རྫ་ཚེ་རིང་བཀྲ་ཤིས།
བརྩེ་བའི་ཚ་བོ་ཆོས་དར་ལགས། ཁམས་བཟང་།
ངས་ཉེ་ཆར་ཁྱོད་ཀྱི་ཆེད་དུ་འཕྲིན་ཡིག་ཅིག་འབྲི་འདུན་བྱུང་།
ང་ད་ལྟ་ཨོ་གླིང་ནས་ཐོན་ཏེ་ཨ་རིའི་ཕྱོགས་སུ་སྐྱོད་བཞིན་ཡོད། ཆུ་ཚོད་ཉི་ཤུ་བརྒལ་བའི་དུས་ཚོད་རིང་པོའི་འཕུར་བསྐྱོད་འདིར། ངས་གཉིད་དུས་ལས་གཞན་པའི་དུས་ཚོད་དག་སྤྱད་ནས་དཔལ་སྤྲུལ་རྣམ་ཐར་བོད་འགྱུར་གྱི་གླེང་བརྗོད་སོགས་ཡི་གེ་འགའ་ཞིག་འབྲི་རྒྱུར་ཐག་བཅད་ཡོད།
ནམ་རྒྱུན་དུ་ངས་མཁའ་འགྲུལ་གྱི་དུས་ཚོད་དག་གློག་བརྙན་ལྟ་རྒྱུ་སོགས་སུ་སྤྱོད་མ་དགོས་པ་གཙོར་འདོན་གྱིས་ལས་ཀའི་ཕྱོགས་སུ་བཀོལ་བཞིན་ཡོད། ང་ལ་ཤེས་རབ་དང་བརྩོན་པ་ཁྱད་དུ་འཕགས་པ་དེ་འདྲ་མེད་ན་ཡང་། དུས་ཡུན་རིང་པོར་གང་འཚམས་ཀྱིས་ཐང་ལྷོད་ཚབས་ཆེན་མེད་པར་སོ་སོའི་ལས་ཀ་རྒྱུན་སྐྱོང་བའི་གཤིས་ཀ་ཞིག་ཡོད། འདིས་རང་ཉིད་ལ་ཞེ་འགྱོད་མེད་པ་དང་། ཡིད་ཚིམ་པའི་སྣང་བ་ཡང་ཡང་འབྱུང་དུ་འཇུག་གིན་འདུག །
བརྩེ་བའི་ཆོས་དར། ང་གཉིས་མི་ཚེ་འདིར་ལས་ཀྱིས་འབྲེལ་བའི་ཚ་ཞང་དུ་གྱུར་པ་རེད། སྟོང་ཉིད་ཚང་གི་ངོས་ནས་ཁྱོད་ནི་བུ་ཆེ་ཕའི་རྡང་ཡ་རེད། ཨ་མའི་སེམས་སུ་ཁྱོད་ནི་གཞན་ལས་སྨར་བའི་ཚ་བོ་འདང་ཆེན་རེད། ཨ་མས་ང་ལ་སྐབས་མང་པོ་ཞིག་ཏུ། “ཆོས་དར་མའི་ཐོག་ལ་མ་འཆུག་ཨང་།” ཞེས་རྒྱུན་ལྡན་མ་ཡིན་པའི་སྐྱོ་གདུང་གི་ཉམས་ཀྱིས་བཤད་མྱོང་། དེ་ནི་ང་ལ་མཚོན་ན། ཨ་མ་གསོན་དུས་ཀྱི་རེ་བཅོལ་དང་། མི་བཞུགས་པའི་དུས་སུ་ཁ་ཆེམས་ལྟར་འགྱུར་གྱི་རེད། ཡིན་ན་ཡང་། སངས་རྒྱས་ཀྱིས།
ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །
ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རེད།
ད་ཆ་ཁྱོད་རང་“མི་ཕོ་ཚོད་ལ་ཐོན་”ཟིན་པ་རེད་ལ། ང་གཉིས་ཀྱང་སྤྱི་ལེ་ཁྲི་སྟོང་གིས་ཆོད་པའི་ས་ཆ་ན་སོ་སོར་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། མ་གཞི་ང་རང་ཉིད་ཀྱང་རྒྱ་བླ་གཞན་དག་ནང་བཞིན། ཕྱི་དཔལ་འབྱོར་གྱི་ཆ་ནས་ཁྱེད་ཚོར་ཕན་ཐོགས་ཐུབ་པའི་ནུས་པ་ཆེན་པོ་མེད་པ་རེད། མཐར་གཏུག་ན་ངས་ཁྱོད་ཀྱི་མི་ཚེ་དང་མི་ཚེའི་བདེ་སྡུག་ལ་འགན་གང་ཡང་ལེན་མི་ཐུབ། རེད་དེ་ཤ་ཁྲག་གིས་གྲུབ་པའི་མི་ཞིག་ཡིན་པའི་ཆ་ནས། ང་ཁྱོད་ལ་ཤ་ཚ་དང་སེམས་ཁུར་བཅོས་མིན་དུ་ཡོད་པ་ནི་བཤད་ག་ལ་དགོས།
བརྩེ་བའི་ཆོས་དར།
ལོ་མང་སྔོན། ཁྱོད་རང་ངའི་ཕུ་བོ་སྤྲུལ་སྐུ་པདྨ་བཀྲ་ཤིས་ཀྱི་སྒེར་བཙུགས་སློབ་གྲྭར་བསྐྱོད་པ་དང་། དེ་ནས་ཡང་བསྐྱར་མགོ་ལོག་ཏུ་སློབ་གྲྭར་བསྐྱོད་པ་རེད། དེ་ཚོ་ཁྱོད་ཀྱིས་བརྗེད་ག་ལ་ཡོད། དེ་དུས་ཁྱོད་ཀྱི་ཨ་མ་དང་བསྟན་དཔལ་གྱིས་ཁྱོད་རང་སློབ་སྦྱོང་ཡག་པོ་ཞིག་བྱུང་ན་ཕངས་སེམས་མེད་པར་སློབ་གྲར་གཏོང་རྒྱུ་ཡིན་ཞེས་བློ་ཐག་ཆོད་པོས་བཤད་བྱུང་། ཡ་མཚན་པ་ཞིག་ལ། ཨ་མ་དང་བསྟན་དཔལ་སྟོང་ཉིད་སོགས་ཚང་མས་ཉི་མ་གཅིག་ལ་སློབ་སྦྱོང་བྱེད་མ་མྱོང་ན་ཡང་། སློབ་སྦྱོང་ཟེར་བ་དེ་ཡོད་དགོས་པ་ཞིག་དང་ཡག་པོ་ཞིག་ཡིན་པ་དེར་ངོས་འཛིན་བརྟན་པོ་འདུག །
