ཤ་བོ་བྱམས།
ནང་མ་སྤྲོས་མེད་ཀྱིས་ཞུ་བར་ཞུགས་ན། ལོ་ངོ་མང་པོ་ཞིག་ཁད་ཀྱིས་འདས། ཁྱེད་ཀྱིས་བསྐུར་ཡོང་བའི་ཡི་གེ་མང་པོ་འབྱོར། དེ་དག་རེ་རེ་བཞིན་བཀླགས། མཚམས་རེར་ལེགས་སྙམ་པ་འཆར། ལན་རེར་ཕངས་པ་ལ་ཨང་བསམ་པ་སྐྱེས། དེ་རིང་ངས་ཕྱི་མ་འདིའི་སྣེ་ལ་འཇུས་ནས་ཚིག་འགའ་ཞུ་བར་འདོད།
ཕྱིར་རྟོག་ཅིག་བྱས་པ་ན། ཉིད་རང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགོན་པར་ཞུགས། དེ་ཡང་བཤད་གྲྭ་འཆད་ཉན་དར་ས་ཞིག་ཏུ་ཞུགས། བསོད་ནམས་ཀྱི་སྐལ་བ་ལ་ནི་འདི་ལས་སྦོམ་པ་གང་ན་ཡོད།
ཉེ་འབྲེལ་ལྟོས་བཅས་ཀྱིས་ཁྱེད་རང་རེ་བ་མཐོན་པོ་ཞིག་གི་རྩེ་མོར་བསྒྲོན། མིག་གིས་འཚོས། རྣ་བས་ཉན། སེམས་ཀྱིས་བྱིལ། བརྒྱ་བཤད་ཚིག་རྩ་མདོར་བསྡུས་ན། གཞུང་བཀའ་པོད་ལྔའི་དོན་གནད་སེམས་ལ་ཟུག་ཅིང་། གང་ཞིག་འཆད་དགོས་ན། གང་ཞིག་རྩོད་དགོས་ན། གང་ཞིག་རྩོམ་དགོས་ན། མཐེ་བོང་བསྒྲེངས་ཡུལ་ཞིག་ཆགས་པར་སྙིང་ནས་སྨོན་ཡོད། དེ་བས་ཀྱང་གཤེགས་ཟིན་པའི་རྒན་རབས་པ་མང་པོ་ཞིག་ནི་ཚུལ་དེ་མཐོང་འདོད་མཇལ་འདོད་ངང་ལ་ཕྱི་མར་ཐེགས་ཡོད།
འདི་ལྟར། གསོན་པ་རྣམས་དང་གཤེགས་པ་རྣམས་གང་གིའང་སེམས་ན་ཉི་མ་བཞིན་འཆར་ཡོད་པའི་ཁྱེད་ནི། ནང་པའི་གཞུང་ལ་མཁས་པ་གླིང་ལ་གྲགས་པ་ཞིག་ཡོང་བ་དཀའ་རུང་། ས་ཆའི་ཚོད་ཀྱི་རི་དྭགས་ཤིག་ཡོང་བ་ལ་ནི་སྙིམ་པ་བྲང་ལ་སྦྱོར་མཁན་གྱི་གཉེན་ཉེ་ཉུང་ཉུང་ག་ལ་ཡིན། ཁྱེད་རང་སླེབས་དགོས་ས་དེ་འདི་རེད། ཁྱེད་རང་གིས་འཇོན་དགོས་ས་དེ་འདི་རེད། བུ་རྟགས་འཇོག་དགོས་ས་དེ་འདི་རེད། འོན་ཏེ། ཁྱེད་རང་ད་ལྟ་འགྲེངས་ཡོད་ས་དེ་རེ་བ་འདི་དང་རྒྱང་ཁད་ཀྱིས་ཆོད་དེ་གདའ། དགེ་སློང་། མི་ཚེ་ཐོས་པ་ལ་བཏང་བའི་ཚ་བོ། ཁྱེད་རང་ཁོང་ཚོའི་རེ་བའི་སྣེ་ནས་ཡལ་ཕྱིན་འདུག
