་པའི་ཚོད་རེད།” ཅེས་སློབ་དཔོན་རྣམ་གཉིས་དང་སྒོས་སུ་ཆོས་གྲགས་ལ་དེ་ལྟར་འགྲེལ་བརྗོད་བྱེད་བཞིན་དུ། རང་ལ་དགོས་དུས་ཁོང་གི་ལུང་ཁྱེད་ཀྱིས་རྒྱབ་རྟེན་དུ་དྲངས་འདུག་པ་མཚན་གཞི་ནི། ཤོག་གྲངས་ ༤༨ ན། “རིང་པོར་མཐོང་བའམ་མིན་ཡང་རུང་།། འདོད་པའི་དེ་ཉིད་མཐོང་བ་ཡིན།། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ།། ངེད་ལ་འགར་ཡང་ཉེར་མཁོ་མེད།།” ཅེས་ལེའུ་གཉིས་པའི་ལུང་དྲངས་པ་གསལ།
༑ཤོག་གྲངས་ ༢༨ །“རྡར་ཝུན་གྱི་སྐྱེས་དངོས་འཕེལ་འགྱུར་གྱི་ལྟ་བ་འདིས། འཇིག་རྟེན་གསར་གཏོད་སྨྲ་བ་དང་། འགྱུར་མེད་དངོས་གཙོ་སྨྲ་བའི་གྲུབ་མཐའ་ཤུལ་མེད་དུ་བཏང་བ་མ་ཟད། མཐར་གཏུགས་ནས་བཤད་ན་ང་ཚོའི་ཡང་སྲིད་རིང་ལུགས་འདི་ལ་ཡང་རྩ་འཛིན་བྱ་ས་ཡག་པོ་ཞིག་མེད་པའི་བརྡ་ལན་གསལ་པོར་སྤྲད་ཡོད། ” ཅེས་བཤད་པར་གསལ་བཤད་བྱ་བའི་སྔོན་དུ་ཚིག་གི་ཐད་བཤད་པར་བྱ་བ་འདི་ཡོད་དེ། ཚན་རིག་པ་དེའི་མིང་། །ཌར་ཝིན། རེད། ཅི་སྟེ་མཐུག་ལོག་གི་ཡི་གེ་བེད་སྤྱོད་མ་བྱས་པར་བོད་ཡིག་ཉིད་བེད་སྤྱོད་བྱེད་པའི་དབང་དུ་བཏང་ན། །དྲར་ཝིན། ཡང་ན། གྲར་ཝིན། རེད། ཁོང་གིས་གསར་རྙེད་བྱུང་བའི་སྐྱེས་དངོས་ཇི་ལྟར་བྱུང་བའི་ལྟ་བ་དེ་ལ་བོད་སྐད་ལ་། རིམ་འཕེལ། ཞེས་ཐད་འགྱུར་དོན་འགྱུར་གཉིས་ཀ་ཡིན། དེ་ལ་འཕེལ་འགྱུར་ཞེས་བརྗོད་དེ་འཕེལ་དང་འགྱུར་གཉིས་ཀར་ཁྱེད་ཀྱིས་འགྲེལ་བཤད་བྱས་འདུག་པ་དོན་དུ་མི་གནས་པ་སྟེ། ཌར་ཝིན་ཁོ་པ་ཨིངྒལེནྜི་(དབྱིན་ཡུལ་)གྱི་ཡུལ་མི་ཡིན་པ་དང་། རྩ་བའི་།ཨིཝོལུཤེན་། ཏེ་རིམ་འཕེལ་ཞེས་པའི་ཐ་སྙད་དེ་ཁོ་པས་བེད་སྤྱོད་བྱས་མེད་པ་བཤད་ཡོད་ཅིང་ཁོང་གི་ཕྱིས་དར་བའི་ཐ་སྙད་དུ་ངོས་འཛིན་བྱེད་པ་ཡིན་ཡང་། གང་ལྟར་དོན་དུ་ཚིག་དེ་དབྱིན་ཚིག་ཡིན།
ཌར་ཝིན་གྱིས་རིགས་སྟོབས་དང་ཉམས་ཞིབ་བྱས་པ་ལས་བྱུང་བའི་རིམ་འཕེལ་སྨྲ་བའི་ལྟ་བ་དེ་སྣང་དུ་ཡོད་པའི་འགྲོ་བ་ཕལ་མོ་ཆེའི་ལུས་དབྱིབས་སོགས་ཇི་ལྟར་བྱུང་བའི་དོན་གནས་ཀྱི་འགྲེལ་བཤད་བྱས་ཡོད་ཅིང་། དངོས་པོའི་གནས་ཚུལ་དང་ཡང་ར་འཕྲོད་པ་ཡོད། དེ་ལྟ་ནའང། ནང་པས་ལོ་ཉིས་སྟོང་ལྔ་བརྒྱའི་རིང་བདག་མེད་སྨྲས་ཀྱང་། བདག་རྟག་གཅིག་རང་དབང་ཅན་སོགས་འདོད་པའི་གྲུབ་མཐའ་ཤུལ་མེད་བཏང་མེད་པ་བཞིན། འཇིག་རྟེན་གསར་གཏོད་སྨྲ་བ་དང་། འགྱུར་མེད་དངོས་སྨྲ་བའི་གྲུབ་མཐའ་ཤུལ་མེད་དུ་ཕྱིན་མེད་པ་གཡས་གཡོན་མདུན་རྒྱབ་ལ་བལྟས་པས་ཤེས་ངེས། རིམ་འཕེལ་སྨྲ་བའི་ལྟ་བས་སྐྱེ་བ་སྔ་ཕྱི་མེད་པར་ཐག་ཆོད་ཐུབ་པ་ལྟ་བུའི་འོབ་ཚོད་ཀྱིས་“ཡང་སྲིད་རིང་ལུགས་འདི་ལ་ཡང་རྩ་འཛིན་བྱ་ས་ཡག་པོ་ཞིག་མེད་པའི་བརྡ་ལན་གསལ་པོར་སྤྲད་ཡོད་”ཅེས་སྨྲས་པ་དོན་དུ་མི་གནས་ཏེ། རིམ་འཕེལ་སྨྲ་བའི་ཚན་རིག་པ་ཚོས་ཀྱང་སྐྱེ་བ་སྔ་ཕྱི་རྣམ་པ་གཅིག་ཏུ་མེད་པར་ཐག་ཆོད་བྱུང་བ་མ་བསྒྲགས་པའི་ཕྱིར།
མུ་འགོད།
ཚ་མདའ་ཡིས་དཔྱད་རྩོམ་གྱི་ཉེར་ཕྱོགས་སུ་སོང་བའི་ཁྱེད་ཀྱིས་དགག་བཞག་སྤང་གསུམ་མི་འདུག་པས། དེར་དགག་པའི་རྩོལ་བ་བྱས་པར་འབྲས་མེད་ངལ་བའི་ལས་མི་འདུག་གོ།
ཚ་བ་མདའ་སྨྱུག་འདི་རྒྱ་གར་ཚ་བའི་ལུང་པ་མཐོང་མ་མྱོང་མཁན་ཅིག་ཡིན་པ་འདྲ། ད་དུང་དེང་སང་ཁོ་རང་གར་སོང་ཆ་མེད་དུ་གྱུར་པ་རེད། ་་་་་་