ངས་ཀྱང་ཁྱོད་ཉིད་བོད་ཡིག་ཡག་པོ་སྦྱོང་མཁན་གྱི་སློབ་མ་ཞིག་ཡོང་ན་བསམ་མྱོང་། སྐབས་དེར་ད་ཆ་དང་མི་འདྲ་བར་སློབ་གྲྭར་འགྲོ་ཐུབ་ན་ཡོད་ཚད་འགྲིགས་སོང་བ་ཡིན་པ་ལྟ་བུའི་བསམ་ཚུལ་དེ་མང་པོ་ཞིག་ལ་ཡོད་པའི་སྐབས་རེད། ཡིན་ན་ཡང་། ཁྱོད་ཀྱིས་སློབ་གྲྭ་མཐའ་མ་འཁྱོལ་བར་མ་ཟད། མི་ཚེའི་བརྒྱུད་རིམ་མང་པོ་ཞིག་དུས་ཡུན་ཐུང་ངའི་ནང་བརྒྱུད་དགོས་བྱུང་སོང་། ཁྱོད་རང་འདྲེད་བརྡར་ཤོར་ཐེངས་རེ་རེ་ལ་ང་ཚོ་ཡང་ཟུར་ནས་འདར་སིག་རེ་རེ་རྒྱག་བཞིན་ཡོད་པ་རེད། དེའི་ཆ་ནས་ང་ཚོ་ལའང་བློ་ཕམ་དང་ཡི་ཆད་ཀྱི་ཚོར་བ་མ་བྱུང་བ་ག་ལ་ཡིན།
ཕྱོགས་གཞན་ཞིག་ནས་བསམ་ན། དེ་དག་ཡོད་ཚད་གཞོན་སྐྱེས་བརྒྱ་སྟོང་མང་པོའི་སྤྱིར་བཏང་གི་མི་ཚེའི་ཆ་ཤས་ཙམ་རེད། དེ་ལ་དགའ་དོན་སྡུག་དོན་ཆེན་པོ་མི་འདུག་ལ་ལེ་བདའ་དང་འཁང་ར་དེ་བས་ཀྱང་མེད།
བར་སྐབས་ནས་ཁྱོད་རྒྱ་ཡུལ་དུ་འཁྱམས་པ་རེད། དེ་དུས་ཨ་མ་དང་བསྟན་དཔལ་གཉིས་ཆར་གྱིས་སེམས་ཁུར་ཆེན་པོ་བྱས་སོང་། ཁྱོད་རང་སོང་བ་དེས་ནང་མི་ལ་ཕན་ཐོགས་པའི་ལས་ཀ་དང་ཡོང་སྒོ་ཞིག་གསོག་མི་ཡོང་བ་ནི་ཟུར་བལྟས་ལེབ་མཐོང་རེད། རྒྱ་ཡུལ་དུ་ཤེས་ཡོན་ཆེན་པོ་ཡོད་པའི་མིས་ཀྱང་ད་ཆ་ལས་ཀ་སྤྱིར་བཏང་བ་ཞིག་རག་མིན་གྱི་དུས་ཚོད་ཅིག་རེད། སློབ་ཆེན་སློབ་མ་འབུམ་ཕྲག་མང་པོས་ལས་ཀ་མི་རག་པར་ལྷག་ཡོད་པའི་སྐབས་རེད། ཁྱོད་ལྟ་བུ་ཞིག་གིས་ཤེས་ཡོན་གྱི་རྒྱབ་ལྗོངས་གཞན་དག་ལྟ་ཅི། ཐ་ན་རྒྱ་སྐད་རྒྱ་ཡིག་ཡག་པོ་ཞིག་ཀྱང་མི་ཤེས་པ་ཞིག་གིས་རྒྱ་ཡུལ་ནས་སྒོར་མོ་གྲོ་མ་ཆུ་བཅུ་བཅུ་བྱས་མི་ཡོང་བ་དེ་སུ་ཞིག་གིས་མི་ཤེས། ཁྱོད་རང་བདེ་འཚམས་ངང་ནས་ཕྱིར་ལོག་ཐུབ་པ་དེ་བླ་མ་དཀོན་མཆོག་གི་ཐུགས་རྗེ་རེད།
མ་ཟད་རྒྱ་ཡུལ་ནས་རྐུ་འཕྲོག་སོགས་ཀྱི་ལས་ལ་མ་ཞུགས། ཆང་ཨ་རག་དང་དུག་རྫས་སོགས་ཀྱི་གོམས་གཤིས་ངན་པའི་དབང་དུ་མ་གྱུར་པར་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པ་དེ་ཕྱོགས་གཞན་ཞིག་ནས་དཔའ་དར་འདོགས་དགོས་པའི་ཚོད་རེད། ང་སྔ་མོ་བཙོན་ཁང་དུ་ཡོད་སྐབས་ཁྲིན་ཏུའུ་ཕེས་ཤན་ལྟ་སྲུང་ཁང་གི་ནང་དུ་ཡོད་པའི་དཀར་མཛེས་རྫོང་དང་ཁྲོ་ཆུ་རྫོང་ཆུ་ཆེན་རྫོང་སོགས་ཀྱི་བོད་རིགས་གཞོན་སྐྱེས་མང་ཆེ་བ་དང་པོ་ཁྲིན་ཏུར་ཡོང་། དེ་ནས་འཚོ་ཐབས་གཞན་མེད་པས་རྐུན་ཇག་གི་ལས་སུ་ཞུགས། དེ་ནས་ཉེན་རྟོག་པས་འཇུས་ནས་བཙོན་ཁང་དུ་བཅུག་པ་དེ་འདྲ་རྐྱང་རྐྱང་རེད། དེས་ན་ཁྱོད་རང་ལམ་ཁ་དེ་འདྲ་ཞིག་ལ་མ་ཕྱིན་པ་ཙམ་གྱིས་ཀྱང་ཨ་ལ་ལ་རེད། བཀའ་དྲིན་ཆེ།
