རྫ་ཚེ་རིང་བཀྲ་ཤིས།
ངའི་བརྩེ་བའི་ཚ་བུ། ཐོག་མར་ངས་ཁྱོད་ཀྱི་སྐྱེས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
ཁར་རྩང་ཁྱོད་ཀྱིས་ཕྲིན་ཕྲན་ཐོག་ཏུ་ང་ལ་སང་ཉིན་ངའི་སྐྱེས་སྐར་ཡིན་པས་རྩོམ་ཡིག་ཅིག་གམ་ཡང་ན་ལེགས་སྐྱེས་ཤིག་སྐུར་ཤོག་ཅེས་ལབ་འདུག མ་གཞི་དེ་ནི་ང་ལ་རང་གི་ནང་མི་ཞིག་གིས་སོ་སོའི་སྐྱེས་སྐར་གྱི་ཆེད་དུ་བརྔན་པ་སྤྲོད་ལབ་པ་ཐོག་མ་དེ་རེད་ལ། ངས་ཁྱོད་ལ་སྐྱེས་སྐར་གྱི་འཚམས་འདྲི་བྱས་པའང་ཐོག་མ་དེ་རེད།
འོན་ཀྱང་ང་ལ་བརྔན་པ་ཟེར་ནས་དམིགས་བསལ་སྤྲོད་ཡ་གང་ཡང་མི་འདུག ལག་རྟགས་ཤིག་སྐུར་བའི་དབང་དུ་བཏང་ཡང་མགྱོགས་པོར་འབྱོར་གི་ཡང་མ་རེད། འོན་ཀྱང་ངས་ཉེ་ཆར་རང་ལ་ཁས་བླངས་ཟིན་པ་ལྟར་རྩིས་འཕྲུལ་སྟབས་བདེ་གོང་ཆེན་པོ་རང་མིན་པ་ཞིག་ཉོ་རོགས་བྱེད་ཟེར་བ་དེ་ངས་དེ་ག་ནང་བཞིན་བྱེད་ཡོང་། ཁྱོད་ལ་རྩིས་འཕྲུལ་ཞིག་ཡོད་ན་ངའི་ཡིག་ཉོག་དེ་ཚོ་ལ་ཞུ་དག་གཏོང་རྒྱུ་སོགས་ང་ལ་ཡང་ཕན་ཐོགས་ཅུང་ཙམ་ཡོང་ན་ཐང་།
ང་ལ་མཚོན་ན། ན་ཉིན་ལ་མ་ཐུག་གི་བར་དུ་རང་གི་སྐྱེས་སྐར་དངོས་ཤེས་ཀྱི་མེད། ན་ཉིན་ཨ་མས་ང་ལ་དེའི་ཐད་བོད་ལུགས་ཀྱི་ཟླ་ཚེས་དང་སྐྱེས་གཟའ་སོགས་དང་འབྲེལ་བའི་ཁུངས་སྣེ་གལ་ཆེན་ཁག་ཅིག་གསུངས་བྱུང་། དེ་རྗེས་ངས་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ལོ་༡༩༧༧ལོའི་ལོ་ཐོ་བསྔོགས་ནས་བོད་ལུགས་དང་ཕྱི་ལུགས་ཀྱི་ཚེས་གྲངས་དང་གཟའ་སྐར་དེ་ཚོ་གུང་བསྒྲིགས་རྗེས་ད་གཟོད་ངས་རང་གི་སྐྱེ་ཚེས་དངོས་ཤེས་བྱུང་། ངའི་སྐྱེས་ཚེས་དེ་སྤྱི་ཟླ་བདུན་པའི་ཚེས་ཉེར་དྲུག་རེད་འདུག འོན་ཀྱང་ཉེ་ཆར་ལས་བྲེལ་གྱི་དབང་གིས་སོ་སོའི་མི་ཚེའི་ནང་གི་སྐྱེས་སྐར་དངོས་གནས་དེ་ཡང་ཉི་མ་གཅིག་གི་རྗེས་ལ་མ་གཏོགས་དྲན་མ་སོང་། དེ་ནི་ང་ཚོའི་གོམས་གཤིས་ཤིག་དང་ཡང་འབྲེལ་བ་ཡོད། གང་ལྟར་ཁྱོད་ཀྱི་སྐྱེས་སྐར་ལ་འཚམས་འདྲི་ཡོད།