མི་ལོ་བཅུ་བདུན་ཁད་ཀྱིས་འདས་པའི་ད་ཚོད། ཁྱེད་རང་གིས་གཉེན་ཉེ་ཚོའི་སེམས་ངོར་ཐལ་བ་གཏོར་སོང་། སྐད་ཆ་འདི་ཅུང་རྩུབ་མོ་ཆགས་སོང་སྟེ། ད་རེས་ཅུང་རྩུབ་ཙམ་གྱིས་གླེང་འདོད། ད་ལྟའི་ཁྱེད་བསྔོགས་པ་ཡིན་ན། སྙན་ངག་ཡིན་ནོ་ལོ་རེ་འབྲི་ཤེས་པ་འདི་ཙམ་རེད། ཚིགས་བཅད་རེ་སྡེབ་ཤེས་པ་འདི་ཙམ་རེད། དཀའ་ས་ཟུར་བཞག་དང་སླ་ས་ཉེར་བླངས་ཀྱི་སེམས་ཁམས་ལ་ང་རྒྱལ་སྐྱེས་ཡོད་པ་ཙམ་རེད། མི་ཚེ་ཐོས་པ་ལ་བཏང་ཚར་ནས་མཐའ་མ་དེར་སྙན་ངག་ཙམ་ལས་འབྲི་མ་ཤེས་ན། འདི་ནི་བློས་གཏོང་དང་གྲུབ་འབྲས་གོ་ལྡོག་ཆགས་སོང་བ་རེད། སྙན་ངག་ཙམ་ནི་མི་ཚེ་ཐོས་པ་ལ་མ་བཏང་བ་ང་དང་ང་འདྲ་བ་དག་གིས་ཀྱང་འབྲི་ཤེས། དེ་བས་ཀྱང་ཁྱེད་དང་ཁྱེད་འདྲ་བ་དག་ལས་སྙན་པའི་ཚིག་སྦྱོར་སྤེལ་བ་ལ་ང་དང་ང་འདྲ་བ་རྣམས་ལྡབ་འགྱུར་གྱིས་ལེགས་པ་འདུག ཆ་མི་སྙོམས་པའི་ངོས་ཤིག་འདི་ན་འབུར་འདུག
ཁ་སང་། ཁྱེད་ཀྱིས་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་ལ་མགོ་བརྗོད་ཅིག་འབྲི་རོགས་ལབ་པ་རེད། ངས་ཁྱེད་རང་གི་ཚིག་གྲུབ་དེ་ཚོ་ཚང་མ་བཀླགས་པ་ཡིན། སྐད་ཆ་ཅི་ཞིག་བཤད་དགོས་པ་དང་ཡི་གེར་ཅི་ཞིག་འདེབས་དགོས་པའི་ཁ་ཕྱོགས་ཤིག་རྙེད་མ་སོང་། ཐད་ཀར་བཤད་པ་ཡིན་ན། ཁྱེད་རང་སྙན་ངག་གི་དེབ་ཅིག་འདོན་པར་དགའ་ཡོད་ལས་ཆེ་ཡང་། ང་ནི་སེམས་ཕམ་ཡི་མུག་གིས་ཡོད། དེ་རིང་། ངས་སེམས་ཁམས་འདི་འདྲ་ཞིག་གིས་ཁྱེད་ཀྱི་ཡི་གེ་དེ་ཚོ་བཀླགས་པ་ལས་བྱུང་བའི་འཆར་སྣང་གི་ཟུར་སྣེ་ཞིག་ཞུ་འདོད་སོང་། ངས་ཁྱེད་རང་གི་སྙན་ངག་ཡིན་ནོ་ལོ་འདི་དག་བཀླགས་ཤིང་བཀླགས་ཤིང་། ཁྱེད་ཀྱི་སྙན་ངག་ཡིན་ནོ་ལོ་འདི་དག་ལས་ལོགས་སུ་བུད་དེ། ཁྱེད་རང་མཐོང་ཡོང་གི་འདུག སྙན་ངག་གླེང་བ་ལས་ཀྱང་ཁྱེད་རང་གླེང་འདོད་པ་ཞིག་ཏུ་གྱུར། དེར་བརྟེན། ད་ནི་མགོ་བརྗོད་དང་སྙན་ངག་ཟེར་བ་དེ་ཚོ་ཟུར་ལ་བཞག་སྟེ། འགྱོད་ཚིག་ཅིག་ཞུ་རྒྱུ་བྱེད།