བརྩེ་བའི་ཆོས་དར།
ཉེ་ཆར་ང་གཉིས་ངོ་ཐུག་སྐབས་ཁྱོས། དེ་དུས་ས་ཆ་གཞན་ཞིག་ནས་མེ་འཁོར་དུ་བསྡད་ནས་པེ་ཅིང་དུ་འབྱོར་སྐབས། ཞག་མ་གཅིག་ལ་མགྲོན་ཁང་དུ་འདུག་པའི་གླ་ཆ་དང་མགྱོགས་ཐུག་ཕོར་བ་གང་ཟ་རྒྱུའི་རིན་པ་ཙམ་ཡང་ཡོད་མེད་ཀྱི་མཚམས་སུ་བསླེབས་ཚུལ་གྱི་ཉམས་མྱོང་བཤད་པ་དེ་ངས་དྲན་གྱི་འདུག །མ་ཟད་ཁྱོའི་བཤད་པའི་སྐད་ཆ་དེ་ཚོ་གོ་དུས་གློ་བུར་དུ་ངའི་སེམས་ལ། “ཨོ། ཁྱོད་རང་སྐབས་དེར་རྒྱ་ཡུལ་དུ་འཁྱམས་པ་དེ་འགྲིགས་འདུག ” བསམས་བྱུང་། ང་ཡང་སྔ་མོ་བཙོན་དུ་ཚུད་སྐབས། ལུས་པོ་འཕྲོ་བརླགས་ལ་མ་ཕྱིན་ན་གཞན་དག་ཚང་མ་ཉམས་མྱོང་དང་གོ་སྐབས་རེད། འགྲིག་གི་རེད་བསམ་མྱོང་། ངས་སྐབས་དེར་ཨ་མར་སྤྲིངས་པའི་ཡིག་ཆུང་དུའང་དེ་ག་རང་བྲིས་ཡོད། ཉམས་མྱོང་ནི་གསེར་ལྟར་རིན་ཐང་ཆེ་བ་ཞིག་རེད། དེང་སང་གི་རིན་གོང་ཆེ་བའི་སློབ་ཚན་མང་པོ་ཞིག་ཀྱང་ཉམས་མྱོང་དང་ཚོད་ལྟའི་ཆེད་དུ་མ་ཡིན་ནམ།
མདོར་ན། གཞོན་སྐྱེས་ཤིག་ལ་མཚོན་ན། དཀའ་སྡུག་གི་ནང་ནས་ཡར་ལངས་མི་ཐུབ་པ་ནི་ཕམ་ཁ་ཡིན་མོད། དཀའ་སྡུག་གི་འགག་འཕྲང་དང་བརྒྱུད་པའི་ཉམས་མྱོང་ནི་སྦྱོང་བརྡར་ཞིག་ཡིན། དེ་ནི། དཀའ་བའི་འཕྲང་རིང་མ་བརྒལ་ན། བདེ་མོའི་ཐང་ལ་ཐོན་ཐབས་མེད། ཞེས་ཟེར་བ་དེ་རེད།
“ཐོས་པ་བརྒྱ་ལས་མཐོང་བ་གཅིག་བདེན།” ཟེར་བ་ལྟར་ཡིན་པས། ད་ཆ་ཁྱོད་རང་གིས་ཀྱང་མིའི་ཟེར་ཚད་ཀྱི་ཁ་ལ་མཉན་མི་དགོས་པར། “ལྐུག་པས་བུ་རམ་ཟོས་པ” འི་ཞེ་རྩིས་ཅུང་ཟད་ཅིག་རྒྱག་ཤེས་ཀྱི་ཡོད་ཚོད་རེད། འཚོ་བའི་བདེ་སྐྱིད་ནི་མིའི་ཁ་ལ་མཉན་ནས་རྒྱུས་མེད་ཀྱི་ས་ཆ་ཞིག་ནས་དཀའ་ལས་རྒྱག་མི་དགོས་པར་ཁེ་སྤོག་ཆེན་པོ་ཞིག་ཐོབ་ཏུ་རེ་བའི་ཧོལ་རྒྱུག་གིས་ཡོང་བ་ཞིག་མ་རེད་ལ། ཕ་ཡུལ་གྱི་སྡེ་མཐའ་ཉུལ་ནས་དུས་ཚོད་སྟོང་ཟད་བྱས་ནས་ཡོང་བ་ཞིག་ཀྱང་མ་རེད།
བརྩེ་བའི་ཆོས་དར།
དེ་ཡང་ད་ལྟའི་དུས་ཚོད་འདིར། མ་རྩ་མེད་དང་། སོ་སོའི་ཚོད་ཀྱི་དཀའ་ལས་ཞིག་རྒྱག་མི་ཐུབ་པའི་མི་དེ་ལ་འདུན་ལམ་ཟེར་བ་ཞིག་ཡོང་སའི་གཞི་མེད་པ་རེད། མ་རྩ་ཡོད་ན་རྒྱལ་ཁ་ཐོབ་པའི་ངེས་པ་མེད་ལ། འབད་བརྩོན་བྱས་ན་གྲུབ་འབྲས་ཐོབ་པའི་ངེས་པའང་མེད་མོད། འབད་བརྩོན་མེད་པར་གྲུབ་འབྲས་མི་ཐོབ་པ་ནི་ཧ་ལམ་ངེས་པ་ཞིག་རེད།
ད་ཆ་ཁྱོད་རྫ་པདྨ་དབང་རྒྱལ་དང་མཉམ་དུ་བསྡད་ནས་རྫ་པད་དཔེ་ཁང་གི་ལས་ཀ་བྱེད་ཀྱིན་འདུག །ན་ཉིན་ཐེངས་དང་པོ་ཁྱོད་རང་ཟླ་བ་འགའ་ལས་མ་བསྡད་པ་དེར་ང་ལ་སེམས་ཁྲལ་བྱུང་། ད་ཆ་ཁྱོད་ཀྱི་བྱ་བ་ལས་སྟངས་གང་ཅིའི་ཐད་ནས་ལོ་འགའ་རེའི་སྔོན་དང་བསྡུར་ན། སེམས་ཁམས་ཅུང་ཟད་ལྷོད་ལ་བབས་ཡོད་པ་དང་། ལས་ཀ་ལ་དོ་དོ་དན་དན་གྱིས་འཇུག་བཞིན་ཡོད་པའི་ཚོར་སྣང་ཞིག་བྱུང་། གལ་ཏེ་དེ་འདྲ་ཡིིན་ན། འདི་ནི་ཁྱོད་ཀྱིས་ད་ཐེངས་ཁྱོད་ལ་བསམ་པ་གཏིང་ནས་དཀར་མཁན་ཚང་མ་ལ་ཕུལ་བའི་ལག་རྟགས་ཡག་ཤོས་ཤིག་རེད། མ་གཞི་བསྟོད་པ་སྔ་དྲགས་རྒྱུ་མེད་ན་ཡང་། གང་ལྟར་ཁྱོད་རང་ལ་ཡག་པོ་རེ་ཡོང་ན་སྙམ་པ་འདི་ནང་མི་ཚང་མའི་སེམས་གཏིང་གི་རེ་བ་ཉག་གཅིག་ཡིན་པ་འདི་ཁྱོད་ཀྱིས་ལོས་ཤེས།