ངའི་ཕུ་བོ་དམ་པ་དེ་ཚེ་རིང་པོ་བསྡད་མ་སོང་། རྒྱུ་ལོངས་སྤྱོད་དང་ཤེས་ཡོན་ཡོད་པ་ཞིག་བྱུང་མེད། མི་ཚེ་དཀའ་ངལ་དང་སེམས་ཁྲལ་གྱི་བསྐྱལ་ཡོད། འོན་ཀྱང་། ང་ཚོའི་ཕུ་ནུ་ཉེ་བསྐོར་དག་གི་ནང་ནས་ར་མགོའི་ནང་གི་མྱིག་ཚིལ་ལྟ་བུ་ཞིག་ཡིན་པ་ཚང་མས་ཁས་ལེན་གྱི་ཡོད་པ་རེད། ཁྱོད་ཀྱིས་ཀྱང་། བསམ་བློ་གཏོང་སྟངས་མང་པོ་ཞིག་གི་ཐད་ཡབ་དམ་པ་ཁོང་ལ་སློབ་སྦྱོང་བྱེད་འོས། ངས་མི་ཚེ་འདིར་ཁོང་ཉིད་དང་སླར་ཡང་མཇལ་མ་ཐུབ་པ་རེད། ཁོང་ཉིད་སེམས་ནད་དང་ལུས་གཅོང་གི་ནད་གཞི་དེ་འདྲ་ཞིག་གིས་བཏབ་པ་དེར་རྟག་པར་ངས་ང་རང་དང་འབྲེལ་བ་ཆེན་པོ་ཡོད་པར་བསམ་གྱི་ཡོད།
ང་སྔ་མོ་བཙོན་ཁང་དུ་བསྡད་པའི་སྐབས་དེར་ཕུ་བོ་ལགས་ཀྱིས་ངའི་ཆེད་དུ་ཁུར་གནང་བའི་སེམས་སྡུག་དང་གནོན་ཤུགས་དེ་ཧ་ཅང་བརྗོད་དཀའ་བ་ཞིག་ཡིན་པ་ཚོར་ཐུབ་ཀྱི་འདུག ལོ་གཉིས་ཀྱི་རྗེས་སུ་བཙོན་ལས་གྲོལ་བའི་སྐབས་དེར་ཁོང་ཤི་དོང་ཁར་རྐང་པ་བཞག་ནས་སེལ་ཤུལ་རྫོང་ཐོག་གི་སྨན་ཁང་དུ་ལྷག་ཡོད། སྐབས་དེར་ཁོང་ལ་ང་དང་ངོ་ཐུག་ཐེངས་གཅིག་ཡོང་ན་བསམ་པ་ཙམ་ལས་གསོན་རེ་ཆེན་པོ་མེད་པའི་ས་མཚམས་ཤིག་ལ་བརྒྱབས་འདུག ངས་མ་མགལ་ཁ་རུ་བཅུགས་ནས་ནུས་ཤུགས་ཡོད་ཚད་ཀྱིས་ཕུ་བོ་ལགས་ཀྱིས་སྲོག་ཐེངས་གཅིག་བསྐྱབས་ཡོད།
ཤ་ཟས་གཏན་ནས་སྤངས་ཟིན་པའི་ངས་བཤགས་བཅོས་བྱས་མ་ཐག་པའི་ཕུ་བོ་ལགས་ཀྱི་ལུས་ཟུངས་གསོ་བའི་ཆེད་འབར་ཁམས་གྲོང་བརྡལ་གྱི་སྲང་ལམ་ནས་གཟན་ཤམ་གོན་བཞིན་ཤ་ཁྲོམ་ཉུལ་གྱིན་ཟོག་ཤ་རྐང་ལག་གི་ཤ་སྣག་ཡག་ས་ནས་བཅད་དེ་ཉོས་པ་དང་། ཤའི་ཁུ་རྒོད་བསྐོལ་ནས་ཕུ་བོ་ལགས་ལ་དྲངས་པ་ཡིན། གལ་ཏེ་དེང་སང་ནང་བཞིན་མི་རེའི་ལག་ན་ཤེས་ནུས་ཁ་པར་གྱི་བརྙན་མིག་དང་། ཁྱེད་ཚོ་ལྟ་བུ་སྐྱོན་བརྗོད་ལ་གོམས་པའི་རྩོམ་པ་པོ་གསར་བུ་དེ་ཚོའི་མིག་ལམ་ལ་ཐོགས་ཡོད་ན་ང་ཡང་གསར་འགྱུར་ཞིག་ཆགས་ཡོད་ཤག་ཤག་རེད།
གང་ལྟར་སྐབས་དེ་དུས་ངས་ཕུ་བོ་ལགས་ཀྱི་སྲོག་སྣེས་ཟིན་ཐུབ་པ་དེར་བྱ་བ་རླབས་ཆེན་ཟིན་པའི་སྐྱེས་བུ་ཞིག་ལྟར་ཧ་ཅང་ཡིད་ཚིམ་མྱོང་། འོན་ཀྱང་འདུས་བྱས་ནི་ཧ་ཅང་མི་རྟག་པའི་རང་བཞིན་ཞིག་རེད། མིའི་བསམ་བློའི་འགྱུ་འཕྲོ་དང་ཕྱི་ཚེས་ཀྱི་གྲབས་ཤོམ་ནི་དེ་བས་ཀྱང་བསམ་པའི་རེའུ་མིག་ཏུ་ཤོང་ཐབས་མེད་པ་ཞིག་རེད། ང་ཕ་ཡུལ་དང་ཁ་བྲལ་བའི་རྗེས་ནས་ཕུ་བོ་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་དང་། ཨ་མ་དང་ཁྱེད་ཅག་ནང་མི་དག་གི་སྐྱིད་སྡུག་གི་གནས་སྟངས་དེ་མུ་མཐུད་སྐྱ་ཆད་སྔོ་སྡུག་གི་སྐྱོ་གར་ཞིག་ལས་བྱུང་མ་སོང་།
ཁྱད་པར་དུ་འདི་ནས་ལོ་གཉིས་ཡས་མས་ཙམ་གྱི་མཚམས་དེར་ངའི་ཕུ་བོ་སྟེ། ཁྱེད་སྤུན་གཉིས་ཀྱི་བརྩེ་བའི་ཕ་དམ་པ་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་པ་རེད། སྐབས་དེར་ཁྱོད་ཀྱིས་ཨ་ཕ་ལགས་ཟི་ལིང་སྨན་ཁང་དུ་ཁྲིད་རྗེས་བཅོས་ཐབས་ཟད་དེ་ཕྱིར་ལོག་པའི་ལམ་བར་གྱི་ཁྱོད་ཀྱི་རྩོམ་ཐུང་ཞིག་བྲིས་འདུག་པ་དེས་ཁྱོད་ཀྱིས་རང་གི་ཕ་ཁོང་སྐྱོབ་ཐབས་མེད་པ་ཤེས་རྗེས་ཀྱི་གཉོམ་ཆུང་ནུས་མེད་དང་། ཅི་བྱ་བཏོལ་བྲལ། བློས་མི་ཐོངས་པ་བཅས་ཀྱི་གས་འཐོར་དུ་འགྲོ་ལ་ཉེ་བའི་ཁྱོད་ཀྱི་བསམ་བློ་དེ་ངས་ཧ་ཅང་གཏིང་ཟབ་པོས་རྟོགས་བྱུང་། ང་ལ་ཡང་སེམས་ཚོར་དེ་དང་གཅིག་པ་གཅིག་རྐྱང་བྱུང་། ཁྱོད་ཀྱི་ཐོག་ཏུ་ང་བསྣན་ན་ཡང་ནུས་པ་ནི་ད་དུང་ཀླད་ཀོར་རང་རེད། དེ་ནི་རྩིས་རིག་གི་རིགས་པའི་གཞུང་ལུགས་ལས་བརྒལ་བའི་འཕེལ་མེད་ཀྱི་གྲངས་གནས་ཤིག་རེད། རྒྱུ་མཚན་ནི། འདས་བྱས་ཆོས་ཉིད་ཀྱི་དབང་ཤུགས་བཙན་པོའི་ཁ་བར་ན་ང་གཉིས་ཀའི་ནུས་པ་དེ་ཀླད་ཀོར་གྱི་གྲངས་སུ་རང་འཇགས་གནས་ཡོད་པ་དེ་རེད།
ད་དུང་ཕ་དམ་པ་གྲོངས་ནས་དགུང་ཞག་དགེ་སྒྲུབ་ཀྱི་ལས་ཀ་བྱེད་ཕྱོགས་ཤིག་གི་ཐོག་ནས་ཁྱོད་ཀྱིས་ཁྱོད་རང་གི་ནུས་པ་དང་ཁ་སྟབས་ལ་འཁང་ར་བྱས་ནས་བློ་ཕམ་ཚད་མེད་ཀྱི་སྐད་ཤུགས་ཆེན་པོས་ངུས་པའི་སྐོར་ཞིག་ང་ལ་ན་ཉིན་ཨ་མས་བཤད་བྱུང་། དེའི་སྐོར་ངས་ཀྱང་ཤེས་ཀྱི་ཡོད། མ་ཟད། ངས་ཀྱང་རང་གི་སེམས་ཚོར་རྟོགས་པའི་ཐོག་ནས་རང་དང་འདས་པོ་གཉིས་ཆར་གྱི་བསམ་པ་རྫོགས་པའི་དགེ་ལས་འདས་རྗེས་གང་ཡོང་བྱས་པ་ཡིན། འོན་ཀྱང་ངའི་ནུས་པའང་ཚད་ཡོད་ཅིག་རེད།
