ཚ་བོར་འཚམས་འདྲིར་སོང་བ། དཀོན་མཆོག་ཚེ་རིང་། Posted on 2013-01-292013-01-29 By ཁ་བརྡ་ No Comments on ཚ་བོར་འཚམས་འདྲིར་སོང་བ། དཀོན་མཆོག་ཚེ་རིང་། སློབ་གྲྭའི་གུང་གསེང་དང་སྟབས་བསྟུན་ཏེ་ཕུ་བོས་བསྐུར་བའི་འཚོ་བའི་ཁ་སྣོན་གྱི་སྒོར་མོ་དག་ཁྱེར་ནས་ཚ་བོར་ལྟ་རུ་ཟླ་འདིའི་ཚེས་དགུའི་དགུང་མོ་ལམ་ལ་ཆས་པ་ཡིན། རླངས་འཁོར་དུ་མི་གང་མི་འདུག་ལ་ལྷག་པར་དུ་བོད་མི་རེ་གཉིས་ལས་མི་འདུག བོད་མི་དེ་ཚོའི་ཁྲོད་དུ་གསོག་སྒར་སློབ་གྲྭའི་དགེ་རྒན་ག་གེ་མོའི་བུ་ཆེ་བ་ཁོའི་སྲུ་མོར་འགྲོགས་ཏེ་གུང་གསེང་གཏོང་གི་ལྡེ་ར་ལྡུནལ་འགྲོ་ཡི་འདུག མཚན་གུང་ཞིག་ལ་མདུན་ཐད་ཀྱི་བོད་མི་ཞིག་གིས་བྱིས་པ་དེ་ལ་ཁྱོས་ཞེ་ཚིག་ཡག་པོ་ཤེས་ཀྱིན་འདུག སེ་ཀུར(cycle)རྐང་འཁོར་གྱི་ཞེ་ཚིག་ཅི་རེད་ཅེས་དྲིས་མ་ཐག་བྱིས་པ་དེས་མི་ཤེས་ཟེར་མོད་གཡས་ཕྱོགས་ཀྱི་ཁོའི་སྲུ་མོས་རྐང་འཁོར་རེད་ཅེས་རྣ་རྩར་སྐད་དམའ་མོས་བཤད་པས་ཁོས་ཀྱང་དེ་ལུགས་ཀྱིས་བསྐྱར་ཟློས་བྱས་སོང་། དེ་ནས་ངས་ཀྱང་ཀུ་རེའི་ཚུལ་གྱིས་འོ་ན་བྷ་སི(bus)ཡི་ཞེ་ཚིག་ཅི་རེད་དྲིས་དུས་བྱིས་པ་དེས་གད་མོ་དགོད་ཞོར་སྤྱི་སྤྱོད་རླངས་འཁོར་རེད་ཟེར།དེ་སྔོན་(cycle)རྐང་འཁོར་འདྲི་མཁན་གྱི་སྐྱེས་པ་དེས་ལྟ་སྟངས་ལས་སྤྱི་སྤྱོད་རླངས་འཁོར་ངག་ཏུ་བདེ་ཡི་མེད་པའི་ཚོར་བ་དང་ལྷན་དུ་ངའི་སེམས་སུ་གཞིས་ཆགས་ཀྱི་བྱིས་པ་ཚོས་བོད་སྐད་ཟེར་བ་དེ་ཞེ་ཚིག་དང་དེ་མ་ཤེས་ཀྱང་ཞེ་ཚིག་མ་ཤེས་པའི་སྣང་བ་ལས་མེད་པ་ཨེ་ཡིན་ན་བསམ་ཞོར་རྨི་ལམ་གྱི་ཞིང་ཁམས་སུ་བཞུད་འགོ་བརྩམས་འདུག ཚེས་བཅུའི་ཞོགས་པའི་དུས་ཚོད་བཅུ་བའི་གཡས་གཡོན་དུ་ལྡེ་ར་ལྡུན་གྱི་རླངས་འཁོར་འབབ་ཚུགས་སུ་འབྱོར་སོང་། དེ་ནས་རེལ་བ་ལར་(Realwala)འགྲོ་བའི་སྤྱི་སྤྱོད་རླངས་འཁོར་གཞིས་ཆགས་ཀྱི་བགྲེས་སོང་ཞིག་གིས་བསྟན་སོང་ལ་དེའི་དངུལ་བསྡུ་མཁན་ལ་ས་ཆ་གང་ནས་འབབ་དགོས་མིན་དང་དེ་དུས་ང་ལ་བཤད་དགོས་པ་སོགས་ནན་གྱིས་བཤད་དེ་བུད་སོང་། དུས་ཚོད་གཅིག་ལྷག་ལ་སོང་རྗེས་དངུལ་བསྡུ་མཁན་དེས་བོབས་ཟེར། ས་ལ་བབས་མ་ཐག་འཁོར་གསུམ་འདུག་འཁོར་དག་གིས་གང་ལ་འགྲོ་རྒྱུ་ཡིན་མིན་དང་གླ་ཆ་ཁེ་བོ་ཡིན་ལུགས་སོགས་བཤད་དེ་རུབ་ཡོང་གིན་འདུག ངས་ཀྱང་རང་ཉིད་འགྲོ་སའི་ཚ་བོའི་སློབ་གྲྭ་དེའི་མིང་བཤད་པ་དང་ཧིན་སྒོར་བརྒྱ་ལས་སྦྱིན་མི་ཐུབ་ལུགས་བཤད་དེ་འཁོར་གསུམ་ཞིག་ལ་བསྡད་ནས་གྲོང་གསེང་ནས་གྲོང་གསེབ་བརྒྱུད་དེ་དུས་ཚོད་ཕྱེད་ཀ་མ་ཟིན་ཙམ་ལ་སོང་རྗེས་གཟོད་ནས་ཚ་བོའི་སློབ་གྲྭ་དེར་འབྱོར་བྱུང་། དེ་ནས་ཁ་ལོ་བར་ཕྱིར་ཡང་འགྲོ་རྒྱུ་ཡིན་པས་ཁྱོན་བསྡོམས་ག་ཚོད་ཅིག་དགོས་མིན་དྲིས་དུས་རྡོ་སོ་(ཉིས་བརྒྱ)་དགོས་ཟེར། ངས་བསམ་བློ་བཏང་ན་ཚ་བོ་དང་ཐུག་ན་དུས་ཚོད་ཉུང་རུང་གཅིག་ཙམ་དགོས་པས་ཁོའི་འདོད་པ་བཞིན་ཉིས་བརྒྱ་སྟེར་རྒྱུ་དང་ང་ལ་དུས་ཚོད་གཅིག་ཙམ་ལ་སྒུག་རྒྱུ་བྱས། སློབ་གྲྭའི་ར་སྐོར་ཡངས་ཤིང་སློབ་མའི་སྡོད་ཁང་དང་འཛིན་ཁང་དག་རྡ་སའི་གཡས་གཡོན་གྱི་སློབ་གྲྭ་དག་དང་བསྡུར་ཐབས་ཡེ་ནས་མི་འདུག དེང་སྐབས་དགུན་དུས་ཡིན་རུང་ཚ་སྨུག་འདྲ་བའི་སྨུག་པ་ཞིག་གིས་བཏུམས་འདུག་པས་ཀྱང་དབྱར་དུས་ཚ་བ་ཆེ་བ་ཚོད་དཔག་བྱེད་ཐུབ་ཀྱིན་འདུག ཚ་བོའི་འདྲ་པར་སོར་དོ་ཅན་ཞིག་ཡོད་པ་དེ་སྡོད་ཁང་དུ་ཞིག་གི་ནང་དུ་སོང་ནས་བསྟན་དུས་སློབ་ཕྲུག་མ་ཞིག་གིས་ཁོ་ཁྱིམ་ཚང་བཅུ་བ་རེད་ཟེར། དེ་ནས་ཁྱིམ་ཚང་བཅུ་བའི་ཕྱོགས་སུ་སོང་ངའི་ཚ་བོ་སྒོའི་ཕྱིར་བུད་པ་དང་གདོང་ཐུག་བརྒྱབ་སོང་ལ་དགའ་སྣང་གིས་འཛུམ་ལྷུག་ལྷུག་ངའི་ཕྱོགས་སུ་ཡོང་ནས་ཁྱོད་ལ་ང་འདིར་ཡོད་པ་སུས་བཤད་སོང་ཟེར་རྒྱབ་ཀྱི་ཁུག་མ་ཁོས་འཁྱེར་ཞོར་ཁོའི་སྡོད་ཁང་དུ་སོང་བ་ཡིན། ཉལ་ཁང་དུ་ཐོག་བརྩེགས་མིན་པའི་ཉལ་ཁྲི་བརྒྱད་འདུག་ལ་གསང་སྤྱོད་དང་ཁྲུས་ཁང་ཡང་ནང་དུ་ཡོད་ལུགས་ལ་བལྟས་ན་དགུང་མོ་ནང་དུ་བཅུག་སྟེ་སྒོ་ལྕགས་རྒྱག་གི་ཡོད་པ་འདྲ། ཁོ་ཉོས་པའི་གོན་ཆས