ཁྱེད་རང་དགོན་པར་གསར་དུ་ཞུགས་ཤིང་རིགས་ལམ་སློབ་པའི་སྐབས་ཙམ་ན། ཁྱེད་རང་གི་ཐག་ཉེའི་མི་རྣམས་ཀྱིས་བསྔགས་པའི་མེ་ཏོག་ལ་སྒྲོ་གཤོགས་བཏགས་པ་སོགས་བྱས་པ་ཞིག་དྲན་ངོ་ན་འདུག དེ་མཚམས་ཤིག་ནས་གྲག་འགུལ་ཅི་ཡང་མེད་པ་ཆགས་སོང་། ད་ནི་གཞུང་བཀའ་པོད་ལྔ་ཐུགས་ངོར་གསལ་གྱི་ལེར་བླངས་ཏེ་ག་ཤེད་ཅིག་ནས་མངོན་ཡོང་བ་ཁོ་ནར་རེ་བས་སྒུག་ཅིང་། འདུན་པ་རྩེག་ནས་བསྡད། ཡིན་རྒྱུ་ནི། ད་ལ་ཐུག་གི་བར་དུ་གང་ཞིག་འབད་པས་སྒྲུབ་པའི་སྙིང་པོ་ནི་སྙན་ངག་ཙམ་འབྲི་ཤེས་པ་འདི་ཡིན་འདུག ཤེས་དགོས་པ་ནང་པའི་གཞུང་ལུགས་ཤེས་རྒྱུ་ལས་ལྡོག་སྟེ། སྙན་ངག་ཚིགས་བཅད་རེ་སྡེབ་པ་ཙམ་ལ་མ་གཏོགས་གཞན་གང་དུའང་མ་སླེབས་པར་བསམས་ན། ཡི་མུག་པ་ཞིག་རེད། སེམས་ཕམ་པ་ཞིག་རེད། ཁྱེད་ཀྱི་ཉེ་སར་བཅར་ནས་ཚིག་གཅིག་ཞུས་ན། དེབ་ཏུ་འཁོད་རྒྱུའི་ཉིད་ཀྱི་ཚིགས་བཅད་ཕལ་ཆེ་བར་ཁྱིམ་པ་ཕལ་བའི་སེམས་ཁམས་ཀྱི་གཤོག་པ་སྐྱེས་འདུག
རེད། ན་ནིང་གི་ད་ཚོད་ཅིག་ལ། ངེད་གཉིས་ཀྱིས་གླེང་མོལ་བྱས་པ་དེར་ཕྱིར་རྟོག་ཅིག་བྱེད། གྲྭ་པ་ནི་ཆོས་ཀྱི་སྒོར་ཞུགས་པ་ཞིག་ཡིན་ཙ་ན། ཆོས་གཞུང་གི་བསྟན་དོན་མང་ཙམ་ཤེས་དགོས་པ་དང་། ཆོས་པའི་རྟགས་ཙམ་ལས་ཆོས་ཀྱི་ཤེས་ཡོན་གྱིས་ཕྱུག་པ་ཞིག་དགོས་ཚུལ་བཤད་དུས་ངའི་སྐད་གསང་མཐོ་རུ་ཕྱིན། གྲྭ་པའི་སྤྱི་ཚོགས་ན་སྙན་ངག་པ་ཉུང་བ་དང་། ཉུང་ངུ་དེ་ང་ཚོས་གཅེས་སྤྲས་བྱེད་དགོས། གཅེས་སྤྲས་དེ་ཡང་སེར་མོ་བའི་སྤྱི་ཚོགས་ནས་མངོན་དཀོན་ཞིང་གྲངས་ཉུང་བའི་ཆ་ནས་བལྟ་དགོས་ལབ་དུས་ཁྱེད་རང་གི་སྐད་བབ་མཐོ་རུ་ཕྱིན། རེད་དེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགོས་དོན་གཙོ་བོ་དེ། མི་ཚེ་བསྟིམས་ནས་སློབ་གཉེར་བྱེད་དགོས་པའི་གཞུང་ལུགས་དེ་འབྲེལ་གྱི་མཁྱེན་ཡོན་དང་ལྡན་པ་ཞིག་གི་ཆེད་དུ་ཡིན་པ་སོགས་ལས་འཕྲོས་པའི་ངའི་བསམ་ཚུལ་དེ་ཁྱེད་རང་གིས་ངོས་ལེན་བྱེད་མ་ཐུབ་པ་རེད། དེ་དུས། ངས་གང་ཞིག་ལས་འཕྲོས་ཤིང་གཏིང་འབྲུ་བའི་དྲི་བ་གསུམ་ཕུལ་བ་ལ་ད་དུང་ཡང་ལན་གང་ཡང་རག་ཡོད་པ་མ་རེད། ངས་ད་དུང་དྲི་ལན་རེ་རག་པའི་རེ་བ་བྱེད་ཀྱིན་ཡོད།