ང་ལ་ད་དུང་བློ་ཕམ་ཆེན་པོ་ཞིག་ཡོད་ཡོད་པ་ནི། ལོ་སྔ་མར་ང་དང་ཨ་མ་ལགས་མཉམ་དུ་མཇལ་བའི་བསྐལ་བཟང་གི་གོ་སྐབས་དེ་ཕུ་བོ་ལགས་ཀྱི་དངོས་སུ་གཟིགས་ཐུབ་མེད་པ་དེ་རེད། སྐབས་རེར་བརྩེ་བྲལ་གྱི་གཤིན་རྗེ་ནི་ཧ་ཅང་ཕུལ་དུ་བྱུང་བའི་འཁྲབ་གཞུང་རྩོམ་པ་པོ་ཞིག་དང་ཧ་ཅང་འདྲ། མི་རྣམས་ཀྱི་དགའ་སྐྱོའི་ལོངས་སྤྱོད་ཀྱི་ཆ་ཤས་དེ་དག་ལ་བསམ་བཞིན་དུ་ཆ་མི་སྙོམ་པའི་མཚམས་ཚིགས་བཟོས་ཏེ། མི་རྣམས་ལ་མི་བཟོད་པའི་ཟུག་ངུ་སྦྱིན་པར་བྱེད།
སྐབས་དེར་ངས་བྲིས་པའི་ང་དང་ཨ་མའི་ལྷན་འཛོམས་ཞེས་པའི་རྩོམ་ཡིག་དེའི་ནང་དུ། འཇིག་རྟེན་འདིར་ང་དང་ཨ་མ་ལགས་མཉམ་འཛོམས་ཀྱི་ཉིན་མོ་མཐོང་ན་འདོད་པའི་རེ་སྒུག་ཆེས་ཟབ་པའི་ཕུ་བོ་དམ་པ་དེ་རིང་འཇིག་རྟེན་འདིར་མི་བཞུགས་ཤིང་། ཁོང་གིས་ཉིན་མོ་འདི་སྒུག་མ་ཐུབ་པར་མ་ཟད། པར་རིས་དང་རྩོམ་ཡིག དྲ་ཐོག་གི་སྐད་བཞག་བཅས་གང་ཞིག་གི་ལམ་ནས་ཀྱང་མ་བུ་མཉམ་འཛོམས་ཀྱི་ཉིན་མོ་འདིར་རོལ་མྱོང་བྱེད་ཐབས་མེད་པ་འདི་དྲན་པ་ཙམ་ན་སེམས་པ་ཧ་ཅང་སྐྱོ་ཞིང་འཁྲེང་བ་ཞིག་འདུག་སྟེ་ཅི་བྱ། ཞེས་བྲིས་ཡོད།
རྩོམ་ཡིག་དེར་དགའ་མོས་གནང་མཁན་གྱི་རྒྱ་བོད་ཀྱི་ཀློག་པ་པོ་ཁྲི་ཚོ་གཅིག་གཉིས་ཀྱི་ནང་ནས་སྐད་ཆ་དུམ་བུ་དེའི་ཐད་ཚོར་བ་ཆེས་ཟབ་ཤོས་བྱུང་ཡོད་མཁན་དེ་མ་གཞི་ཁྱོད་ཡིན་དགོས། འོན་ཀྱང་། གཅིག་བྱས་ན། མ་སེམས་བུ་ཐོག བུ་སེམས་རྡོ་ཐོག་གི་དཔེ་ལྟར་ངའི་སེམས་ཚོར་དེ་ཚོ་མིག་ལ་ཡང་ཐོགས་མེད་སྲིད།
གང་ལྟར་ངའི་ཕུ་བོ་ལགས་ནི་འཇིག་རྟེན་འདི་ན་ངེད་མ་བུ་གཉིས་ཀྱི་ལྷན་འཛོམས་ལ་རེ་སྒུག་བྱེད་མཁན་ཨང་དང་པོ་དེ་ཡིན་པ་རེད། ཁོང་ཉིད་ནད་ཀྱིས་མནར་ནས་ལུས་སེམས་ཀྱིས་ཤིན་ཏུ་ལྕོག་པར་དཀའ་བའི་ཚོད་དུ་བསླེབས་པའི་དུས་ཀྱི་ཞེ་འགྱོད་ཆེ་ཤོས་དེ་ང་དང་ཨ་མའི་ལྷན་འཛོམས་ཀྱིི་ཉིན་མོ་དེ་སྒུག་མ་ཐུབ་པ་དང་། ནུ་བོ་ངའི་གདོང་ཐེངས་མ་གཅིག་མ་མཐོང་བ་དེ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། རྒྱུ་མཚན་དེས་ངས་ཁོང་གི་ཆེད་དུ་ནམ་ཡང་ཁྱེད་མ་བུ་དག་མ་བརྗེད་པ་ཞིག་ལོས་དགོས།