་དག་སྤྲད་དུས་གཟོད་ནས་ན་ནིང་ལས་ད་ལོ་གཟུགས་སྐྱེས་འདུག་པ་དང་ན་ནིང་ལས་ད་ལོ་སྐད་ཆ་བཤད་སྟངས་ཀྱང་ཡར་རྒྱས་སུ་སོང་འདུག་པའི་ཚོར་སྣང་བྱུང་སོང་། གློ་བུར་དུ་ཚ་བོས་འཛིན་གྲྭ་འཚོགས་གྲབས་ཡོད་ཟེར་ནས་ཁོ་འགྲོོ་རན་སོང་ཟེར། ངས་དགོངས་པ་ཞུ་ན་སུ་ལ་ཞུ་དགོས་མིན་སྐད་ཆ་དྲིས་པ་ཡིན། ཁོས་ང་དང་ལྷན་དུ་སོང་ནས་སློབ་སྤྱི་མར་ཕྱི་དྲོའི་ཚོགས་ཐུན་གཅིག་པོར་དགོངས་འཁྲོལ་ཞུས་ཏེ་ཚ་བོས་ནང་མི་ཚོར་ཁ་བརྡ་བྱས་སོང་། སློབ་གྲྭའི་ར་སྐོར་ནོར་གླིང་གི་ར་སྐོར་འདྲ་བའི་ཁ་ཤས་ཤིག་འདུག་མོད། ཡིན་ནའང་ནང་དུ་ཇ་ཁང་ཐེབས་ཆག་ཅིག་གི་ལྷན་དུ་ཚོང་ཁང་སྡུག་ཐུག་ཅིག་ལས་མི་འདུག བོད་དུ་ཁ པར་གཏོང་དགོས་ཚེ་ཚོང་བདག་གི་ལག་འཁྱེར་ཁ་པར་ལས་མ་གཏོགས་གཏོང་ས་མི་འདུག ཁ་པར་བཏང་རྗེས་ཁོའི་ཁ་པར་གྱི་བྱང་བུ་ལས་དངུལ་ག་ཚོད་ཅིག་སོང་ཡོད་མེད་ལ་བལྟས་ཏེ་དངུལ་རྩིས་དགོས་ཀྱིན(སྐར་མ་རེེར་ཧིན་སྒོར་ལྔ་དྲུག་ཅིག་ཡིན་པ་འདྲ)འདུག་པ་དང་དེའི་སྟེང་ལ་ཧིན་སྒོར་བཅུ་ཁོའི་ཁ་པར་གཡར་གླར་སྤྲོད་དགོས་པ་རེད། ངས་ཚ་བོའི་ཁྱིམ་ཚང་གི་ཨ་མར་ལེགས་སྐྱེས་ཅི་ཡང་གྲ་སྒྲིག་བྱས་མེད་པས་ཚ་བོར་ཅི་ཞིག་ཉོས་ན་འཚམས་མིན་དྲིས་དུས་ཁྱོས་ཉོས་ཀྱང་མོས་ལེན་ཆོག་གི་མ་རེད་ཟེར། དེ་ནས་ཉལ་ཁང་གཅིག་པ་ཚོར་མཁོ་བ་ཅི་ཡིན་དྲིས་དུས་ཁོས་རང་གི་འདོད་པ་བྱོས་ཟེར། ངས་བཏུང་བྱའི་རིགས་འགའ་ཉོ་རྩིས་ཀྱིས་ཁ་ཤས་ཤིག་ཚུར་བླངས་མོད། དོན་དམ་གྱིས་བཏུང་བྱའི་རིགས་ཀྱི་འཇོག་ཆོག་པའི་ཡུན་ཚད་མང་ཤོས་ཤིག་ཟླ་གསུམ་ཡིན་ནའང་སློབ་གྲྭ་དེའི་བཏུང་བྱའི་ཆུ་རིགས་ཚང་མར་ཟླ་ལྔ་དྲུག་འགོར་མེད་པ་གཅིག་ཀྱང་མི་འདུག དེ་ནས་སི་པན་དང་ཇེམ(jam)ཤིང་འབྲས་ལྡེ་གུ་རེ་འགའ་དང་ལྷན་དུ་ཞོག་ཁོག་བསྲེག་མ་འགའ་ཉོས་ཏེ་ཁོ་ལ་སྦྱིན་ཏེ་མཉམ་དུ་འདྲ་པར་འགའ་ལེན་གྱིན་ཡོད་དུས། རྐང་གསུམ་ཁ་ལོ་བ་སློབ་གྲྭའི་སྒོ་ཆེན་ནས་ངའི་ཕྱོགས་སུ་ཡོང་བཞིན་འདུག་པས་ངས་ཀྱང་གཞི་ནས་རང་ཉིད་ཚ་བོའི་ལྷན་དུ་འདུག་ཡུན་རིང་དྲགས་པ་ཤེས་ནས་དེ་མུར་ལག་ཏུ་ཧིན་སྒོར་ཉིས་སྟོང་འཇོག་ཞོར་རྗེས་ཕྱོགས་མཁོ་ནི་རེ་ཡོད་ཚེ་ང་ལ་ཁ་པར་ཐོངས་ཟེར་ཚ་བོར་གྱེས་བརྡ་བཏང་ནས་ཁ་ལོར་སིལ་ཁུ་ཞིག་སྦྱིན་ཏེ་ཁ་ཡག་བཤད་ཁུལ་བྱས་མོད་ཁོས་ཅི་ཡང་གོ་ཡི་མེད་པ་འདྲ། དེ་ནས་ཕྱིར་ལྡེ་ར་ལྡུན་ལ་ཡོང་ནས་དེའི་ཉེ་འཁོར་དུ་གཞིས་ཆགས་ཤིག་སྟེ་ཁོར་ཡུག་སོགས་ལྟ་ན་སྡུག་པ་ཞིག་ཡོད་རབས་ཟེར་དེར་འགྲོ་དགོས་བསམ་ནས་བོད་མོ་ཞིག་ལ་ལྡེ་ར་ལྡུན་གྱི་ཉེ་འཁོར་དུ་གཞིས་ཆགས་ཤིག་ཡོད་པ་དེའི་མིང་ལ་ཅི་ཟེར་མིན་དྲིས་དུས “བདེ་སྐྱིད་གླིང”རེད་ཟེར། མིང་དོན་མཚུངས་པ་ཞིག་ཡིན་ས་རེད་འདོད་ཞོར་སྤྱི་སྤྱོད་རླངས་འཁོར་ལ་སྒུག་མོད་ཡིན་ནའང་ཉི་མ་དེ་ཉིན་སྤྱི་སྤྱོད་རླངས་ཡོད་པ་མ་རེད་ཟེར། དེར་བརྟེན་རྐང་གསུམ་ཞིག་ལ་ཧིན་སྒོར་བརྒྱ་དང་ལྔ་བཅུ་སྦྱིན་ཏེ་བདེ་སྐྱིད་གླིང་གི་སྒོ་ཆེན་འགྲམ་དུ་བཞག་རྗེས་ཁྱོད་འགྲོ་ས་འདི་རེད་ཟེར། ཡིད་སྐྱོ་བ་ཞིག་ལ་ང་འགྲོ་སའི་གཞིས་ཆགས་དེ་འདི་རེད་མི་འདུག ཅུང་མིན་ན་དགོང་མོ་མགྲོན་ཁང་དུ་འདུག་སའང་རྙེད་མ་སོང་། དགོན་པ་ཞིག་གི་མགྲོན་ཁང་དུ་དགོང་མ་གཅིག་ལ་ཧིན་སྒོར་སུམ་བརྒྱ་སྦྱིན་ཏེ་བསྡད་པ་ཡིན་ལ་མགྲོན་ཁང་ནང་གི་གད་སྙིགས་དག་ངའི་སྔོན་ལ་འདུག་མཁན་དེས་ཡིན་པ་འདྲ་སྟེ་གད་སྙིགས་བླུགས་སྣོད་དུ་བརྫངས་ནས་བཞག་འདུག བདེ་སྐྱིད་གླིང་གི་གཞིས་ཆགས་ཁུ་སིམ་སིམ་འདུག་ལ་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་གཉིས་ཀྱིས་མཉམ་སྤྱོད་ཀྱི་ཁང་བརྩེགས་དེ་རུ་མགྲོན་ཁང་ཡོད་རབས་འདུག་མོད། དགོང་མོ་དེ་ལ་ཁང་བརྩེགས་དེའང་ཁང་སྟོང་ཞིག་དང་འདྲ་པར་ལྷིང་འཇགས་ཀྱིས་གཉིད་འདུག ཡིན་ནའང་སྒོ་ཆེན་ནས་ཡར་འཛུལ་མ་ཐག་ལྕགས་ཀྱི་སྦྱར་སྟན་ཞིག་ཏུ་“རྒྱ་ནག་གི་ཅ་དངོས་ཉོ་འཚོང་སྤོངས”ཞེས་པ་དེས་ཁོ་ཚོ་བདེ་ཞིང་སྐྱིད་པ་ཞིག་གཉིད་དུ་འཇུག་གི་མེད་པ་འདྲའོ། ༢༠༡༣ ༡ ༢༣ ལ་རྡ་སར། རྩོམ་རིག