ཁྱད་པར་དུ། ད་ཆ་ཁྱོད་ཀྱིས་དབང་རྒྱལ་གྱི་ངག་བཀོད་ལ་ཅུང་ཟད་མཉན་གྱི་ཡོད་པའི་ཚོར་སྣང་བྱུང་། དེ་ཧ་ཅང་གིས་ཡག་པོ་རེད། དབང་རྒྱལ་ནི་ཤེས་ཡོན་དང་ཉམས་མྱོང་འཇོན་ནུས་སོགས་གང་ཅིའི་ཐད་ནས་ཁྱོད་ལ་མཚོན་ན། བསྡད་ན་ཁེན་ས། ལངས་ན་འཐམ་ས། བློ་དང་གྲོས་ཀྱི་ཕུགས་ཉག་གཅིག་དེ་རེད།
དབང་རྒྱལ་གྱིས་བློ་འདོན་བྱས་པ་ལྟར། རྫ་པད་དཔེ་ཁང་གིས་སྤྲད་པའི་ཁྱོད་རང་སྒེར་གྱི་གླ་ཕོགས་ལས་དཔེ་དེབ་བྱེ་བྲག་པ་དེ་འདྲ་དཔར་ནས་དེའི་ཡོང་འབབ་ཁྱོད་རང་ལ་དབང་བ་བྱ་རྒྱུ་སོགས་ཟུར་ཚོང་དེ་འདྲ་མགོ་འཛུགས་བཞིན་པའི་སྐོར་ཞིག་ཉེ་ཆར་ཁྱོད་ཀྱིས་ང་ལ་བཤད་བྱུང་། ལས་ཀ་དེ་ཆུང་ཆུང་ཞིག་ཡིན་ན་ཡང་། ཧ་ཅང་ཡར་ཐོན་ཅན་གྱི་འཆར་གཞི་སྙིང་རྗེ་མོ་ཞིག་རེད།
ངས་ནམ་རྒྱུན་ཨོ་གླིང་སིད་ནིས་ཀྱི་སྒེར་པའི་མི་ཚང་ཆེན་པོ་དེ་འདྲའི་གཞིས་ཀའི་སྒོ་འགྲམ་བརྒྱུད་སྐབས། ཅོག་ཙེ་ཆུང་ཆུང་རེའི་ཐོག་ཏུ་བག་ལེབ་སྲེག་མ་ཆུང་ཆུང་དེ་འདྲ་བཞག་ནས་བཙོང་མཁན་གྱི་བྱིས་པ་ལོ་ལྔ་དྲུག་ཅན་དེ་འདྲར་ཐུག་མྱོང་། ཁོང་ཚོ་སྤྲང་པོ་མ་རེད་ལ། ཡོང་འབབ་དེར་བལྟས་ནས་འཚོ་བ་སྐྱེལ་མཁན་དེ་བས་ཀྱང་མ་རེད།
ཕྲུ་གུ་དེ་ཚོའི་ཕ་མ་ཧ་ཅང་རྒྱུ་ཆེན་ཡིན་ན་ཡང་། དེ་ནི་ཕྲུ་གུ་ལ་ཚོང་རྒྱག་རྒྱུ་དང་། རང་སྒེར་གྱི་མ་རྩ་ལས་ཁེ་སང་གསོག་རྒྱུ་དང་། སོ་སོའི་ལག་པས་ཐོན་རྫས་ཆུང་ཆུང་བཟོས་ནས་དེ་ལས་ཡོང་འབབ་གསོག་པ་སོགས་ཀྱི་བསམ་བློ་དང་ལག་ལེན་ལ་སློབ་སྦྱོང་སྤྲོད་སྟངས་ཤིག་རེད་འདུག །
ཕྲུ་གུའི་ཕ་མ་འགྲམ་དུ་བསྡད་ནས་རྒྱང་འཚོས་ཀྱིས་རོགས་པ་བྱ་བཞིན་ཡོད་ན་ཡང་། ཅ་ལག་ཆུང་ཆུང་དེ་ཚོ་དང་པོ་བཟོ་མཁན། བར་དུ་བཙོང་མཁན། ཐ་མ་ཁེ་སང་ཐོབ་ས་བཅས་ཚང་མ་ཕྲུ་གུ་རང་ཉིད་ཡིན་པར་མ་ཟད། མ་རྩ་དེའང་ཕྲུ་གུ་རང་ཉིད་ལ་གཞན་གྱིས་སྤྲད་པའི་རྔན་པའི་སྒོར་མོ་ཉུང་ཤས་དག་བསགས་ནས་བཟོས་ཡོད་པ་ཤས་ཆེ། དེ་ལྟ་བུའི་བྱེད་སྟངས་དེས་ཕྲུ་གུ་དག་གི་མི་ཚེ་ལ་ཤུགས་རྐྱེན་དང་སྐུལ་མ་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་འདུག །
ང་ཚོའི་ཕ་ཡུལ་དུ་ད་ལྟའང་། གཞོན་སྐྱེས་མང་པོ་ཞིག་ལ་ཁེ་ལས་ཀྱི་བསམ་བློ་དང་། སོ་སོ་སྒེར་གྱི་ཡུན་རིང་གི་འབད་པ་ལ་བརྟེན་ནས་བརྟན་བརླིང་ཅན་གྱི་ཡོང་འབབ་བཟོ་བ་སོགས་ཀྱི་བསམ་བློའི་ཚད་གཞི་ཧ་ཅང་ཞན་པོ་རེད། ཁྱད་པར་དུ་ཁྱོད་དང་ཁྱོད་ལྟ་བུའི་ན་ཚོད་ཀྱི་ཕོ་སར་མང་པོ་ཞིག་ནི་ཐག་པ་ཆད་པའི་ཤོག་བྱ་ལྟར་ངེས་གཏན་མེད་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