ན་ཉིན་ལོ་མཇུག་ཨ་མ་ངེད་གཉིས་སླར་ཡང་རྒྱ་གར་ནས་མཉམ་དུ་གནས་བསྐོར་མཆོད་མཇལ་བྱེད་སྐབས་རྟེན་མཛུབ་མོ་ཙམ་ཞིག་མཇལ་སར་ཐོན་ནའང་ཕུ་བོའི་ཆེད་དུ་སྨོན་ལམ་བཏབ་པ་ཡིན། ཐེངས་མ་གཅིག་རྡོ་རྗེ་གདན་ནས་མཆོད་མེ་མང་པོ་ཞིག་སྦར་སྐབས་ངས་དང་པོ་ཕུ་བོའི་ཆེད་དུ་ལོགས་སུ་མཆོད་མེ་ཉོ་རྒྱུ་དམིགས་བསལ་དྲན་མ་བྱུང་། ང་ཚོ་གནས་རོགས་ཚང་མའི་ཐུན་མོང་གི་མིང་ཐོག་ནས་བརྒྱ་མཆོད་ཁ་ཤས་ཤིག་ཉོས་ནས་ཕུལ་བ་ཡིན། སྐབས་དེར་ཨ་མས་ང་ལ་ཞི་ལི་འདྲོ(འདྲ་པོ་ཞེས་པའི་བསྡུས་མིང་སྟེ་སྐབས་འདིར་ཡུལ་སྐད་དུ་རང་གི་བུ་ཕྲུག་ལ་གཅེས་མིང་ཀྱི་འབོད་སྟངས་ཤིག་ཡིན)འི་སྐལ་བ་ཞིག་བླུགས་དགོས་ཀྱི་འདུག་ཟེར། ངས་ཨ་མ་ལགས་ལ་ང་ཚོས་ཚང་མ་མཉམ་དུ་ཉོས་ཡོད་ལབ་པ་ཡིན། ངས་ཆེད་དུ་སྣང་མེད་བྱས་པ་གཏན་ནས་མིན་ན་ཡང་མཉམ་དུ་ཉོས་པ་ཡིན་སྟབས་གཅིག་པ་རེད་བསམ་པ་ཙམ་ཡིན། འོན་ཀྱང་ཨ་མས་ངའི་ཞི་ལི་འདྲོ་དེ་རིང་འདིར་ཡོང་རྒྱུའི་བསྐལ་བ་ཡོད་ནི་མ་རེད། སྙིང་རེ་མ་རྗེ། ང་གཉིས་ས་ཆ་འདི་ན་ཡོད་པའི་དོན་པོ་རེད། ཞི་ལི་འདྲོའི་སྐལ་པ་ཁ་ཁར་གཅིག་མེད་ན་ཡོང་ནི་མ་རེད་ཟེར། སྐབས་དེར་ཨ་མའི་མིག་ཀོང་ནས་མིག་ཆུ་འཐོར་བྱུང་། ངས་མིག་གི་ཨ་མའི་ཞལ་ལ་མུ་མཐུད་ལྟ་མ་ཕོད་ན་ཡང་། ཡ་ཆུང་མཆི་མས་བརྣངས་བྱུང་།
ད་དུང་ཨ་མས་ང་ལ་ཁྱེད་མ་སྨད་ཀྱི་འཚོ་བ་དང་། ཕུ་བོ་དྲན་པའི་གདུང་སེམས་སོགས་ཡང་དང་བསྐྱར་དུ་མིག་ཆུ་དང་མཉམ་དུ་གླེང་བྱུང་། དེ་ཚོ་ངས་སྡུག་བཤད་ཞར་དང་ཞོར་ལ་བྱས་པ་ཙམ་ཡིན།
ཁྱོད་རང་ལ་མཚོན་ན་དྲ་ལམ་ཉུལ་རྒྱུར་དགའ་བ་དེ་ང་དང་འདྲ་སེ་བ་ཞིག་འདུག འོན་ཀྱང་ང་གཉིས་མི་འདྲ་ས་དེ་ང་ལ་མཚོན་ན། རྩ་བའི་ཆ་ནས་སྟེང་འོག་བར་གསུམ་ལ་བསྟུན་མཁས་དང་བསམ་ཤེས་གང་ལེགས་ཤེས་མཁན་ཞིག་ཡིན། ང་ལ་ཡང་སོ་སོའི་བསམ་བློ་དང་ལངས་ཕྱོགས་མེད་པ་མ་རེད། འོན་ཀྱང་ངས་བསམ་ན་སྐབས་མང་པོ་ཞིག་ཏུ་སོ་སོའི་བསམ་བློ་དང་ལངས་ཕྱོགས་དེ་མི་གཞན་གྱི་ཁ་གཏད་དུ་ལངས་དགོས་པ་ཁོ་ན་ཞིག་མ་རེད། མ་མཐའ་ཡང་དེ་རིགས་ཉུང་དུ་བཏང་བ་ཡིན་ན་གནོད་པ་ལས་དགེ་མཚན་ཆེ་བ་ངས་ཡིད་ཆེས་བྱེད་ཀྱི་ཡོད།