གང་ལྟར། གྲྭ་པ་ཞིག་གིས་གཞུང་ཆེན་སློབ་གཉེར་ལ་ཆུ་ཚོད་མ་བཏང་བར་སྙན་ངག་ཙམ་འབྲི་བར་ཕྱོགས་པ་ཡིན་ན། གྲྭ་པ་བྱས་པའི་དོན་སྒོའི་རིམ་པ་གལ་ཆེན་ཁག་ཅིག་གི་ཐག་ཉེ་ནས་རིང་དུ་ཟགས་སོང་བ་ཡིན། དེ་ལ་སྔོན་གྱི་དམ་པ་དག་གིས། རྩ་བ་བོར་ནས་ཡལ་གར་མ་འཇུ་ཨང་། །གསུངས་ཡོད་པ་རེད། དེ་མིན་ཐ་སྙད་རིག་གནས་སྐོར་རྩ་བ་ནས་སྦྱོང་མི་དགོས་པར་ནི་གང་དུའང་གསུངས་མེད།
འོ་ན། གྲྭ་པ་ལ་སྙན་ངག་པ་བྱུང་ན་ངན་ལྟས་འབའ་ཞིག་དང་སྐྱོན་ཅན་འབའ་ཞིག་ཡིན་ནམ་ཞེ་ན། དེ་ནི་མིན་པ་སྟེ། སྔོན་ནས་ད་ལྟའི་བར་ས་སྐྱ་པཎ་ཆེན། ཀརྨ་པ་ཆོས་གྲགས་རྒྱ་མཚོ། རྗེ་ཙོང་ཁ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། ཤར་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ། ཞང་སྟོན་བསྟན་པ་རྒྱ་མཚོ། སྒེའུ་སྟེང་བློ་བཟང་དཔལ་ལྡན་སོགས་ཆོས་པ་སྙན་ངག་པ་མང་པོ་བྱོན་མྱོང་ཡོད་པ་དེ་དག་གི་རྣམ་ཐར་མཇལ་བ་ཡིན་ན། སོ་སོའི་བགོ་སྐལ་གཞུང་ཆེན་སློབ་གཉེར་མཐིལ་ཕྱིན་གནང་བའི་ཞར་ལ་ཐ་སྙད་རིག་པའི་གནས་སྦྱོང་བའང་ཡལ་བར་མ་དོར་བར། གཙོ་ཆེ་གཞུང་ལུགས་རབ་འབྱམས་ལ་མཁས་པར་བསླབས་པའི་གནད་ཀྱིས་དེ་དག་གིས་ཚིགས་བཅད་འགའ་རེ་མཛད་པ་ཚུན་ལ་རོ་ཉམས་གཞན་འགྲན་བྲལ་བས་ཕྱུག་པ་དག་དང་བསྡུར་བ་ཡིན་ན། ཁྱེད་རང་གི་སྙན་ངག་ཡིན་ནོ་ལོ་འདི་དག་ལ་ནི། ཚིག་དོན་སྙན་བརྗིད་ཁྱད་ཆོས་ཀྱི་ཞག་རྩི་དང་ལྡན་སྙན་ངག་གི་བྲོ་བ་དེ་མི་འདུག སྔོན་གྱི་དམ་པ་དག་དང་འདྲ་བ་དེ་འདྲ་ག་ཚོད་བྱོན་ནའང་དགོས་མཁོ་ཆེ་ཞིང་། དེ་འདྲ་ལ་འཁོར་བའི་གནས་མལ་ཁྱིམ་གྱི་ར་བ་དང་དེའི་ལས་དོན་སྣ་ཚོགས་པར་རིང་དུ་གྱེས་པའི་དཔའ་རྟགས་ལྡན་པའང་ཡིན། རྣམ་པ་གཅིག་ཏུ་ན། དེ་དག་གི་སྙན་ངག་ལ་བསྐལ་པའི་བར་དུ་གནས་པའི་སྲོག་ཟུངས་ཞུགས་ཡོད་པའང་ཡིན། ཁྱེད་རང་ཟུར་སྣེ་འདི་ཙམ་ལ་ག་དུས་སླེབས་ཨང་། ད་ནི་ཕལ་ཆེར་རེ་བ་མེད་པའི་ཚོར་སྣང་སྟེར་བ་ཞིག་རེད།