ད་ཆ་ཁྱོད་ཀྱང་མི་ཕོ་སར་ཞིག་ཆགས་ཚར་བ་རེད། དེའི་ཆ་ནས་ལས་ཀ་དེ་ཚོ་ཧ་ཅང་ཆུང་ཆུང་དང་གླེང་རིན་མེད་པ་ཞིག་ཡིན་འོས་ན་ཡང་། ཕྱོགས་གཞན་ཞིག་ནས། ད་ཆ་གཞི་ནས་ཁྱོད་རང་ཉིད་ཀྱིས་ཁ་ཕྱོགས་ཤིག་རྙེད་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་བས་ཞང་པོ་ངའི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་།
སྤྱིར་དེང་སང་གི་མི། ཡང་དགོས་སུ་ང་ཚོའི་འབྲོག་པའི་ཕོ་སར། དེའི་ནང་ནས་ཁྱོད་རང་གི་ཐོག་ཏུ་འགྱུར་སྐྱེན་ལ་བསླུ་སླ་བའི་གཤིས་ཀ་ཞིག་མེད་དམ་སྙམ། ང་ལ་སེམས་ཁུར་དེ་ད་ལྟའང་ཡོད། དེའི་ཆ་ནས་ཁྱོད་ཀྱིས་ང་རྒྱལ་གཏན་ནས་སྐྱེ་མི་འོས་ལ་ལྷོད་ཡངས་དེ་བས་ཀྱང་མི་རུང་།
བརྩེ་བའི་ཆོས་དར།
ཉེ་ཆར་ཁྱོད་རང་སྒྱུ་རྩལ་བ་སྨན་བླ་སྐྱབས་ཀྱི་རྩོམ་ཡིག་གཅེས་བསྒྲིགས་ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དང་འབྲེལ་བའི་ཐོག་ནས་ཁྲིན་ཏུར་བསྐྱོད་ཡོད་པ་ཤེས་བྱུང་། དེ་ནི་རྫ་པད་དཔེ་ཁང་གི་ངོས་ནས་གལ་འགངས་ཆེ་བའི་ལས་ཀ་ཞིག་རེད། འབད་པ་ལྷོད་མེད་ཀྱིས་རང་གི་ནུས་ཚོད་དང་ལྕོག་ཚོད་ཀྱིས་ལས་ཀ་ལས་བཞིན་པ་དེར་ངས་བསྔགས་བརྗོད་ཡོད། མི་སུ་ཡིན་ཡང་། རང་ཚོད་རང་གི་ཐིག་པ་དང་། རང་ཚད་རང་གི་ཤེས་པ་ལས་ལྷག་ཅིག་མེད། ཤེས་ཡོན་དང་འཇོན་ཐང་གི་གཏིང་རིམ་གྱི་ནུས་པ་ནི་སུ་ལའང་ཚད་མེད་པ་ཞིག་སྦས་ཐབས་སུ་ཡོད་ཆོག་ན་ཡང་། དངོས་སུ་སྔོག་འདོན་དང་བཀོལ་སྤྱོད་ཀྱི་ཚད་གཞི་ནི་ཅིས་ཀྱང་མི་འདྲ། ནང་མི་ཡིན་ན་ཡང་ཤེས་ཡོན་དང་འཇོན་ནུས་གང་ལ་ཡོད་པ་དེར་དགོས་ངེས་ཀྱི་མཐོང་དང་རིན་ཐང་འཇོག་དགོས་ལ། སོ་སོའི་མི་ལ་སོ་སོས་བརྩི་འཇོག་མ་བྱས་ན་མི་གཞན་གྱིས་དེ་བས་ཀྱང་བྱ་མི་སྲིད།
དེས་ན་ང་ཚོའི་ཕ་ཡུལ་གྱི་མིའི་ནང་དུ་ཉི་མ་གཅིག་ལའང་སློབ་སྦྱོང་མ་བྱས་པའི་མི་ཚེ་སློབ་སྦྱོང་ལ་བཏང་བའི་མིའི་གྲལ་མགོར་འདུག་རྒྱུ་དང་། དེ་དག་གི་སྔོན་ནས་གནས་ལུགས་ཀྱི་སྐད་ཆ་བཤད་རྒྱུ། གཉེན་དང་གྲོགས་པོའི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ཤེས་ཡོན་དང་སློབ་སྦྱོང་གི་རིན་ཐང་ལ་བརྩི་མཐོང་མི་འཇོག་པ་སོགས་ཡ་རབས་ཀྱི་གྲལ་ཉམས་པའི་རྟགས་མཚན་མང་པོ་ཡོད། འདི་ལ་མགོ་མེད་རྔ་མེད་ཇ་སུག་ལྟ་བུ་ཞེས་སྔར་གྱི་ཡིག་རྙིང་དག་ལས་བཤད་ཡོད།
ལས་ཀ་བྱེད་པའི་སྐབས་སུའང་། གོང་འོག་གི་བརྩི་འཇོག་དང་རང་གི་གནས་བབ་ལ་ངོས་ལེན་གྱིས་ཚུལ་མཐུན་གྱི་ལས་ཞུགས་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བའི་ཀུན་སྤྱོད་ཅིག་རེད། དེ་དང་མཉམ་དུ་རང་ཉིད་མཐོར་འདེག་ཡོང་བའི་ཚུལ་མཐུན་གྱི་འབད་བརྩོན་ནི་ཁྱོད་ཀྱི་ཁེ་དབང་ཡིན། འདི་ཚང་མ་ང་ཚོའི་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་ཡིན། གོ་རིམ་དེ་ཙམ་མེད་པའི་སྐད་ཆ་འདི་ཚོའི་ནང་ན་ཡང་གོ་རྒྱུ་རེ་ཡོད་ན་སེམས་ལ་འཛིན་རོགས།