ན་ནིང་ང་ལ་ཨ་མས། མི་གཞན་ཚོས་ཟེར་ན་དབང་རྒྱལ་གྱི་ཁ་ལ་འདུག་རྒྱུ་མི་འདུག་ཟེར་གྱི་འདུག ཁྱོད་ཀྱི་ཁ་ཏ་གྱིས་ལབ་བྱུང་། འོན་ཀྱང་ངས་ཁྱོད་ལ་དམིགས་བསལ་ཞེ་དྲགས་ལབ་མེད། ཉེ་ཆར་ཡང་དྲེལ་དཀར་དགོན་པའི་གྲྭ་ཚང་ནང་ཁུལ་གྱི་གླེང་ཚོམས་ཤིག་ཏུ་ཡང་། ཁྱེད་ཚོ་གྲྭ་གཞོན་ལོ་ཉུང་ཚོ་གཅིག་ལ་ཁ་ཤུགས་ལྕེ་ཤུགས་ཆེན་པོ་འདུག
ནང་དུ་མི་རྒན་པ་ཞིག་ཡོད་པ་དང་། ཡང་ན་ཁྱོད་ལྟ་བུ་ཞིག་གི་ངོས་ནས་ང་ཚོམས་དེའི་ནང་ན་ཡོད་པའི་རྒྱུ་མཚན་གྱི་སྐད་ཆ་བཤད་སྟངས་སོགས་ཅུང་གཉོམ་ཆུང་ཆུང་བྱེད་པ་ལྟ་བུ་དེ་འདྲ་རྩ་བ་ནས་མི་འདུག ང་ཚོའི་མི་ཐོག་སྔོན་མ་ཚོར་དེ་འདྲའི་འདུ་ཤེས་ཤིག་ཡོད་རེད། གཅིག་བྱས་ན་དེ་ཚོ་བྲན་གཤིས་ཡིན་པར་མཐོང་ནས་ཁྱེད་རྣམ་པ་ཚོས་དོར་ཟིན་པ་ཡིན་སྲིད། ང་ད་ལྟ་ཡོད་ས་དེ་ཨོ་གླིང་རེད། ས་ཆ་འདིའི་ཕྲུ་གུ་དག་ལ་ཡང་དབང་ཆ་ཧ་ཅང་ཆེན་པོ་རེད། ཕ་མས་དྲག་ཤུགས་སྤྱད་ནས་སློབ་གསོ་སྤེལ་བ་སོགས་ཁྲིམས་ཁོ་རང་གིས་སྟངས་འཛིན་ཤུགས་ཆེན་པོ་རེད། ཕྲུ་གུ་ཚོས་ཀྱང་ཕ་མས་འཁྲེག་ཙམ་བྱས་ན་ཉེན་རྟོག་པར་ཁ་པར་གཏོང་སྲིད་པ་རེད། འོན་ཀྱང་། ཁོང་ཚོར་ཁྲིམས་ཀྱི་འདུ་ཤེས་དང་། མང་གཙོའི་གོ་རྟོགས། སློབ་གསོའི་ཐབས་ལམ། ཤེས་ཡོན་གྱི་ཆུ་ཚད་སོགས་ཚད་ལྡན་རེད། ཁོང་ཚོ་ཆ་སྙོམ་པོ་ཡོད་རེད། ཁྱེད་ཚོ་ལ་ཡོད་རྒྱུ་གང་ཡིན་དང་མེད་རྒྱུ་གང་ཡིན་ང་ལ་གང་ཡང་བཤད་རྒྱུ་མེད། འོན་ཀྱང་འདིའི་ཕྱོགས་ལ་ཁྱོན་ཡོངས་ནས་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེ།
མི་ཚུལ་ཀུན་སྤྱོད་ཀྱི་སྤུས་ཀ་ཞན་པའི་ཕྱུག་པོ་ཚོར་དེང་སང་མི་ཚོས་འཕྱ་ལད་རྒྱག་སྟངས་གསར་པ་ཞིག་ཡོད་རེད། དེ་ནི། ཁོ་ནི་སྒོར་མོ་ཙམ་ལྷག་མར་ལུས་པ་སྟེ། སྒོར་མོ་ལས་གང་ཡང་མེད་པའི་མི་ཟེར་བ་དེ་རེད་ཟེར་གྱི་ཡོད། དེ་བཞིན་དུས་རྒྱུན་འགན་འཁྲི་དང་ཁྲིམས་ལུགས་ཀུན་སྤྱོད་ཀྱི་འདུ་ཤེས་བཅས་མེད་པའི་མང་གཙོའམ་རང་དབང་གི་སྨྲ་བ་པོ་དེ་དག་ལ་ངས་རང་དབང་ཙམ་ལྷག་མར་ལུས་པམ། རང་དབང་ལས་གང་ཡང་མེད་པའི་མི་ཞེས་བརྗོད་ན་འོས་པར་སྙམ་གྱི་ཡོད། གལ་ཏེ་དུས་རྒྱུན་རྩོམ་ཡིག་འབྲི་བ་སོགས་ཀྱི་སྐབས་སུ་ཡང་སྤྱི་ཚོགས་ཀྱིས་སེམས་ཁ་མ་གང་བའི་འཁང་ར་ལས་མང་ཙམ་ཞིག་རང་ངོས་ཀྱི་ཞན་ཆ་ལ་དོ་སྣང་མང་བ་དགོས།