འདི་ལྟར་བཤད་ན། ངས། ཁྱེད་རང་ནི་གྲྭ་པ་ཆོས་མེད་ཐ་སྙད་རིག་གནས་པ་ཙམ་དང་། དེ་བས་ཀྱང་སྙན་ངག་ཏུ་བསྙད་པའི་ཚིག་གྲུབ་རེ་འབྲི་བ་ཙམ་ལ་ཤི་འཐམ་རོ་འཐམ་བྱེད་པའི་གྲྭ་གཟུགས་ཙམ་རེད་ཅེས་སྡིག་དམོད་བྱེད་ཀྱིན་པ་དང་འདྲ་ཡང་། དེ་ནི་མིན། ཁྱེད་རང་ནང་དོན་རིག་པའི་གཞུང་ལ་ཐོས་བསམ་ལས་ལྡོག་སྟེ་སྙན་ངག་ཏུ་བསྙད་པའི་ཚིག་གྲུབ་རེ་འབྲི་བའི་བར་མ་དོ་ན་འཁྱམ་སྡོད་པ་འདིས། སྤྱི་ཚོགས་ལ་གནོད་ཀྱི་འདུག་ཟེར་གྱི་མེད། དགོན་པ་ལ་གནོད་ཀྱི་འདུག་ཟེར་གྱི་མེད། དེ་བས་ཀྱང་ནི་བོད་ཀྱི་སྙན་ངག་ལ་གནོད་ཀྱི་འདུག་ཟེར་གྱི་མེད། གཅིག་ཏུ་ན། ཕྱི་ཤུན་ཙམ་ཆོས་པའི་གཟུགས་ལ་ནང་གཟུངས་ན་ཆོས་པའི་ཁྱད་ཆོས་མེད་སོང་བ་ཡིན་ན། སྤྱི་ཚོགས་ཀྱི་ལྟ་སྟངས་ལ། དེ་ཡང་ཕྱི་ཤུན་ཙམ་གྱི་ཆོས་པར་སྣང་རྒྱུར་ངེས་ཤིང་། དེ་ལྟར་སྣང་བ་དེ་མུར་དགེ་འདུན་པའི་རིགས་ལ་ལྟ་སྟངས་ངན་རྐྱེན་བྱེད་པའི་ཆ་ནས་དང་། གཞུང་ཆེན་སློབ་གཉེར་ཆེད་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་གང་ཞིག་ལ། ཡང་སྙིང་ཐ་སྙད་རིག་གནས་ཙམ་དང་། སྙན་ངག་ཙམ་འབྲི་མཁན་ལས་ཁྱད་གཞན་མ་ཞུགས་པ་ཡིན་ན། འདི་ནི་ཕངས་ཆེ་བའི་གནས་སུ་འདུག་ཅེས་ལབ་འདོད་སོང་།
ད་ལྟ་ངས་སེམས་ཁམས་འདི་འདྲ་ཞིག་གིས་ཁྱེད་རང་ལ་བལྟ་ཡི་ཡོད། ད་ནི་རེ་བ་གཞན་གང་ཡང་མེད། ཁྱེད་རང་གྲྭ་པ་ཞིག་ཡིན་པ་རྒྱུ་མཚན་དུ་བཀོད་ནས་ཚིག་གཅིག་ཞུ་འདོད་པ་ནི། ཆགས་སྲེད་ཤེ་སྦྱོར་གྱི་རིགས་དང་འབྲེལ་བའི་ཡི་གེ་མ་སྤེལ་རོགས། ཞེས་པ་འདི་ཡིན། གཞན་ཁྱེད་རང་གིས་མི་ཚེ་སྙན་ངག་ལ་བསྟིམས་ནའང་ང་ལ་ཞུ་རྒྱུ་གང་ཡང་མེད། ཞུ་རྩིས་གང་ཡང་མེད།
མུ་མཐུད་སྙན་ངག་འབྲི་བ་ཙམ་ལ་འཐམས་སྡོད་རྒྱུ་ཡིན་ན་ནི། སངས་རྒྱས་ཀྱི་གསུང་ན། དམ་པའི་ཆོས་གསལ་བའི་སྙན་ངག་བྱའོ། ། ཞེས་དང་། དགེ་སློང་གིས་ཐོས་པ་ངན་པ་སྙན་ངག་སྡེབ་པར་མི་བྱའོ། ། ཞེས་ས་མཚམས་ཤིག་བསྟན་ཡོད་པ་དེ་ནས་མི་འདའ་བ་ཞིག་སྙིང་ལ་བཅངས་རོགས། དེ་ཙམ་ཡིན། འབྲི་མཚམས་འདིར་བཞག་གི་ཡིན།
༼ལྗང་རླུང་འཕྲིན་སྟེགས་ནས་འདྲེན་བཀོད་ཞུས།༽