ད་ཆ་ཁྱོད་ཀྱིས་རྫ་པད་ལ་མྱིག་རོགས་རེ་ཐུབ་ན་དེ་ནི་ཁོ་ལ་མཚོན་ན་ཡང་དགའ་སྤྲོ་ལྷག་མ་ཞིག་ཡིན་རྒྱུ་རེད། ངས་ཁྱོད་ལ་ཉེ་ཆར་སྒེར་ཐོག་ཏུ་བཤད་པ་ལྟར། ལས་དོན་གང་ཞིག་ཡིན་ཡང་། ཡག་པོ་ཞིག་བྱུང་ན་རང་གི་གཉེན་ཉེ་ལས་ལྷག་པའི་རྒྱབ་སྐྱོར་མཁན་ཞིག་མེད། གཉེན་ཉེ་ཡག་པོ་ཚོས་ནི། རང་གི་སྤུན་མཆེད་སོགས་ཀྱི་ལས་གཞི་དང་འབྲེལ་བའི་ལས་ཀ་བྱེད་སྐབས་ལས་ཀ་དེ་སོ་སོའི་དོན་དག་ཅིག་ཡིན་པའི་འདུ་ཤེས་དང་བསམ་བློའི་ཐོག་ནས་ལས་ཀ་བྱེད་ཅིང་། དེས་ལས་ཀ་དེ་དམིགས་བསལ་གྱིས་བརྟན་པོ་དང་ཚགས་ཚུད་པོ་ཡོང་བར་ཕན་ཐོགས་ཡོད། ཁོང་ཚོས་རང་དང་འབྲེལ་ཡོད་ཀྱི་མི་དེའི་ལས་ཀའི་ཆེད་དུ་རང་བཞིན་གྱིས་བློས་གཏོང་མང་པོ་བྱེད་ཐུབ་པ་དང་། རང་མི་དང་རང་གི་འདུ་ཤེས་ཤིག་ངམ་ངམ་ཤུགས་ཀྱིས་ཡོང་བཞིན་ཡོད། དེ་ལྟ་བུའི་ལག་རོགས་ནི་དགོན་པ་དང་བླ་བྲང་གི་ལས་ཀ་ནས་སྤྱི་ཚོགས་ཀྱི་ཕྱུག་བདག་དང་འཇོན་མི། །ཁེ་ལས་པ་སོགས་ཀྱི་ལས་ཀ་གང་གི་ངོས་ནས་ཀྱང་ཧ་ཅང་གལ་ཆེན་ཡིན།
གལ་ཏེ་སྟབས་མ་ལེགས་ནས་ཤེས་མེད་ཀྱི་གཉེན་ཉེ་ལ་ལས་ཀ་གཏད་ན་དེས་ཡོད་ཚད་ཕུང་ལ་སྦྱོར་སྲིད། གཉེན་ཉེ་ཤེས་མེད་ཚོས་སྤྱི་གཉེར་ཁང་དང་ལས་ཁང་ཞིག་ལ་ཡོད་པའི་མ་མཐའི་སྒྲིག་ལམ་ཡང་མི་འཁུར་ལ། མགོ་བ་དང་སྤྱི་གཉེར་པ་སོགས་རང་གི་གཉེན་ཚན་ཡིན་པའི་ཕོ་ཤེད་ཁུར་ནས་ “གནམ་ཀ་བ་མེད་པའི་ཁ་ཞབས་ནས་བ་སྣ་ཐག་མེད་པའི་སྐོར་འགྲོས་” བྱེད་ཡོང་།
དེ་ཙ་ན་ཁོ་རང་ཉིད་ཙམ་མ་ཡིན་པར། འབྲེལ་ཡོད་ཀྱི་ལས་དོན་གང་ཅིའི་ངོས་ནས་རྒུད་པ་ཐམས་ཅད་ཀྱི་སྒོ་མོ་ཕྱེས་པ་ལྟ་བུ་ཞིག་ཡིན། དེས་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་ཞིག་ཏུ།
མི་དང་མིའི་བར་གྱི་འབྲེལ་བ་གུ་ཡངས་དགོས། །
བྱ་བ་དང་རྩིས་སྤྲོད་ཀྱི་ལག་ལེན་ལ་གུ་དོག་དགོས། །
ཞེས་གསུངས་པའི་ལམ་སྟོན་དེ་ཧ་ཅང་ཡིད་འཕྲོག་པ་དང་གནད་ལ་ཁེལ་བ་ཞིག་ཡིན་པས། གསུང་དེ་ཚོ་རྟག་པར་སེམས་ལ་ཉར་རོགས། མཁན་རིན་པོ་ཆེའི་གསུང་དེ་ནི་ལས་ཀ་ལས་སྟངས་ཀྱི་གནད་འགག་མཁྱེན་པའི་གསུང་རེད།
ལར་ང་ཚོའི་སྔར་གྱི་གཏམ་དཔེ་རྙིང་པ་ཞིག་སྟེ། “ཨ་རོགས་མཐུན་དགོས། རྩིས་ཁ་ཞིབ་དགོས། “ཞེས་པ་དེ་དང་ཡང་དོན་གནད་གཅིག་པ་རེད། ན་ཉིན་ངས་ཀྱང་དབང་རྒྱལ་ལ་ནང་མི་ཡིན་པའི་རྒྱུ་མཚན་གྱིས་གླ་ཆ་སྤྲོད་མི་དགོས་པ་ལྟ་བུ་མ་ཡིན་པར། ཆོས་དར་ལ་ལས་ཀ་སྤྲད་ན། ངེས་པར་དུ་འོས་འཚམས་ཀྱི་གླ་ཆ་སྤྲོད་དགོས་པ་དང་། གླ་ཆ་སྤྲོད་ཕྱོགས། འགྲོ་སོང་གཏོང་ཕྱོགས། ལས་ཞུགས་བྱ་ཕྱོགས་སོགས་ལ་འགྲོ་སྟངས་ཁ་གསལ་ཡོད་དགོས་པ་དེ་གལ་ཆེན་ཡིན་རབས་བཤད་མྱོང་དྲན།
ཉི་མ་གཅིག་ལ་གླ་ཆ་ཁྱོན་ནས་སྤྲོད་མི་ཐུབ་པའི་དམིགས་བསལ་གྱི་གནས་བབ་དེ་འདྲའི་འོག་ནས་ཕན་ཚུན་བསམ་ཤེས་ཀྱིས་མ་བསྐུལ་དང་བླངས་ཀྱིས་རོགས་རེས་བྱེད་པ་བྱུང་ན་དམིགས་བསལ་རེད། དེ་མིན་སྤྱིར་བཏང་ལས་ཀར་ཞུགས་པའི་གླ་ཆ་ནི་ལས་མི་ཞིག་གི་ཆེས་མ་མཐའི་ཐོབ་ཐང་ཡིན་པ་དེ་ཁྱོད་ལའང་གཅིག་མཚུངས་རེད།
བརྩེ་བའི་ཆོས་དར།
འདིར་ངས་ད་དུང་དོན་དག་འགའ་ཞིག་མུ་མཐུད་བཤད་རྒྱུ་ཡིན། ད་ཆ་ཁྱོད་ལོ་ཆེན་པོ་ཆགས་ཟིན་པ་དང་། ཁྱོད་རང་གིས་ནང་མི་སོགས་ལ་འགན་ཁུར་ནས་རོགས་པ་རེ་ཐུབ་རྒྱུའི་དུས་ལ་བབ་ཡོད་པའི་ངེས་ཤེས་ཀྱི་དྲན་པ་ཡང་ཡང་གསོ་དགོས། ཡིན་ན་ཡང་། དེ་ལ་གོམ་སྟབས་ཁ་ཤས་ཡོད།
གོམ་པ་དང་པོ་ནི། དེ་ཁྱོད་རང་མ་མཐའི་ལས་ཞུགས་སོགས་ཀྱི་འགྲོ་སྟངས་ཀྱི་ཆ་ནས་ནང་མི་དང་ཁྱད་པར་དབང་རྒྱལ་བློ་བདེ་ཆོག་པ་ཞིག་ཡོང་དགོས། དེ་གལ་ཆེན་ནང་གི་གལ་ཆེན་ཡིན།
གོམ་པ་གཉིས་པ་ནི། ཁྱོད་རང་གི་ཡོང་འབབ་དེ་བསྲི་ཚགས་དང་དོ་དམ་གྱིས་དེ་ལས་དོན་དངོས་དང་མཐུན་པའི་ཚོང་བསྒྱུར་ཁེ་གཉེར་ཕྲན་བུ་ཚུན་ཆད་ཀྱིས་སྒེར་གྱི་འཚོ་བ་དང་ལས་ཀའི་རྨང་གཞི་བརྟན་པོ་འདིང་དགོས།
གོམ་པ་གསུམ་པ་ནི། རང་གི་གསོག་དངུལ་དང་ཁེ་སང་གི་ཡོང་འབབ་སོགས་ཀྱིས་། འཆར་ཅན་དང་། ཡང་ན་དམིགས་བསལ་དགོས་མཁོ་ཡོད་པའི་སྐབས་སུ་ནང་མི་ལ་ལག་ལེན་གྱི་ཐོག་ནས་ཕན་ཐོགས་ཅུང་ཟད་རེ་ཐུབ་པ་ཞིག་ཡོང་དགོས། འདི་ནི་ངེས་པར་དུ་སེམས་ལ་འཛིན་དགོས།
སྐྱེས་པ་ཕོ་ཞིག་ཡིན་ཕྱིན་ཆད། ནང་མིའི་འགན་ཞིག་ཡོད་པ་དེ་འཇིག་རྟེན་མི་ལུགས་ཀྱི་ཆ་ནས་ཧ་ཅང་གལ་ཆེན་ཡིན་ལ། དེ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རྩ་ཁྲིམས་ལྟ་བུ་ཞིག་རེད། མ་ཟད་ཕུགས་བསམ་དང་སྒེར་གྱི་འབྱུང་འགྱུར་གྱི་ཕུགས་རྒྱང་རིང་པོའི་མདུན་ལམ་གྱི་སྐད་ཆ་དེ་ཚོའི་ཐོག་ནས་བཤད་ན་ཡང་དེ་ག་རང་རེད།
མི་ཞིག་འཛམ་གླིང་ལ་བདེ་སྐྱིད་སྐྲུན་མཁན་ཞིག་ཡོང་དགོས་བསམ་ན། ཐོག་མར་སོ་སོའི་རྒྱལ་ཁབ་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡིན་དགོས། རྒྱལ་ཁབ་ལ་བདེ་སྐྱིད་སྐྲུན་མཁན་ཞིག་ཡོང་བར་ས་ཁུལ་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡིན་དགོས། སོ་སོའི་ས་ཁུལ་ལ་བདེ་སྐྱིད་སྐྲུན་མཁན་ཞིག་ཡོང་བར་ཐོག་མར་སོ་སོའི་གྲོང་སྡེ་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡིན་དགོས། སོ་སོའི་གྲོང་སྡེ་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡོང་བར་ཐོག་མར་སོ་སོའི་ནང་མི་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡིན་དགོས། ནང་མི་ལ་བདེ་སྐྱིད་སྐྲུན་མཁན་ཞིག་ཡོང་བར་ཆེས་ཐོག་མར་སོ་སོ་རང་ཉིད་རང་གི་རྐང་པའི་ཐོག་ཏུ་བརྟན་པོར་ལངས་ཐུབ་པ་ཞིག་དགོས། འདི་ལས་ཟབ་ལ་རྨད་དུ་བྱུང་བའི་མི་ཆོས་ཀྱི་ལམ་རིམ་གནད་ལ་ཁེལ་བ་ཞིག་མེད་ལབ་ན་ཆོག་པ་ལྟ་བུ་ཡིན། ཆེ་ས་ནས་བཤད་ན་དེ་འདྲ་རེད།