ང་ཚོས་ཅི་ཞིག་དོན་དུ་གཉེར་བའི་རེ་དོགས་ཀྱིས་མི་ཚེ་ཧྲིལ་པོ་འཛད་ཀྱིན་ཡོད་ན་ཡང་། གང་ཞིག་མ་ཐོབ་པའི་ཕོངས་པ་ཤུགས་ཆེན་པོ་འདི་ཡང་མཐར་གཏུགས་ན་རང་སྟེང་གི་ཆ་རྐྱེན་ཞིག་མ་ཚང་བས་ཡིན་པ་འདིའི་ཐད་ང་ལ་ཐེ་ཚོམ་གང་ཡང་མེད།
ཁྱོད་ཀྱིས་ཀྱང་ད་ནས་ཁ་གཏད་ས་གཙོ་བོ་དེ་སོ་སོ་ལ་གྱིས་ཤོག
ད་སྐད་ཆ་མང་པོ་བཤད་ན་མདོ་མདུད་པ་དང་འགག་འཆར་རུ་མེད་པ་ཞིག་ཆགས་ཀྱི་རེད། ཁྱོད་ཀྱི་རྩོམ་ཡིག་དེ་ཚོར་ཡང་གཞོན་སྐྱེས་གསར་བུའི་ཁྲོད་ཀྱི་ལེགས་ཆ་མེད་པ་མ་རེད་ལ། མ་མཐའ་ཡང་ཁ་ཤས་ཀྱིས་རྫ་པདྨ་དབང་རྒྱལ་གྱི་རྩོམ་རེད་ཅེས་དགའ་མོས་བྱེད་བཞིན་པའང་མཐོང་སོང་། ཀུན་སློང་ཡང་སྡུག་པོ་རང་མི་འདུག
འོན་ཀྱང་། གང་བྲིས་པ་དེ་ཡང་བསྟོད་པ་མིན་ན་སྨད་པ་དང་། ཡང་ན་སྤྱི་ཚོགས་ཀྱི་གནད་དོན་ཐར་ཐོར་གསལ་བཏོན་བྱས་པ་ཙམ་ལས་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ་དང་། བསམ་བློའི་ཉིང་བཅུད་སྨིན་པ། ཞིབ་འཇུག་གི་མ་ལག་ཚང་བ་བཅས་ཀྱི་བསམ་བློའི་དཔྱད་འབྲས་ལྗིད་ཁོག་ཡོད་པ་དེ་འདྲ་གང་ཡང་མཐོང་མ་བྱུང་། ཁུ་བོ་ངས་རང་གིས་ཀྱང་མི་འཇོན་པ་ཞིག་ཁྱོད་ལ་དགོས་ལབ་ན་མཛོ་མོ་ཤིང་སྣ་མའི་དཔེ་རུ་འགྱུར་སྲིད་ན་ཡང་། གང་ལྟར་ཐོས་པ་དང་བསམ་བློའི་ཡོན་ཏན་ལ་ཆོག་ཤེས་མེད་པ་ཞིག་གལ་ཆེ།
དེ་རིང་ངས་དྲ་ཐོག་ནས་རྒྱལ་ཁབ་ཅིག་གིས་མཐོ་འབྲིང་གི་ཤེས་ཡོན་ལག་ཁྱེར་ཙམ་ལས་མེད་པའི་མི་ཞིག་རྒྱལ་ཁབ་ཀྱི་ཆེས་མཐོའི་རྒྱལ་དོན་ཁང་གི་གནད་ཡོད་ཉམས་ཞིབ་པ་ཞིག་ལ་བསྐོས་པའི་གསར་འགྱུར་ཞིག་མཐོང་བྱུང་། གསར་འགྱུར་དེ་དང་འབྲེལ་ནས་མི་ཚོས། ཤེས་ཡོན་ཤེས་ཡོན་ཡོད་ན་ཤེས་ཡོན་ཡིན་པའི་ངེས་པ་མེད་ལ། ཤེས་རབ་ནི་ཤེས་ཡོན་དངོས་དེ་རེད་ཅེས་ལབ་འདུག དེ་ཧ་ཅང་བདེན་པ་རེད། རང་གིས་ཀྱང་འབྲུ་ནག་ཐུར་འདེད་ཀྱིས་སློབ་སྦྱོང་དེ་ཚོར་གཏིང་ནས་འདྲེས་པ་ཞིག་དགོས་པ་ཨ་ཅང་ཅང་སྟེ། རང་ཉིད་ཀྱི་བསམ་བློས་གང་ཤེེས་པའི་གནས་ལུགས་དེ་དག་ཚེ་སྲོག་དང་མི་ཚེ་འཚོ་བ་བཅས་དང་མཉམ་དུ་བསྲེས་ནས་ལས་སྣོན་བྱེད་སྟངས་གསར་པ་རེར་ཅིས་ཀྱང་དོ་སྣང་གྱིས།