ཡང་བསྐྱར་མིག་སྔའི་ལག་ལེན་གྱི་ཞིབ་ལ་ཕབ་ནས་བཤད་ན། རྫ་པད་དཔེ་ཁང་གི་ནང་དུ་ཡོད་སྐབས་དཔེ་ཆ་བསྒྲིགས་སྟངས། ལས་ཞུགས་ཀྱི་དུས་ཚོད་དམ་འཛིན། ཚོང་མགྲོན་སྣེ་ལེན་གྱི་ཞབས་ཞུའི་རྣམ་འགྱུར། དོན་དག་དང་གནས་ཚུལ་ཕྲན་བུར་ཐུག་སྐབས་ཐག་གཅོད་བྱེད་སྟངས། བྱུང་སོང་གི་རྩིས་ཁྲ་དང་དོ་བོ་སོགས་ཀྱི་ཐོ་གཞུང་ཉར་སྟངས། ས་ཆོད་ཡོད་པ་དང་བདེ་འཇགས་ལྡན་པའི་ཐོག་ནས་ཡིག་ཆ་ཉར་ཚགས་བྱེད་སྟངས། ད་ཡོད་ཀྱི་ལས་ཀ་ལས་སྟངས་ཀྱི་བཅོས་བསྒྱུར་དང་གསར་གཏོད་རང་བཞིན་གྱི་ཡར་རྒྱས་གཏོང་ཕྱོགས་སོགས་སྒོ་དང་རྣམ་གྲངས་རེ་རེ་ནས་བསམ་བློ་མང་པོ་གཏོང་དགོས་ལ། ཉི་མ་རེ་རེའི་བརྒྱུད་རིམ་དག་ཡར་རྒྱས་ཀྱི་མ་རྩ་ལྟ་བུར་སྨིན་པ་ཞིག་དགོས་མོད། དོན་ལ་དེ་ལྟར་ཡོང་མིན་ནི་ཉི་མ་རེ་རེའི་བྱ་བཞག་ལ་འཛིན་པའི་གཟབ་ནན་གྱི་རྣམ་འགྱུར་འབའ་ཞིག་ལ་རག་ལས། འདི་ཧ་ཅང་གནད་འགག་ཡིན།
ངས་ཀྱང་འདིའི་ཐད་ང་སྒེར་གྱི་ཆོས་ཚོགས་ཀྱི་འཛིན་སྐྱོང་དང་། དོ་དམ་བྱེད་ཕྱོགས། སློབ་མ་སྐྱོང་སྟངས་སོགས་གནའ་སྲོལ་དེང་རབས་ཟུང་འབྲེལ། གཞུང་ལུགས་དང་དངོས་ཡོད་ཟུང་འབྲེལ་གྱིས་ཉི་མ་རེ་བཞིན་ཡར་རྒྱས་གཏོང་རྒྱུའི་ཕྱོགས་ལ་གོམ་པ་སྤོ་བཞིན་ཡོད། གྲུབ་འབྲས་ཆེན་པོ་འདི་རེད་ཟེར་བ་ཞིག་སྟོན་རྒྱུ་མེད་ན་ཡང་། གཟབ་ནན་དང་ཞིབ་ཚགས་ཀྱི་སྒོ་ནས་ལས་ཀར་འཇུག་པའི་གོམས་གཤིས་དེར་ངས་གང་ཐུབ་ཅི་ཐུབ་ཀྱིས་རྩ་ཆེན་དུ་རྩི་གིན་ཡོད།
བརྩེ་བའི་ཚ་བོ་ཆོས་དར།
ད་ངའི་སྐད་ཆ་དེ་འདི་ནས་མཚམས་འཇོག་རྒྱུ་ཡིན། ང་གཉིས་ཀྱི་བར་གྱི་སྐད་ཆ་ནི་འདི་ཙམ་ཞིག་གིས་བཤད་ཚར་བ་ཞིག་མིན་ན་ཡང་། བཤད་འདོད་པའི་སྐད་ཆ་དང་མཚོན་འདོད་པའི་ཚོར་བ་འགའ་ཞིག་འཕྲིན་ཡིག་གི་ཚུལ་དུ་བྲིས་པ་ཡིན། ངས་ཁྱོད་རང་འཕྲིན་ཡིག་འདི་ལ་དགའ་མོས་ཡོད་པའི་ཡིད་ཆེས་ཡོད། འདི་ནི་ཁྱོད་ལ་ཁ་བརྡ་ཐེངས་གཅིག་གི་ཚབ་ཏུ་སྤྲིངས་པ་ཡིན་ལ། ལག་རྟགས་ཤིག་གི་ཚབ་ཏུ་བསྐུར་བའང་ཡིན་པས་ཁྱོད་ཀྱིས་ཞིབ་ཏུ་བཀླག་རྒྱུ་མ་བརྗེད།
ཐེངས་གཅིག་གིས་ནང་དོན་གོ་མ་ཐུབ་ན་ཡང་དང་ཡང་དུ་ཀློགས། གནས་སྐབས་དེ་ཙམ་ཡིན།
མདོར་ན། ཁ་བརྡ་འདི་དག་ཁྱོད་ཀྱིས་སེམས་ལ་ཡག་པོར་བཞག་ནས་ཨ་ཞང་ང་བློ་བདེ་བ་ཞིག་བཟོ་རོགས་ཀྱིས་ཨང་། མ་ལོ། །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་གྲོང་ཁྱེར་སིད་ནས་ནས་འཛམ་གླིང་གི་དཔལ་ཡོན་གྱི་གྲོང་ཁྱེར་ཨ་མེ་རི་ཁར་བྱང་སེམས་བདག་ཉིད་ཆེན་པོ་བླ་མ་མགར་ཆེན་རིན་པོ་མཇལ་དུ་བསྐྱོད་པའི་ལམ་བར་གྱི་གནམ་གྲུའི་ནང་ནས་རྫོགས་པར་བྲིས་སོ། །