ཁྱེད་རང་མི་གཤིས་ཀྱི་ཆ་ནས་ཅུང་གཅུས་བོ་དང་མདོ་མེད་འདྲ་ཞིག་ཡིན་པ་འདྲ། ལོ་བཅུ་གྲངས་སྔོན་གྱི་སྣབས་ལུག་རོ་འདྲ་དྲུད་ནས་ཟོག་རྫིར་འགྲོ་ཐུབ་ཙམ་གྱི་ཁྱོད་རང་ལས་དེ་རིང་གི་ཁྱོད་དང་དེ་རིང་གི་ང་གཉིས་ཀྱི་ཉིན་རེའི་འཚོ་བའི་ཐད་གཏིང་ཟབ་པོའི་གོ་བ་ལེན་རྒྱུ་ནི་བསྐལ་དོན་གྱི་གནས་ཚུལ་ཞིག་རེད།
མཇུག་ཏུ། སྐྱེས་སྐར་ཞིག་ལ་འཚམས་པའི་སྤྲོ་བ་འཕེལ་བའི་གཏམ་གླེང་དང་། སྙན་ཞིང་འཇེབས་པའི་ཤིས་ཚིག་ཅིག་འཁྱོངས་མ་སོང་བ་དེར་བསམ་ཚུལ་མེད་པའི་རེ་བ་ཡོད།
དེ་བཞིན་ཀློག་པོ་ཚོས་ཀྱང་ང་གསེར་སྐུ་དང་ཁྲིམས་རྩོད་པ་ལྟ་བུ་ཞིག་ཏུ་བལྟས་ན་ངའི་རྩོམ་ཡིག་དེ་ཚོར་ཆོས་དང་རིག་གཞུང་ཁྲིམས་དང་སྒྲིག་ལམ་གྱི་མགྲིན་ཚབ་པ་ལྟ་བུ་ཞིག་ཏུ་གོ་བ་མ་ལེན་རོགས། ངའི་འདིར་བཤད་པའི་སྐད་ཆ་དེ་ཚོ་ནི་དཀྱུས་མའི་དགའ་སྐྱོ་དང་རེ་དོགས་ཀྱི་ཚོར་སྣང་སྤྱིར་བཏང་བ་ཁོ་ན་ཙམ་ཡིན།
རྫ་ཚེ་རིང་བཀྲ་ཤིས་ཀྱིས།
རྫ་ཚེ་བཀྲ་ལགས། ཤེས་རིག་ལས་ཁུངས་ཀྱིས་བྱང་ཨ་རིའི་སློབ་དེབ་ཟེར་བའི་ཡིག་ནོར་ཅན་ཞིག་བཟོས་སྐབས་ཁྱོད་རང་གིས་དགག་པ་ཚ་པོ་ཚ་པོ་བརྒྱབས་སོང་། སྨོན་ལམ་བོད་ཡིག་ཟེར་བའི་ཚིག་མཛོད་ཡིག་ནོར་ཅན་ཞིག་བསྒྲིགས་དུས་ཁྱོད་ཁ་བཙུམ་ནས་བསྡད་ཀྱི་ཡིན་ནམ།
རྣོ་ངར་ལྡན་པའི་བདག་འཛིན་ཅན་གྱི་ཨ་ཁུ་སྨོན་ལམ་ལགས་ཀྱིས་ངོས་བྱས་ནས་སྨོན་ལམ་བོད་ཡིག་འབོད་ཞོར་་བོད་ཡིག་བདག་པོ་ཁོ་རང་མིན་ནམ་བསམས་བསམས་འདྲ་ཞིག་བྱས་བསྡད་པ་དང་། གྲྭ་བ་བླ་མ་ཁྱོད་ཚོ་ལ་རྒྱུ་འབྲས་ཟེར་བ་དང་དྲང་བདེན་ཟེར་བ་ཏོག་ཙམ་ཡོད་ན་ནོར་འཁྲུལ་སུ་ཡིས་བཟོས་ནའང་འདྲ་མཉམ་གྱི་ཐོག་ནས་དགག་པ་བརྒྱབ་དགོས་པ་མ་རེད་དམ།
ཁྱོད་རང་ཚོའི་བཟོས་པའི་ཡིག་ནོར་ཅན་གྱི་ཚིག་མཛོད་དེ་གསེར་དང་། གཞན་དག་ཚོའི་བཟོས་པའི་ཡིན་ནོར་ཅན་གྱི་སློབ་དེབ་དེ་སྐྱག་པ་རེད་དམ།་་་་་ཧཧཧ
མདང་། ཁར་རྩང་། ཁ་སང་། ཁ་ནུབ། བོད་སྐད་ལ་ཡིད་བརྟན་མེད་པས། ཤེས་དཀའ་བར་གྱུར་པ་རེད་དོ།།